11406

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྟུང་བྱེད་ཀྱི་ཆོས་དགུ་བཅུ།
Tibetan Alternate
Tibetan Definition དེ་ཡང་། སོ་སོར་ཐར་པའི་མདོ་ལས་བྱུང་བ་སྟེ།

ལྟུང་བྱེད་འབའ་ཞིག་པའི་སྤྱིའི་སྡོམ་ནི། ཤེས་བཞིན་དང་ནི་ས་བོན་དང་། ། མ་བསྐོས་པ་དང་ཡང་དང་ཡང་། ། ཆུ་དང་ཁྱིམ་དང་བསམ་བཞིན་དང་། ། མགྲོན་མང་རྐུན་མ་མཆོད་སྟོན་ནོ། ། བཅུ་ཚན་དང་པོའི་སྡོམ་ནི། རྫུན་སྐྱོན་དགེ་སློང་ཕྲ་མ་དང་། ། སྐྱོ་ངོགས་བྱེད་དང་སྟོན་པ་དང་། ། འདོན་དང་གནས་ངན་ལེན་དང་ཆོས། ། བཤེས་ངོར་བྱེད་དང་ཁྱད་དུ་གསོད། ། བཅུ་ཚན་གཉིས་པ་ནི། ས་བོན་འཕྱ་བ་བསྒོ་བ་དང་། ། ཁྲི་དང་གདིང་དང་བསྐྲོད་པ་དང་། ། ཕྱིས་གནོན་འབྱུང་བ་འདེབས་པ་དང་། ། རིམ་པ་གཉིས་སུ་བརྩིགས་པའོ། ། བཅུ་ཚན་གསུམ་པ་ནི། མ་བསྐོས་ཉི་མ་ནུབ་པ་དང་། ། ཟས་དང་ཆོས་གོས་གཉིས་དག་དང་། ། དོན་མཐུན་གྲུ་དང་དབེན་པ་གཉིས། ། དགེ་སློང་མ་ཡི་སྦྱོར་བཅུག་པའོ། ། བཅུ་ཚན་བཞི་པ་ནི། ཡང་ཡང་ཟ་དང་འདུག་གནས་གཅིག ། ཕྱེ་དང་བཅའ་དང་སྟོབས་པ་དང་། ། འདུས་དང་དུས་མིན་གསོག་འཇོག་དང་། ། ཁ་ནས་མིད་དང་བསོད་པ་ཉིད། ། བཅུ་ཚན་ལྔ་པ་ནི། སྲོག་ཆགས་བཅས་དང་ཉལ་སར་འདུག འགྲེང་དང་གཅེར་བུ་དམག་དང་ནི། ། ཞག་གཉིས་བཤམས་དཀྲུག་འགྲོ་བ་དང་། ། བརྡེག་དང་ཟས་དང་གནས་ངན་ལེན། ། བཅུ་ཚན་དྲུག་པ་ནི། བདེ་དང་མེ་དང་འདུན་པ་དང་། ། བསྙེན་པར་མ་རྫོགས་ཆོས་དང་སྨྲ། ། དགེ་ཚུལ་ཁ་དོག་བསྒྱུར་བ་དང་། ། རིན་པོ་ཆེ་དང་ཚ་བའི་དུས། ། བཅུ་ཚན་བདུན་པ་ནི། དུད་འགྲོ་འགྱོད་པ་སོར་མོ་དང་། ། རྩེ་དང་ལྷན་ཅིག་དངངས་བྱེད་དང་། ། སྦེད་དང་གདེངས་མེད་གཞི་མེད་དང་། ། སྐྱེས་པ་མེད་པར་ལམ་འགྲོ་བའོ། ། བཅུ་ཚན་བརྒྱད་པ་ནི། རྐུ་དང་ཉི་ཤུ་མ་ལོན་དང་། ། རྐོ་དང་མགྲོན་དང་བསླབ་པ་དང་། ། ཉན་རྣ་མི་སྨྲ་འགྲོ་བ་དང་། ། མ་གུས་ཆང་འཐུང་དུས་མིན་པའོ། ། བཅུ་ཚན་དགུ་པ་ནི། ཟས་བཅས་སྐྱ་རེངས་ད་གདོད་དང་། ། ཁབ་རལ་དང་ནི་ཁྲི་རྐང་དང་། ། བདལ་དང་གདིང་དང་གཡན་པ་དང་། ། རས་ཆེན་བདེ་གཤེགས་ཆོས་གོས་སོ། ། ཞེས་སོ། ། དེ་དག་ལས། 1.རྫུན་སྨྲ་བའི་ལྟུང་བྱེད་ནི། ཤེས་བཞིན་དུ་རྫུན་སྨྲ་ན་ལྟུང་བྱེད་དོ། ། 2.སྐྱོན་བརྗོད་པའི་ལྟུང་བྱེད་ནི། མིའི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དོ། ། 3.ཕྲ་མ་བྱེད་པའི་ལྟུང་བྱེད་ནི། དགེ་སློང་ལ་ཕྲ་མ་བྱེད་ན་ལྟུང་བྱེད་དོ། ། 4.སྐྱོ་ངོགས་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། ། 5.བུད་མེད་ལ་ཆོས་སྟོན་པའི་ལྟུང་བྱེད་ནི། དགེ་སློང་གང་བུད་མེད་ཀྱི་ཡུལ་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་ན་རིག་པའི་སྐྱེས་པ་མ་གཏོགས་ཏེ་ལྟུང་བྱེད་དོ། ། 6.བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་འདོན་པའི་ལྟུང་བྱེད་ནི། དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ཚིག་གིས་ཆོས་འདོན་ན་ལྟུང་བྱེད་དོ། ། 7.གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ནི། དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ། ། 8.མི་ཆོས་བླ་མ་བདེན་པར་སྨྲ་བའི་ལྟུང་བྱེད་ནི། དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པ་སྨྲ་ན་ལྟུང་བྱེད་དོ། ། 9.བཤེས་ངོར་བྱེད་ཅེས་སྐུར་པ་འདེབས་པའི་ལྟུང་བྱེད་ནི། དགེ་སློང་གང་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ། ། 10.