11450

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྡུག་བསྔལ་བརྒྱ་རྩ་བཅུ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་བྱང་ཆུབ་སེམས་དཔས་སྡུག་བསྔལ་བརྒྱ་རྩ་བཅུ་མཐོང་ནས་སེམས་ཅན་རྣམས་ལ་སྙིང་རྗེ་སྒོམ་པར་བྱེད་པ་གང་ཞེ་ན།

1.སྡུག་བསྔལ་རྣམ་པ་གཅིག་ནི། སྡུག་བསྔལ་རྣམ་པ་གཅིག་ནི་བྱེ་བྲག་མེད་པར་འཇུག་པའི་སྡུག་བསྔལ་ལས་བརྩམས་ཏེ། སེམས་ཅན་ཐམས་ཅད་འཇུག་པར་གཏོགས་པའི་སྡུག་བསྔལ་དང་ལྡན་པའོ། ། 2.སྡུག་བསྔལ་རྣམ་པ་གཉིས་ནི། (1)འདུན་པའི་རྩ་བ་ཅན་ཏེ། དགའ་བའི་དངོས་པོ་གང་དག་འགྱུར་ཞིང་གཞན་དུ་འགྱུར་བ་ལས་སྡུག་བསྔལ་སྐྱེ་བ། (2)རྣམ་པར་སྨིན་པ་རྨོངས་པ་ཅན་གྱི་སྡུག་བསྔལ་ཏེ། ལུས་ཀྱི་ཚོར་བ་དྲག་པོ་གང་དག་གིས་ཐེབས་ནས། ལུས་དེ་ལ་བདག་ཅེས་བྱ་བའམ། བདག་གི་ཞེས་བྱ་བར་རྨོངས་ནས་ཤིན་ཏུ་མྱ་ངན་བྱེད་ཅིང་གང་གི་ལུས་དང་སེམས་ཀྱི་ཚོར་བའི་ཟུག་རྔུ་གཉིས་མྱོང་བ་དང་གཉིས་སོ། ། 3.སྡུག་བསྔལ་རྣམ་པ་གསུམ་ནི། (1)སྡུག་བསྔལ་གྱི་སྡུག་བསྔལ། (2)འདུ་བྱེད་ཀྱི་སྡུག་བསྔལ། (3)འགྱུར་བའི་སྡུག་བསྔལ་དང་གསུམ་མོ། ། 4.སྡུག་བསྔལ་རྣམ་པ་བཞི་ནི། (1)འབྲལ་བའི་སྡུག་བསྔལ་ཏེ། སྡུག་པ་རྣམས་དང་བྲལ་བ་ལས་སྐྱེ་བ་གང་ཡིན་པ། (2)རྒྱུན་ཆད་པའི་སྡུག་བསྔལ་ཏེ། རིས་མཐུན་པ་འདོར་བ་འཆི་བ་ལས་བྱུང་བ་གང་ཡིན་པའོ། ། (3)རྒྱུན་གྱི་སྡུག་བསྔལ་ཏེ། ཤི་བའི་འོག་ཏུ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་སྐྱེ་བ་གང་ཡིན་པའོ། ། (4)གཏན་དུ་སྡུག་བསྔལ་བ་སྟེ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་སེམས་ཅན་རྣམས་ཀྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གང་ཡིན་པ་དང་བཞིའོ། ། 5.སྡུག་བསྔལ་རྣམ་པ་ལྔ་ནི། (1)འདོད་པ་ལ་འདུན་པའི་ཀུན་ནས་དཀྲིས་པའི་རྐྱེན་ཅན། (2)གནོད་སེམས་ཀྱི་ཀུན་ནས་དཀྲིས་པའི་རྐྱེན་ཅན། (3)རྨུགས་པ་དང་། གཉིད་ཀྱི་ཀུན་ནས་དཀྲིས་པའི་རྐྱེན་ཅན། (4)རྒོད་པའི་ཀུན་ནས་དཀྲིས་པའི་རྐྱེན་ཅན། (5)ཐེ་ཚོམ་གྱི་ཀུན་ནས་དཀྲིས་པའི་རྐྱེན་ཅན་དང་ལྔའོ། ། 6.