11455

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགེ་སློང་མའི་བསླབ་པའི་ཆོས་བརྒྱ་དང་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། དགེ་སློང་མའི་སོ་སོར་ཐར་པའི་མདོ་ལས་བྱུང་བ་(དེ་ལས་ལྡོག་ན་ཉེས་བྱས་བརྒྱ་དང་བཅུ་གཉིས་)སྟེ། ཤམ་ཐབས་ལ་ནི་རྣམ་བརྒྱད་དང་། ། སྟོད་གཡོགས་ལ་ནི་རྣམ་གསུམ་དང་། ། ཤིན་ཏུ་བསྡམས་ལ་སོགས་པ་དྲུག ། མགོ་གཡོགས་ལ་སོགས་རྣམ་པ་ལྔ། ། མཆོང་ལ་སོགས་པ་རྣམ་པ་ལྔ། ། ལུས་ལ་སོགས་པ་རྣམ་པ་ལྔ། ། འདུག་པར་བྱ་བ་བརྒྱད་དག་དང་། ། བྱིན་ལེན་བྱ་བ་བརྒྱད་རྣམས་སོ། ། ཟས་ལ་ལེགས་པར་བྱ་བ་དྲུག ། ཙུག་ཙུག་ལ་སོགས་རྣམ་པ་ལྔ། ། འབྲུ་ནས་ཐ་དད་བྱེད་པ་ལྔ། ། ལག་པ་བལྡག་ལ་སོགས་པ་ལྔ། ། འཕྱ་ལ་སོགས་པ་རྣམ་པ་བཞི། ། ལྷུང་བཟེད་ལ་ཡང་རྣམ་པ་བཅུ། ། འགྲེང་བར་བྱེད་ལ་སོགས་པ་ལྔ། ། མགོ་གཡོགས་ལ་སོགས་རྣམ་པ་ལྔ། ། དོ་ཀེར་ཅན་ལ་སོགས་པ་ལྔ། ། གླང་ཆེན་ལ་སོགས་བཞོན་པ་ལྔ། ། ལག་ན་འཁར་བ་ལ་སོགས་དྲུག ། ན་བ་རྣམ་པ་གསུམ་རྣམས་སོ། ། དེ་དག་རེ་རེ་བཞིན་ཞིབ་པར་བཀོད་ན་འདི་ལྟ་སྟེ།

1.ཤམ་ཐབས་བགོ་བ་བསླབ་པར་བྱ་བ་བརྒྱད་ནི། (1)ཤམ་ཐབས་ཟླུམ་པོར་བགོ་བ། (2)ཤམ་ཐབས་ཧ་ཅང་བརྗེས་པ་མ་ཡིན་པ། (3)ཧ་ཅང་འཇོལ་བ་མ་ཡིན་པ། (4)གླང་པོ་ཆེའི་སྣ་ལྟར་མ་ཡིན་པ། (5)ཏ་ལའི་ལོ་མ་ལྟར་མ་ཡིན་པ། (6)འབྲུའི་ཕུར་མ་ལྟར་མ་ཡིན་པ། (7)སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ། (8)ཤམ་ཐབས་རྐེད་པ་སྣང་བར་མི་བགོ་བར་བསླབ་པར་བྱ་བ་དང་བརྒྱད་དོ། ། 2.ཆོས་གོས་བགོ་བ་བསླབ་པར་བྱ་བ་གསུམ་ནི། (1)ཆོས་གོས་ཟླུམ་པོར་བགོ་བ། (2)ཆོས་གོས་ཧ་ཅང་བརྗེས་པ་མ་ཡིན་པ། (3)ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། ། 3.ཁྱིམ་གཞན་དུ་འགྲོ་བ་བསླབ་པར་བྱ་བ་ཉི་ཤུ་རྩ་གཅིག (1)ཤིན་ཏུ་བསྡམས་པ། (2)ལེགས་པར་བགོས་པ། (3)སྒྲ་སྐྱུངས་པ། (4)མིག་གཡེང་བར་མི་བྱ་བ། (5)གཉའ་ཤིང་གང་ཙམ་དུ་བལྟ་ཞིང་འགྲོ་བ། (6)ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་མི་འགྲོ་བར་བསླབ་པར་བྱའོ། ། (7)མགོ་མི་གཡོགས་པ། (8)མི་བརྗེ་བ། (9)མི་གཟར་བ། (10)གཉའ་གོང་དུ་མི་བསྣོལ་བ། (11)ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བ་བསླབ་པར་བྱའོ། ། (12)མི་མཆོང་བ། (13)མི་བརྐྱང་བ། (14)ཙོག་པུ་མ་ཡིན་པ། (15)བྲང་བས་མ་ཡིན་པ། (16)དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། ། (17)ལུས་མི་བསྒྱུར་བ། (18)ལག་པ་མི་སྐྱོག་པ། (19)མགོ་མི་བསྒྱུར་བ། (20)ཕྲག་པ་མི་སྦྲད་པ། (21)ལག་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། ། 4.