ཁྱད་དུ་གསོད་པའི་ལྟུང་བྱེད་ནི། དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན། འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཏོན་པ་དག་གིས་ཅི་ཞིག་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ། ། 11.ས་བོན་སྐྱེ་བ་དང་འཇིག་པའི་ལྟུང་བྱེད་ནི། ས་བོན་གྱི་ཚོགས་དང་འབྱུང་པོའི་གནས་འཇིག་གམ་འཇིག་ཏུ་འཇུག་ན་ལྟུང་བྱེད་དོ། ། 12.འཕྱ་བའི་ལྟུང་བྱེད་ནི། འཕྱ་བའམ་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ། ། 13.བསྒོ་བ་རྣར་གཟན་པའི་ལྟུང་བྱེད་ནི། བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ། ། 14.གནས་མལ་ལས་གྱུར་པའི་ལྟུང་བྱེད་ནི། དགེ་སློང་གང་དགེ་འདུན་གྱི་ཁྲིའམ། ཁྲིའུམ། སྟན་ནང་འཚང་ཅན་ནམ། ལོ་བའམ། སྔས་སམ། གོར་བུ་བླ་གབ་མེད་པར་བཏིང་ངམ། གདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 15.གདིང་བ་ལས་གྱུར་པའི་ལྟུང་བྱེད་ནི། དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བ་དང་། ལོ་མའི་གདིང་བ་བཏིང་ངམ། གདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་པར་དེ་ནས་སོང་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 16.སྐྱོད་པའི་ལྟུང་བྱེད། དགེ་སློང་གང་ཁྲོས་འཁྲུགས་རང་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་འདུན་གྱི་གཙུག་ལག་ཁང་ནས། དགེ་སློང་སྐྱོད་དམ་སྐྱོད་དུ་འཇུག་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 17.ཕྱིས་གནོན་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་ནས། དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ན་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་དུ་བྱས་ཏེ། ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། ། 18.རྩ་བ་འབྱུང་བོའམ་དབུག་པའི་ལྟུང་བྱེད་ནི། དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ། ཁྲིའུ་རྩ་བ་འབྱུང་བར་ཤེས་བཞིན་དུ་ལྕིད་ཀྱིས་ཕབ་སྟེ། ཉལ་ལམ་འདུག་ན་ལྟུང་བྱེད་དོ། ། 19.སྲོག་ཚོགས་དང་བཅས་པས་འདེབས་པའི་ལྟུང་བྱེད་ནི། དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆོས་རྩྭའམ། ལྕི་བའམ། ས་ལ་འདེབས་སམ། འདེབས་སུ་འཇུག་ན་ལྟུང་བྱེད་དོ། ། 20.རིམ་པ་ལྷག་པ་རྩིག་པའི་ལྟུང་བྱེད་ནི། དགེ་སློང་གིས། གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ཏུ་འཇུག་ན། སྒོའི་སྤུབས་དང་། གཏན་པ་དང་། སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་བརྟགས་པ་ནས་བཟུང་སྟེ། ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ་གསུམ་བརྩིག་པར་བྱའོ། ། དེ་ལས་ལྷག་པར་རྩིག་ན་ལྟུང་བྱེད་དོ། ། 21.དགེ་སློང་མ་ལ་ཆོས་ སྟོན་པའི་ལྟུང་བྱེད་ནི། དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་ཆོས་སྟོན་ན། ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ། ལྟུང་བྱེད་དོ། ། 22.ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད་ནི། དགེ་སློང་གང་དགེ་འདུན་གྱིས་བསྐོས་ཀྱང་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དོ། ། 23.ཟས་ཅུང་ཟད་ཙམ་གྱི་ཆེད་དུ་ཆོས་སྟོན་ནོ་གཟེར་བའི་ལྟུང་བྱེད་ནི། དགེ་སློང་གང་དགེ་སློང་རྣམས་ལ་འདི་སྐད་ཅེས། དགེ་སློང་དག་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་ཟེར་ན་ལྟུང་བྱེད་དོ། ། 24.