སྡུག་བསྔལ་རྣམ་པ་དྲུག་ནི། (1)ངན་སོང་གི་རྒྱུ་རྟེན་པའི་ཕྱིར་རྒྱུའི་སྡུག་བསྔལ། (2)ངན་སོང་དུ་སྐྱེས་པའི་ཕྱིར་འབྲས་བུའི་སྡུག་བསྔལ། (3)ལོངས་སྤྱོད་ལས་བརྩམས་ཏེ་ཡོངས་སུ་ཚོལ་བའི་སྡུག་བསྔལ། (4)བསྲུང་བའི་སྡུག་བསྔལ། (5)ཆོག་མི་ཤེས་པའི་སྡུག་བསྔལ། (6)མེད་པར་འགྱུར་བའི་སྡུག་བསྔལ་དང་དྲུག་གོ ། 7.སྡུག་བསྔལ་རྣམ་པ་བདུན་ནི། (1)སྐྱེ་བའི་སྡུག་བསྔལ། (2)རྒ་བའི་སྡུག་བསྔལ། (3)ན་བའི་སྡུག་བསྔལ། (4)འཆི་བའི་སྡུག་བསྔལ། (5)མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ། (6)སྡུག་པ་མེད་པར་འགྱུར་བའི་སྡུག་བསྔལ། (7)འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་དང་བདུན་ནོ། ། 8.སྡུག་བསྔལ་རྣམ་པ་བརྒྱད་ནི། (1)གྲང་བའི་སྡུག་བསྔལ། (2)ཚ་བའི་སྡུག་བསྔལ། (3)བཀྲེས་པའི་སྡུག་བསྔལ། (4)སྐོམ་པའི་སྡུག་བསྔལ། (5)རང་དབང་མེད་པའི་སྡུག་བསྔལ། (6)བདག་ལ་གནོད་པ་བྱེད་པའི་སྡུག་བསྔལ་འདི་ལྟ་སྟེ། གཅེར་བུ་པ་ལ་སོགས་པ་རྣམས་ཀྱི་ལྟ་བུ། (7)གནོད་པ་གཞན་ལས་བྱུང་བའི་སྡུག་བསྔལ་འདི་ལྟ་སྟེ། གཞན་གྱིས་ལག་པ་དང་། བོང་བས་བསྣུན་པ་ལ་སོགས་པའི་སྡུག་བསྔལ། (8)ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་ལ་སོགས་པས་ཟིན་པ་དང་། སྤྱོད་ལམ་སྣ་གཅིག་གིས་གནས་པའི་སྡུག་བསྔལ་དང་བརྒྱུད་དོ། ། 9.སྡུག་བསྔལ་རྣམ་པ་དགུ་ནི། (1)བདག་ཉིད་རྒུད་པའི་སྡུག་བསྔལ། (2)གཞན་རྒུད་པའི་སྡུག་བསྔལ། (3)ཉེ་དུ་རྒུད་པའི་སྡུག་བསྔལ། (4)ལོངས་སྤྱོད་ཉམས་པའི་སྡུག་བསྔལ། (5)ནད་མེད་པ་ལས་ཉམས་པའི་སྡུག་བསྔལ། (6)ཚུལ་ཁྲིམས་ཉམས་པའི་སྡུག་བསྔལ། (7)ལྟ་བ་ཉམས་པའི་སྡུག་བསྔལ། (8)ཚེ་འདིའི་སྡུག་བསྔལ། (9)ཚེ་ཕྱི་མའི་སྡུག་བསྔལ་དང་དགུའོ། 10.སྡུག་བསྔལ་རྣམ་པ་བཅུ་ནི། (1)ལུས་ཀྱི་ཡོ་བྱད་ཁ་ཟས་མེད་པའི་སྡུག་བསྔལ། (2)བཏུང་བ་མེད་པའི་སྡུག་བསྔལ། (3)བཞོན་པ་མེད་པའི་སྡུག་བསྔལ། (4)གོས་དང་། རྒྱན་མེད་པའི་སྡུག་བསྔལ། (5)སྣོད་སྤྱད་ཀྱི་ཡོ་བྱད་མེད་པའི་སྡུག་བསྔལ། (6)སྤོས་དང་། མེ་ཏོག་ཕྲེང་བ་མེད་པའི་སྡུག་བསྔལ། (7)བྱུག་པའི་ཡོ་བྱད་མེད་པའི་སྡུག་བསྔལ། (8)གར་དང་གླུ་དང་རོལ་མོའི་སྒྲའི་ཡོ་བྱད་མེད་པའི་སྡུག་བསྔལ། (9)སྣང་བའི་ཡོ་བྱད་མེད་པའི་སྡུག་བསྔལ། (10)སྐྱེས་པ་དང་བུད་མེད་དག་དགའ་མགུར་སྤྱོད་པའི་ཡོ་བྱད་མེད་པའི་སྡུག་བསྔལ་དང་བཅུའོ། ། 11.