ཁྱིམ་གཞན་དུ་སྟན་ལ་འདུག་པ་བསླབ་པར་བྱ་བ་བརྒྱད་ནི། (1)སྟན་ལ་མ་བརྟགས་པ། (2)ལུས་ཐམས་ཅད་ཀྱི་བརྗིད་ཀྱིས་མི་དབབ་པ། (3)རྐང་པ་མི་བསྣོལ་བ། (4)བརླ་མི་བསྣོལ་བ། (5)ལོང་བུའི་སྟེང་དུ་ལོང་བུ་མི་བཞག་པ། (6)རྐང་པ་མི་འགུག་པ། (7)རྐང་པ་མི་གདང་བ། (8)འདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། ། 5.བྱིན་ལེན་བྱ་བ་བརྒྱད་ནི། (1)ལེགས་པར་ཟོས་བླང་བར་བསླབ་པར་བྱ། (2)མུ་དང་ཁད་ཆད་དུ་མ་ཡིན་པ། (3)ཚོད་མ་དང་མཉམ་པར་མ་ཡིན་པ། (4)མཐར་ཆགས་སུ་ལྟ་བ། (5)ལྷུང་བཟེད་ལ་ལྟ་བ། (6)བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པ། (7)འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་འགབ་པ། (8)ཚོད་མས་འབྲས་ཆན་མི་དགབ་པ་དང་། བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ། ། 6.ཟས་བཟའ་བར་བསླབ་པར་བྱ་བ་ཉེར་གཅིག་ནི། (1)ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བ། (2)ཁམ་ཧ་ཅང་ཆུང་བ་མ་ཡིན་པ། (3)ཁམ་ཧ་ཅང་ཆེན་པོ་མ་ཡིན་པ། (4)ཁམ་རན་པ། (5)ཁམ་མ་གཟས་པར་ཁ་མི་གདང་བ། (6)ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ། ། (7)ཙུག་ཙུག་མི་བྱ་བ། (8)བལྕག་བལྕག་མི་བྱ་བ། (9)ཧུ་ཧུ་མི་བྱ་བ། (10)ཕུ་ཕུ་མི་བྱ་བ། (11)ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། ། (12)འབྲུ་ནས་ཐ་དད་དུ་མི་བྱ་བ། (13)འཕྱས་མི་གདགས་པ་པ། (14)མཁུར་བ་མི་སྤོ་བ། (15)ཀོན་སྒྲ་མི་གཏོག་པ། (16)ཁམ་འཕྲོར་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ། ། (17)ལག་པ་མི་བལྡག་པ། (18)ལྷུང་བཟེད་མི་བྱོག་པ། (19)ལག་པ་མི་སྤྲུག་པ། (20)ལྷུང་བཟེད་མི་སྐྱོམས་པ། (21)མཆོད་རྟེན་དང་འདྲ་བར་བཅོས་ཏེ་ཟས་མི་བཟའ་བར་བསླབ་པར་བྱའོ། ། 7.ལྷུང་བཟེད་སྤྱོད་ཚུལ་བཅུ་བཞི་ནི། (1)དྲུང་ན་འདུག་པའི་དགེ་སློང་མའི་ལྷུང་བཟེད་ལ་ཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱ་བ། (2)ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་བཟུང་བར་བསླབ་པར་བྱ་བ། (3)དྲུང་ན་འདུག་པའི་དགེ་སློང་མ་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ་བ། (4)ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱ་བ། (5)ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དབོ་བར་བསླབ་པར་བྱ། (6)འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་བཞུག་པར་བསླབ་པར་བྱ་བ། (7)གད་ཀ་མ་ཡིན་པ། (8)གཡང་ཁ་མ་ཡིན་པ། (9)དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཞག་པར་བསླབ་པར་བྱ་བ། (10)འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ་བ། (11)གད་ཀ་མ་ཡིན་པར་བཀྲུ་བ། (12)གཡང་ཁ་མ་ཡིན་པར་བཀྲུ་བ། (13)དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ་བ། (14)འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱའོ། ། 8.