ཆོས་གོས་གཉིས་ལས་གོས་བྱིན་པའི་ལྟུང་བྱེད་ནི། དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་སྦྱིན་ན་ལྟུང་བྱེད་དོ། ། 25.གོས་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་ན་ལྟུང་བྱེད་དོ། ། 26.ལམ་དུ་འགྲོ་བའི་ལྟུང་བྱེད་ནི། དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་མགྲོན་ལམ་དུ་འཇུག་ན། དུས་མ་གཏོགས་ཏེ་ལྟུང་བྱེད་དོ། ། དུས་ནི་འདི་ཡིན་ཏེ། ལམ་དོན་མཐུན་གྱིས་བགྲོད་པར་བྱ་བདོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན། དེ་ལ་དེ་ནི་དུས་ཡིན་ནོ། ། 27.དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་ བྱེད་ནི། དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུ་གཅིག་ཏུ་འཇུག་ཅིང་། གྱེན་དུ་འགྲོ་བའམ་ཐུར་དུ་འགྲོ་ན་ཐད་ཀར་ཕ་རོལ་ཏུ་འགྲོ་བ་མ་གཏོགས་ཏེ། ལྟུང་བྱེད་དོ། ། 28.དབེན་པ་སྐྱབས་ཡོད་དུ་འདུག་པའི་ལྟུང་བྱེད་ནི། དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་ན་ལྟུང་བྱེད་དོ། ། 29.འགྲེང་བའི་ལྟུང་བྱེད་ནི། དགེ་སློང་གང་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ། ། 30.ཟས་སྦྱོར་དུ་འཇུག་པའི་ལྟུང་བྱེད་ནི། དགེ་སློང་གང་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་ན་སྔར་ཁྱིམ་དུ་བོས་པ་མ་གཏོགས་ཏེ་ལྟུང་བྱེད་དོ། ། 31.ཡང་ཡང་ཟ་བའི་ལྟུང་བྱེད་ནི། ཡང་ཡང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། ། དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། ། ལས་དུས་སོ། ། ལམ་དུས་སོ། ། གོས་སྦྱིན་པའི་ཚེ་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། ། 32.ཟས་ཟ་བའི་ལྟུང་བྱེད་ནི། འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མི་ན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ། ། དེ་ལས་ལྷག་པ་ཟ་ན་ལྟུང་བྱེད་དོ། ། 33.ལྷག་པ་ལེན་པའི་ལྟུང་བྱེད་ནི། དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་དོང་བ་ལས། གལ་ཏེ་དེ་དག་ལ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དང་འཁུར་བ་དག་དུས་ཀྱིས་སྟོབས་པར་གྱུར་ལ། འདོད་ན་དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། ། དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། ། ལྷུང་བཟེད་གང་བ་གཉིས་སམ་གསུམ་བསླངས་ནས་ཕྱི་རོལ་ཏུ་ཀུན་དགའ་ར་བར་སོང་ལ་དགེ་སློང་འཁོད་པ་རྣམས་ལ་ཡང་བགོ་བཤའ་བྱ། བདག་ཅག་ཀྱང་བཟའ་བར་བྱ་སྟེ། དེ་ལ་དེ་ནི་ཆོག་ཡིན་ནོ། ། 34.སྤངས་པ་ཟ་བའི་ལྟུང་བྱེད་ནི། དགེ་སློང་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་པོར་མ་བྱས་པར་བཅའ་བའམ། བཟའ་བ་འཆའམ་ཟ་ན་ལྟུང་བྱེད་དོ། ། 35.སྤངས་པ་སྟོབ་པའི་ལྟུང་བྱེད་ནི། དགེ་སློང་གང་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ། སྐབས་འཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས་ཚེ་དང་ལྡན་པ་འདི་ཟོ་ཞིག འདི་ཟོ་ཞིག་ཅེས་ལྷག་པོར་མ་བྱས་པའི་བ་ཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་ན་ལྟུང་བྱེད་དོ། ། 36.འདུས་ཤིང་ཟ་བའི་ལྟུང་བྱེད་ནི། འདུས་ཤིང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། ། དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། ། ལས་དུས་སོ། ། ལམ་དུས་སོ། ། གྲུར་ཞུགས་པ་དུས་དང་། འདུས་པ་ཆེན་པོ་དང་། དགེ་སློང་གི་ཟས་དུས་ཏེ་དེ་ལ་ནི་དུས་ཡིན་ནོ། ། 37.དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ནི། དགེ་སློང་གང་དུས་མ་ཡིན་པར་བཅའ་བའམ་བཟའ་བ་འཆའམ་ཟ་ན་ལྟུང་བྱེད་དོ། ། 38.གསོག་འཇོག་བྱས་པ་ཟ་བའི་ལྟུང་བྱེད་ནི། དགེ་སློང་གང་བཅའ་བ་དང་བཟའ་བ་གསོག་འཇོག་བྱས་པ་འཆའམ་ཟ་ན་ལྟུང་བྱེད་དོ། ། 39.བྱིན་ལེན་མ་བྱས་པ་ཟ་བའི་ལྟུང་བྱེད་ནི། དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ། ། 40.ཟས་བསོད་པ་སློང་བའི་ལྟུང་བྱེད་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ། དགེ་སློང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་འཆའམ་ཟ་ན་ལྟུང་བྱེད་དོ། ། 41.ཆུ་ལ་སྤྱོད་པའི་ལྟུང་བྱེད་ནི། དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ། ། 42.ཉལ་པོ་བྱེད་པའི་ཁྱིམ་དུ་གནས་པའི་ལྟུང་བྱེད་ནི། དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱེད་དེ་སྟན་ལ་འདུག་ན་ལྟུང་བྱེད་དོ། ། 43.ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་བའི་ལྟུང་བྱེད་ནི། དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པར་འགྲེང་ན་ལྟུང་བྱེད་དོ། ། 44.གཅེར་བུ་ལ་ཟས་བྱིན་པའི་ལྟུང་བྱེད་ནི། དགེ་སློང་གང་། གཅེར་བུ་པའམ། གཅེར་བུ་མ་ཀུན་ཏུ་རྒྱུ་བའམ། ཀུན་ཏུ་རྒྱུ་མོ་ལ་རང་གི་ལག་ནས་བཅའ་བའམ་བཟའ་བ་བྱིན་ན་ལྟུང་བྱེད་དོ། ། 45.དམག་ལ་ལྟ་བའི་ལྟུང་བྱེད་ནི། དགེ་སློང་གང་དམག་ལ་ཆས་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ། ། 46.དམག་གི་ནང་དུ་གནས་པའི་ལྟུང་བྱེད་ནི། དགེ་སློང་གང་དམག་ཆས་པ་ལ་ལྟ་བར་འགྲོ་བ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། དགེ་སློང་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ། ། དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ། ། 47.བཤམས་པ་དཀྲུགས་པའི་ལྟུང་བྱེད་ནི། དགེ་སློང་གང་ཞག་གཉིས་དམག་དེའི་ནང་དུ་གནས་པའི་ཚེ། ཡང་གལ་ཏེ་བཤམས་པ་དཀྲུག་ཏུ་འགྲོ་བའམ། རྒྱལ་མཚན་གྱི་མཆོག་གམ། དཔུང་གི་མཆོག་གམ། གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། ། 48.རྡེག་པའི་ལྟུང་བྱེད་ནི། དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡིད་མ་རངས་ནས་དགེ་སློང་ལ་བརྡེག་ན་ལྟུང་བྱེད་དོ། ། 49.བརྡེག་པར་གཟས་པའི་ལྟུང་བྱེད་ནི། དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡིད་མ་རངས་ནས་དགེ་སློང་ལ་བརྡེག་པར་གཟས་ན་ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེད་དོ། ། 50.གནས་ངན་ལེན་འཆབ་པའི་ལྟུང་བྱེད་ནི། དགེ་སློང་གང་ཤེས་བཞིན་དུ་གནས་ངན་ལེན་གྱི་ལྟུང་བ་འཆབ་ན་ལྟུང་བྱེད་དོ། ། 51.ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་ནི། དགེ་སློང་གང་ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ལ་ཀླན་ཀ་བཙལ་བར་འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཚུར་ཤོག་ཁྱིམ་དག་ཏུ་འདོང་དང་། ཁྱོད་ལ་བཅའ་བ་དང་བཟའ་བ་བསོད་པ་ཅི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ནས། དེས་དེ་ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་ཁོ་བོ་ལ་ཁྱོད་དང་ལྷན་ཅིག་སྨྲ་བའམ་འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ་འདུག་ ན་དེས་ཁྱོད་ཉིད་སོང་ཞིག་ཅེས་ཟེར་ན་ལྟུང་བྱེད་དོ། ། 52.