སྡུག་བསྔལ་རྣམ་པ་དགུ་ནི། (1)སྡུག་བསྔལ་ཐམས་ཅད། (2)སྡུག་བསྔལ་ཆེན་པོ། (3)ཐམས་ཅད་ཀྱི་སྒོ་ནས་སྡུག་བསྔལ། (4)ལོག་པར་ཞུགས་པའི་སྡུག་བསྔལ། (5)འཇུག་པའི་སྡུག་བསྔལ། (6)མི་འདོད་པས་བྱས་པའི་སྡུག་བསྔལ། (7)ཕོངས་པའི་སྡུག་བསྔལ། (8)རྗེས་སུ་འབྲེལ་བ་ལས་བྱུང་བའི་སྡུག་བསྔལ། (9)རྣམ་པ་ཐམས་ཅད་ཀྱི་སྡུག་བསྔལ་དང་དགུའོ། ། [1]སྡུག་བསྔལ་ཐམས་ཅད་གང་ཞེ་ན། སྔོན་གྱི་རྒྱུ་ལས་བྱུང་བའི་སྡུག་བསྔལ་དང། ད་ལྟར་གྱི་རྒྱུ་ལས་བྱུང་བའོ། ། [2]སྡུག་བསྔལ་ཆེན་པོ་གང་ཞེ་ན། ཡུན་རིང་བ་དང་། བཟོད་བརླག་པ་དང་། སྣ་ཚོགས་པ་དང་། རྒྱུན་མི་འཆད་པའོ། ། [3]ཐམས་ཅད་ཀྱི་སྒོ་ནས་སྡུག་བསྔལ་གང་ཞེ་ན། སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དྭགས་ཀྱི་འཇིག་རྟེན་པ་དང་། བདེ་འགྲོར་གཏོགས་པའོ། ། [4]ལོག་པར་ཞུགས་པའི་སྡུག་བསྔལ་གང་ཞེ་ན། ཚེ་འདི་ལ་གཞན་གྱིས་གནོད་པར་བྱས་པ་དང། གཞན་ལ་གནོད་པ་བྱས་པ་བྱུང་བ་དང་། ཀུན་ནས་སློང་བ་དང་། ཁ་ཟས་མི་མཐུན་པ་ཟོས་པས་ཁམས་མ་སྙོམས་པ་ལས་བྱུང་བའི་སྡུག་བསྔལ་ཀུན་ནས་སློང་བ་དང་། ཚེ་འདི་ལ་བདག་ཉིད་ཀྱིས་མི་རིགས་པར་སྡུག་བསྔལ་བར་བྱས་པ་ལས་བདག་གིས་བྱས་པའི་སྡུག་བསྔལ་ཀུན་ནས་སློང་བ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་། དེ་ལ་ཤས་ཆེར་གནས་པས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང་། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ཤས་ཆེ་བས་ཕྱི་མ་ལ་ངན་སོང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བའོ། ། [5]འཇུག་པའི་སྡུག་བསྔལ་གང་ཞེ་ན། དེ་ནི་མ་ངེས་པ་རྣམ་པོ་དྲུག་ལས་བྱུང་བ་སྟེ། <1>འཁོར་བར་འཁོར་བ་ན་ལུས་མ་ངེས་པས་རྒྱལ་པོར་གྱུར་པ་ལས་མི་དབུལ་པོར་གྱུར་པ། <2> ཕ་མ་མ་ངེས་པ། <3>བུ་དང་ཆུང་མ་མ་ངེས་པ། <4>བྲན་དང་བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མ་ངེས་པ། <5>མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་མ་ངེས་པ་ལས་བྱུང་བ་དེ་འཁོར་བར་འཁོར་བ་ན། ཕ་མར་གྱུར་པ་ནས་རྒྱས་པར་མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