ཆོས་སྟོན་ཚུལ་ཉེར་དྲུག་ནི། (1)མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་བ། (2)མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་བ། (3)མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་བ། (4)མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ་བ། (5)མི་ན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། ། (6)མི་ན་བོར་མགོ་གཡོགས་པ། (7)བརྫེས་པ། (8)གཟར་བ། (9)གཉའ་གོང་དུ་བསྣོལ་བ། (10)ལྟག་པར་བསྣོལ་བ་བཅས་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། ། (11)མི་ན་བར་སྐྲ་དོ་ཀེར་ཅན། (12)ཞྭ་གྱོན་པ། (13)མགོ་ཅོད་པན་ཅན། (14)མགོ་ཕྲེང་བ་ཅན། (15)མགོ་དཀྲིས་པ་བཅས་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། ། (16)མི་ན་བར་གླང་པོ་ཆེ་ཞོན་པ། (17)རྟ་ཞོན་པ། (18)ཁྱོགས་ན་འདུག་པ། (19)ཞོན་པའི་སྟེང་ན་འདུག་པ། (20)མཆིལ་ལྷམ་གྱོན་པ་བཅས་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། ། (21)མི་ན་བར་ལག་ན་འཁར་བ་ཐོགས་པ། (22)ལག་ན་གདུགས་ཐོགས་པ། (23)ལག་ན་མཚོན་ཐོགས་པ། (24)ལག་ན་རལ་གྲི་ཐོགས་པ། (25)ལག་ན་དགྲ་ཆ་ཐོགས་པ། (26)གོ་ཆ་གྱོན་པ་བཅས་ལ་ཆོས་མི་བཤད་པར་བསླབ་པོར་བྱའོ། ། 9.ན་བ་རྣམ་པ་གསུམ་ནི། (1)མི་ན་བར་འགླེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱ་བ། (2)མི་ན་བར་ཆུའི་ནང་དུ་བཤང་གཅི་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱ། (3)གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱ་བ་དང་བརྒྱ་དང་བཅུ་གཉིས་སོ། ། (སྐབས་འདིར་གསལ་པོར་ཤེས་དགོས་པ་ཞིག་ནི་དགེ་སློང་ཕ་མ་གཉིས་བསླབ་པའི་གྲངས་མཐུན་ཡང་ཐུན་མོང་མ་ཡིན་པའི་ས་གཉིས་ཡོད་པ་ནི་ཤམ་ཐབས་བགོ་བའི་སྐབས་བརྒྱད་པ་ཤམ་ཐབས་རྐེད་པ་སྣང་བར་མི་བགོ་བར་བསླབ་པར་བྱ་བ་དང་། ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བ་ཉེར་གཅིག་གི་སྐབས་དྲུག་པ་ཆགས་པར་གྱུར་ཅིང་གཞན་དུ་མི་འགྲོ་བར་བསླབ་པར་བྱ་བའོ་ཞེས་པ་འདི་གཉིས་དགེ་སློང་ཕ་ལ་མེད་ཅིང་དགེ་སློང་མ་ལ་ཡོད་པ། དགེ་སློང་ཕའི་སྐབས་ཁྱིམ་པའི་སྟན་ལ་ལུས་ཀྱི་ལྗིད་ཀྱིས་མི་འདུག་ཅེས་པ་དང་། རྩྭ་སྔོན་པོའི་ཕྱོགས་སུ་བཤང་གཅི་མི་བྱ་བ་ཞེས་པ་འདི་གཉིས་དགེ་སློང་ཕ་ལ་ཡོད་ཅིང་དགེ་སློང་མ་ལ་མེད་པ་འདི་གཉིས་ནི་ཐུན་མོང་མིན་པའི་གནད་ཡིན་པ་རྟོགས་དགོས་པ་འདི་བསྟན་འགྱུར་རུ་པའི་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པའི་ནང་གསལ་པོར་གསུངས་འདུག་པ་སྐབས་འདི་གསལ་བཤད་ཞུས་པ་ལགས་སོ།།)

Tibetan Source 《འདུལ་བ་ཏི་པ་》ཤ་31ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number