མེ་ལ་རེག་པའི་ལྟུང་བྱེད་ནི། དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད་དོ། ། 53.འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་ནི། དགེ་སློང་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ཕུལ་ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་སྤོང་བའི་ཆོས་སུ་བྱེད་ཅིང་། འདི་སྐད་ཅེས་དགེ་སློང་འདུན་པ་ཕྱིར་བྱིན་ཅིག ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ། ། 54.ནུབ་ལྷག་པོར་ཉལ་བའི་ལྟུང་བྱེད་ནི། དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། ། 55.སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ནི། དགེ་སློང་གང་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས། འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་ མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་ རོ། ། བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། ། ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ནི། བར་དུ་གཅོད་པ་ཉིད་དོ་ཞེས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ། ། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། ། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ། ། 56.སྤངས་པ་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ནི། དགེ་སློང་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་དུ་མ་བྱས་པ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། ཕེཔས་པར་སྨྲ་བར་བྱེད། ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་། དེ་དང་ལྷན་ཅིག་གནས་གཅིག་དུ་ཉལ་ནའང་ལྟུང་བྱེད་དོ། ། 57.དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད་ནི། དགེ་ཚུལ་ཞིག་ཀྱང་འདི་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། དགེ་ཚུལ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་དེ་སྐད་མ་ཟེར་ཅིག བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག ཁྱོད་བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། ། བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། ། ཚེ་དང་ལྡན་པ་དགེ་ཚུལ་འདོད་པ་དག་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། དགེ་ཚུལ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཞིག་ཞེས་བསྒོ་བར་བྱའོ། ། དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། ། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ལེགས། གལ་ཏེ་མི་གཏོང་ན། དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེང་ཕྱིན་ཆད་དགེ་ཚུལ་ཁྱོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཞིག དགེ་སློང་རྣམས་དང་། དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེའང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱོད་བསྙིལ་གྱིས་གཞན་དུ་སོང་ཞིག་ཅེས་བསྒོ་བར་བྱའོ། ། ཡང་དགེ་སློང་གང་ཤེས་བཞིན་དུ། དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པར་བྱེད་དམ། ཉེ་བར་སྟོན་པར་བྱེད་དམ། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། ། 58.