། སྣག་གི་ཉེ་མཚམས་ཀྱི་བར་དུ་གྱུར་པ་ལས་དུས་གཞན་དུ་འཁོར་བར་འཁོར་བ་ན་། གསད་པ་དང་། ཕྱིར་རྒོལ་བ་དང་། དགྲ་བོར་གྱུར་པ། <6>འཁོར་བར་འཁོར་བ་ན་ལོངས་སྤྱོད་མ་ངེས་པས། ལོངས་སྤྱོད་ཆེན་པོར་གྱུར་པ་ལས་ཕྱིས་དུས་གཞན་དུ་མཆོག་ཏུ་དབུལ་པོར་འགྱུར་རོ། ། [6]མི་འདོད་པས་བྱས་པའི་སྡུག་བསྔལ་གང་ཞེ་ན། དེ་ལ་མི་འདོད་པས་བྱས་པའི་སྡུག་བསྔལ་ནི་ཚེ་རིང་བར་འདོད་པ་ལ་མི་འདོད་བཞིན་དུ་ཚེ་ཐུང་བར་འགྱུར་བ་ལས་བྱུང་བ། བྱད་བཟང་བར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་བྱེད་ངན་པར་འགྱུར་བ། རིགས་མཐོན་པོར་སྐྱེ་བར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་རིགས་དམའ་བར་སྐྱེ་བར་འགྱུར་བ། དབང་ཕྱུག་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་དབུལ་པོར་འགྱུར་བ། སྟོབས་ཆེ་བར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་སྟོབས་ཆུང་ངུར་འགྱུར་བ་ལས་བྱུང་བ། ཤེས་བྱ་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་རྨོངས་པའི་ཤེས་པ་ཀུན་ཏུ་སྤྱོད་པ་ལས་བྱུང་བ། ་ཕ་རོལ་ཕམ་པར་འདོད་པ་ལས་ཀྱང་མི་འདོད་བཞིན་དུ་བདག་ཉིད་ཕམ་པ་ལས་བྱུང་བའི་སྡུག་བསྔལ་ལོ། ། [7]ཕོངས་པའི་སྡུག་བསྔལ་གང་ཞེ་ན། དེ་ལ་ཕོངས་པའི་སྡུག་བསྔལ་ནི་ཁྱིམ་པ་རྣམས་ཀྱི་བུ་དང་ཆུང་མ་ལ་སོགས་པ་འགྲིབ་པ་ལས་བྱུང་བ། རབ་ཏུ་བྱུང་བ་རྣམས་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་འཕེལ་བ་ལས་བྱུང་བའི་སྡུག་བསྔལ་དང་། སྡུག་བསྔལ་གང་མུ་གེས་ཕོངས་པའམ། ཕ་རོལ་གྱི་དམག་ཚོགས་ཀྱིས་ཕོངས་པ་དང་། དགོན་པ་དང་། གཅོང་རོང་དུ་འགྲོ་བའི་ཉམ་ང་བས་ཕོངས་པ་ལས་བྱུང་བ་དང་། སྡུག་བསྔལ་གང་ཕ་རོལ་ལ་རག་ལས་པས་འཚོ་བ་ལས་བྱུང་བ་དང་། སྡུག་བསྔལ་གང་ཡན་ལག་དང་ཉིང་ལག་ཉམས་པས་ཕོངས་པར་སྒྱུར་པ་ལས་བྱུང་བ་དང་། སྡུག་བསྔལ་གང་གསད་པ་དང་། བཅིང་བ་བཅད་པ་དང་། བརྡེག་པ་དང་། བསྐྲད་པ་ལ་སོགས་པས་ཕོངས་པ་ལས་བྱུང་བའོ། ། [8]རྗེས་སུ་འབྲེལ་བ་ལས་བྱུང་བའི་སྡུག་བསྔལ་གང་ཞེ་ན། དེ་ལ་རྗེས་སུ་འབྲེལ་བ་ལས་བྱུང་བ་སྡུག་བསྔལ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་སྡུག་བསྔལ་གང་ཡིན་པ་ནི། ། <1>འཇིག་པའི་ཆོས་ཅན་འཇིག་པ་ལས་བྱུང་བའི་སྡུག་བསྔལ། <2>ཟད་པའི་ཆོས་ཅན་ཟད་པ་ལས་བྱུང་བའི་སྡུག་བསྔལ། <3>རྒ་བའི་ཆོས་ཅན་རྒ་བ་ལས་བྱུང་བའི་སྡུག་བསྔལ། <4>ན་བའི་ཆོས་ཅན་ན་བ་ལས་བྱུང་བའི་སྡུག་བསྔལ། <5>འཆི་བའི་ཆོས་ཅན་འཆི་བ་ལས་བྱུང་བའི་སྡུག་བསྔལ། <6>ཡང་མ་རྙེད་པའམ། མི་སྙན་པའམ། སྨད་པ་ལས་བྱུང་བའི་སྡུག་བསྔལ་འབྱུང་བ་གང་ཡིན་པ་དེ། སྡུག་བསྔལ་བརྒྱད་པོ་འདི་དག་དང་། འདོད་པའི་སྡུག་བསྔལ་དང་། འདི་རྣམས་ནི་རྗེས་སུ་འབྲེལ་པ་ལས་བྱུང་བའི་སྡུག་བསྔལ་ཞེས་བྱའོ། ། [9]རྣམ་པ་ཐམས་ཅད་ཀྱི་སྡུག་བསྔལ་གང་ཞེ་ན། དེ་ལ་རྣམ་པ་ཐམས་ཅད་ཀྱི་སྡུག་བསྔལ་ནི་བདེ་བ་རྣམ་པ་ལྔ་ཇི་སྐད་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་སྡུག་བསྔལ་གང་ཡིན་པ་སྟེ། <1>རྒྱུའི་སྡུག་བསྔལ། <2>ཚོར་བའི་སྡུག་བསྔལ།

<3>བདེ་བ་མེད་པ་ཅན་གྱི་སྡུག་བསྔལ། 

<4>ཚོར་བ་རྒྱུན་མི་འཆད་པའི་སྡུག་བསྔལ། <5>མངོན་པར་འབྱུང་བ་དང་། རབ་ཏུ་དབེན་པ་དང་། ཉེ་བར་ཞི་བ་དང་། རྫོགས་པའི་བྱང་ཆུབ་ཀྱི་བདེ་བའི་མི་མཐུན་པའི་ཕྱོགས་ཁྱིམ་པ་དང་། འདོད་པའི་ཁམས་དང་། ཀུན་ཏུ་སྦྱོར་བ་ལས་བྱུང་བའི་རྟོག་པ་དང་། སོ་སོའི་སྐྱེ་བོའི་སྡུག་བསྔལ་ནི་ལྔ་པ་རིག་པར་བྱའོ། ། སྡུག་བསྔལ་རྣམ་པ་ལྔ་པོ་འདི་དང་གནས་ངན་ལེན་གྱི་སྡུག་བསྔལ་ལྔ་སྟེ། <1>གནོད་པ་ལས་བྱུང་བའི་སྡུག་བསྔལ། <2>ཡོ་བྱད་མེད་པ་བྱུང་བའི་སྡུག་བསྔལ། <3>ཁམས་མ་སྙོམས་པ་ལས་བྱུང་བའི་སྡུག་བསྔལ། <4>དགའ་བ་འགྱུར་བ་ལས་བྱུང་བའི་སྡུག་བསྔལ། <5>ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ལས་བྱུང་བའི་སྡུག་བསྔལ་དང་ལྔའོ། ། དེ་ལྟར་སྔར་མིའི་སྡུག་བསྔལ་རྣམ་པ་ལྔ་བཅུ་རྩ་ལྔ་སྟེ། སྡུག་བསྔལ་རྣམ་པ་གཅིག་ནས་རྣམ་པ་བཅུ་བར་སྡུག་བསྔལ་ལྔ་བཅུ་རྩ་ལྔ་དང་། སྐབས་འདིར་བཅུ་གཅིག་པར་བཞག་པའི་སྡུག་བསྔལ་རྣམ་པ་དགུའི་སྐོར་ལ་སྡུག་བསྔལ་ལྔ་བཅུ་རྩ་ལྔ་ཡིན་པ་རེ་རེ་བཞིན་དབྱེ་དཀའ་བ་གཞུང་གི་འགྲོས་ཆ་ཚང་བཀོད་པ་ལྟར་བསྡོམས་ན་སྡུག་བསྔལ་བརྒྱ་རྩ་བཅུའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ལི་པ་》ཤ་129བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number