གོས་ཁ་མ་བསྒྱུར་པ་གྱོན་པའི་ལྟུང་བྱེད་ནི། དགེ་སློང་གིས་གོས་གསར་པ་ཞིག་རྙེད་ན། ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བས་ཁ་དོག་བསྒྱུར་བར་བྱའོ། ། གལ་ཏེ་དགེ་སློང་གིས་གོས་གསར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བར་ལོངས་སྤྱོད་ན་ལྟུང་བྱེད་དོ། ། 59.ལོངས་པ་སྟེ་རྒྱགས་པའི་གཞིར་གཏོགས་རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་ནི། དགེ་སློང་གང་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པའམ། གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ། ལེན་དུ་འཇུག་ན་ཀུན་དགའ་ར་བར་གཏོགས་པ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ། ། དགེ་སློང་གིས་ཀུན་དགའ་ར་བར་གཏོགས་པའམ། གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་འདུག་པ་ལ་འདི་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། ། 60.ཁྲུས་བྱེད་པའི་ལྟུང་བྱེད་ནི། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་། ཁྲུས་བྱ་བར་གསུངས་པ་དེ་ལས་འདུམས་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། ། དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་དང་། ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་སོ། ། ལྷག་མ་ནི་ན་བ་དུས་སོ། ། ལས་དུས་སོ། རླུང་དུས་སོ། ། ཆར་དུས་སོ། ། རྫི་ཆར་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། ། 61.དུད་འགྲོ་གསོད་པའི་ལྟུང་བྱེད་ནི། དགེ་སློང་གང་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ། ། 62.འགྱོད་པ་སྐྱེད་པའི་ལྟུང་བྱེད་ནི། དགེ་སློང་གང་བསམས་བཞིན་དུ་ཅི་ནས་ཀྱང་དགེ་སློང་འདི་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་ལ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ། ། 63.གག་ཚིལ་བྱེད་པའི་ལྟུང་བྱེད་ནི། སོར་མོས་གག་ཚིལ་བྱེད་ན་ལྟུང་བྱེད་དོ། ། 64.ཆུ་ལ་རྩེ་བའི་ལྟུང་བྱེད་ནི། ཆུ་ལ་རྩེ་ན་ལྟུང་བྱེད་དོ། ། 65.བུད་མེད་དང་ལྷན་ཅིག་ཏུ་ཉལ་བའི་ལྟུང་བྱེད་ནི། དགེ་སློང་གང་། བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། ། 66.དངངས་པར་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གང་དག་དགེ་སློང་ལ་སྔངས་པར་བྱེད་དམ་བྱེད་དུ་འཇུག་ན། ཐ་ན་བཞད་གད་དུ་བྱ་བར་བསམས་ཀྱང་རུང་སྟེ་ལྟུང་བྱེད་དོ། ། 67.སྦེད་པའི་ལྟུང་བྱེད་ནི། དགེ་སློང་གང་དགེ་སློང་ངམ། དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་མའི་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐུ་རགས་སེམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ་སྦེད་དུ་འཇུག་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 68.མ་བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་ནི། དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་གདེང་མེད་པར་སྤྱོད་ན་ལྟུང་བྱེད་དོ། ། 69.སྐུར་པ་འདེབས་པའི་ལྟུང་བྱེད་ནི། དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་དགེ་སློང་དག་པ་ལྟུང་བ་མེད་པ་ལ། གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་བྱེད་དོ། ། 70.བུད་མེད་དང་ལྷན་ཅིག་ཏུ་འགྲོ་བའི་ལྟུང་བྱེད་ནི། དགེ་སློང་གང་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་མགྲོན་ལམ་དུ་འགྲོ་ན། ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ། ། 71.རྐུན་པོ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ནི། དགེ་སློང་གང་དོན་མཐུན་པ་རྐུན་མ་དང་ལྷན་ཅིག་མགྲོན་ལམ་དུ་འགྲོ་ན། ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ། ། 72.ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་ནི། དགེ་སློང་གང་གང་ཟག་ལོ་ཉི་ཤུ་མ་ལོན་པ། དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། ། གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ། དགེ་སློང་དག་ཀྱང་སྨད་པར་འགྱུར་བ་ཡིན་ཏེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། ། 73.ས་རྐོ་བའི་ལྟུང་བྱེད་ནི། དགེ་སློང་གང་རང་གི་ལག་གིས་ས་རྐོའམ། ཀོར་འཇུག་ན་ལྟུང་བྱེད་དོ། ། 74.མགྲོན་དུ་གཉེར་བ་ལས་རིང་དུ་འདུས་པའི་ལྟུང་བྱེད་ནི། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། ། དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། ། སོ་སོར་མགྲོན་དུ་བོས་པ་དང་། ཡང་ཡང་མགྲོན་དུ་བོས་པ་དང་། དུས་ཀྱི་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། ། 75.བསླབ་པ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་ནི། དགེ་སློང་གང་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན། དེ་དག་ལ་འདི་སྐད་ཅེས་བདག་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་འདྲེ་བའི་བར་དུ་བྱིས་པ། རྨོངས་པ་མི་གསལ་བ། མི་མཁས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ལྟུང་བྱེད་དོ། ། དགེ་སློང་ཀུན་ཤེས་པར་འདོད་པས་ཀྱང་བསླབ་པ་དེ་ལ་བསླབ་པར་བྱའོ། ། དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་ཡང་འདྲེ་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། ། 76.ཉན་རྣ་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གང་དགེ་སློང་རྣམས་འཐབ་པར་འགྱུར། མཚང་འདྲུ་བར་འགྱུར། མི་མཐུན་པར་འགྱུར། རྩོད་པར་གྱུར་ཅིང་འཁོད་པ་ལས། དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། ཅང་མི་སྨྲ་བར་ཉན་ནས་འདུག་ན་ལྟུང་བྱེད་དོ། ། 77.མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ནི། དགེ་སློང་གང་དགེ་འདུན་གྱི་ཆོས་དང་ལྡན་པར་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན། ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་། དགེ་སློང་འདུག་པ་ལ་མི་སྨྲ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 78.མ་གུས་པའི་ལྟུང་བྱེད་ནི། གུས་པར་མི་བྱེད་ན་ལྟུང་བྱེད་དོ། ། 79.ཆང་འཐུང་བའི་ལྟུང་བྱེད་ནི། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ། ། 80.དུས་མིན་ཕྱི་དྲོ་གྲོང་དུ་འཇུག་པའི་ལྟུང་བྱེད་ནི། དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ཅིང་། དགེ་སློང་འདུག་པ་ལ་ནི་མི་སྨྲ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 81.གྲོང་དུ་རྒྱུ་བའི་ལྟུང་བྱེད་ནི། དགེ་སློང་གང་། ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་། ཁྱིམ་པ་འདུག་པ་ལ་མི་བསྒོ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 82.རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ནི། དགེ་སློང་གང་ནམ་མ་ལངས་སྐྱ་རེངས་མ་ཤར་བར་རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས་འདས་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། ། 83.ཁྱད་དུ་གསོད་པའི་ལྟུང་བྱེད་ནི། དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ། འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ལ། དེ་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་། ཚེ་དང་ལྡན་པ་འདི་སྔོན་གསོ་སྦྱོང་གི་ལས་ལ་ལན་གཉིས་སམ། གསུམ་གྱི་ཚེ་འདུག་པར་ཤེས་ཤིང་། ལན་མང་དུ་ལྟ་ཅི་སྨོས་ན། ཚེ་དང་ལྡན་པ་དེ་མི་ཤེས་པར་མི་འགྲོ་བས་དེ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ། གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། ནི་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས། ཚེ་དང་ལྡན་པ་ཁྱོད་ཀྱིས་མ་རྙེད་དེ། རྙེད་པ་མ་ཡིན་ཞིང་། ཉེས་པ་རྙེད་དེ། ལེགས་པ་རྙེད་པ་མ་ཡིན་ནོ་ཞེས་འགྱོད་པར་བྱའོ། ། ཚེ་དང་ལྡན་པ་དེ་ལ་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ལྟུང་བྱེད་དོ། ། 84.ཁབ་རལ་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གང། བ་སོའམ། རུས་པའམ། རའི་ཁབ་རལ་བྱེད་དམ་བྱེད་དུ་འཇུག་ན། བཅག་ནས་ལྟུང་བྱེད་དོ། ། 85.ཁྲི་རྐང་འཆོས་པའི་ལྟུང་བྱེད་ནི། དགེ་སློང་གིས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བྱེད་དུ་འཇུག་ན། རྩ་བ་བུ་གར་གཞུག་པ་མ་གཏོགས་པར་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ། ། དེ་ལས་ལྷག་པར་བྱེད་དུ་འཇུག་ན། བཅད་ནས་ལྟུང་བྱེད་དོ། ། 86.ཤིང་བལ་གྱིས་གོས་པར་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གང་། དགེ་འདུན་གྱི་ཁྲིའམ། ཁྲིའུ་ལ་ཤིང་བལ་བདལ་ལམ། བདལ་དུ་འཇུག་ན་བསྡུས་ནས་ལྟུང་བྱེད་དོ། ། 87.གདིང་བ་ཚད་ལྷག་བྱེད་པའི་ལྟུང་བྱེད་ནི། དགེ་སློང་གིས་གདིང་བ་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཅིག དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ། ཞེང་དུ་མཐོ་ཕྱེད་དང་དོ། སྲིད་དུ་མཐོ་གང་གིས་སྲིངས་ཤིག དེ་ལས་ལྷག་པར་བྱེད་དུ་འཇུག་ན། བཅད་ནས་ལྟུང་བྱེད་དོ། ། 88.གཡན་པ་དགབ་པ་ཚད་ལས་ལྷག་པའི་ལྟུང་བྱེད་ནི། དགེ་སློང་གིས་གཡན་པ་དགབ་པ་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག དེ་ལ་གཡན་པོ་དགབ་པའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི། ཞེང་དུ་མཐོ་དོ། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། ། 89.དབྱར་གྱི་གོས་རས་ཆེན་ཚད་ལས་ལྷག་པའི་ལྟུང་བྱེད་ནི། དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག དེ་ལ་དབྱར་གྱི་གོས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དྲུག ཞེང་དུ་ཕྱེད་དང་གསུམ་མོ། ། དེ་ལས་ལྷག་པར་བྱེད་དུ་འཇུག་ན། བཅད་ནས་ལྟུང་བྱེད་དོ། ། 90.ཆོས་གོས་ཚད་ལས་ལྷག་པའི་ལྟུང་བྱེད་ནི། དགེ་སློང་གང་། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། ། དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ། ཞེང་དུ་མཐོ་དྲུག་སྟེ། དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཚད་དོ། །

Tibetan Source 《འདུལ་བ་ཅ་པ་》ཤ་16བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number