150

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྒྱུད་སྟོད་སྨད་གཉིས།
Tibetan Alternate
Tibetan Definition 1.རྒྱུད་སྟོད་གྲྭ་ཚང་ནི། རྗེ་ཀུན་དགའ་དོན་གྲུབ་ཀྱིས་རབ་བྱུང་བརྒྱད་པའི་ཤིང་རྟ་(1474)ལོར་རྒྱུད་ཀྱི་བཤད་པ་བཙུགས་པ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་གྲགས་པ་འདི་ཉིད་ཆགས་པ་ཡིན་ལ། དེ་ནས་འདུས་ཚོགས་ཀྱང་ཇེ་འཕེལ་དུ་སོང་། དུས་དེར་བྱམས་པ་གླིང་དང་ཆུམས་མདའ་སོགས་སུ་བཞུགས་ཤིང་། རྗེ་ཀུན་དགའ་དོན་གྲུབ་ཀྱི་སྐུ་ཚེའི་སྨད་ཙམ་ལ་ལྷ་སའི་སྐྱིད་ཆུ་རྒྱས་ནས་ཆུ་ལོག་གི་ཉེན་ཁ་ཆེན་པོ་བྱུང་ནས་སྡེ་པ་སྐྱིད་ཤོད་པས་རྗེ་ཀུན་དགའ་དོན་གྲུབ་ཆུ་བཟློག་ཏུ་ཕེབས་དགོས་ཚུལ་ཞུས་པ་ལྟར་ཆུ་བཟློག་མཛད་པར་ཕན་ནུས་མངོན་གསལ་ཐོན་ཏེ་ལྷ་སའི་གྲོང་མི་ཁྲི་སྟོང་མང་པོ་སྲོག་གི་འཇིགས་པ་ལས་སྐྱབས་པའི་ལེགས་འབུལ་དུ་རྒྱུད་སྟོད་ལྷ་སར་ཕེབས་སྐབས་ཀྱི་བཞུགས་གནས་སུ་ར་མོ་ཆེའི་འདུ་ཁང་དེ་ཕུལ་སྐད།། འདི་གར་ཐོས་བསམ་མཛད་པ་པོ་ནི་དབུས་གཙང་མདོ་ཁམས་སོགས་ནས་ཕེབས་པའི་གྲྭ་རྒྱུན་ཐོས་བསམ་སློབ་གཉེར་དོན་དུ་གཉེར་བ་རྣམས་ཡིན། ཁོང་རྣམས་ཐོག་མར་གྲྭ་ས་ཆེན་པོ་གསུམ་(སེ་འབྲས་དགེ་གསུམ)་གང་རུང་དུ་སྒྲིག་ཞུགས་གནང་ནས་གཞུང་ཆེན་བཀའ་པོད་ལྔར་སྦྱངས་པ་མཐར་ཕྱིན་གནང་སྟེ་ཐུན་མོང་ཕར་ཕྱིན་ཐེག་པ་ལ་ལེགས་པར་བསླབས། དེ་ནས་རྒྱུད་གྲྭར་འབྲས་བུ་རྡོ་རྗེ་ཐེག་པའི་མན་ངག་མཐར་ཐུག་རྣལ་འབྱོར་བླ་ན་མེད་པའི་རྩ་རྒྱུད་ཀྱི་དོན་རང་རང་བཤད་རྒྱུད་ཀྱིས་གསལ་བར་གཏན་ལ་ཕབ་པའི་པཎ་གྲུབ་ཀྱི་གཞུང་རྣམ་དག་རྣམས་ལ་འཆད་ཉན་གྱིས། གསང་སྔགས་སྒྲས་ཟིན་ཙམ་མ་ཡིན་པར་དགོངས་པ་ཅན་གྱི་གཞུང་ཚིག་གིས་ངེས་དོན་གྱི་སྙིང་པོ་སྦས་ཏེ་བསྟན་པ་རྣམས་ལ་སྒྲོ་འདོགས་ལེགས་པར་བཅད་དེ་རྒྱུད་སྡེ་རྒྱ་མཚོའི་ཚིག་དོན་ལ་མི་འཇིགས་པའི་གདེངས་ཐོབ་པའི་སྒོ་ནས་རྒྱུད་སྡེའི་སྙིང་པོ་ཉམས་བཞེས་གནང་གི་ཡོད། རྒྱུད་སྟོད་གྲྭ་ཚང་གི་སྒྲིག་གཞིའི་མི་སྣའི་ཁོངས་སུ་མཁན་པོ་དང་། བླ་མ་དབུ་མཛད། བྱང་འདྲེན་ཆེ་མོ། རྒྱུད་གཞུང་བྱང་འདྲེན། དགེ་སྐོས། བླ་མ་དཀོན་གཉེར། བླ་མ་ཞལ་བལྟ་བ། ལག་བདེ་དབུ་མཛད། ཚོགས་འདུ་བ་སྟེ་ལས་སྣེ་ཐོན་ཟིན། ཕྱག་མཛོད་སོགས་ཡོད། དེ་དག་གི་གནང་སྒོ་ནི་མཁན་པོས་ཆོས་ལུགས་ཀྱི་གཙོ་འགན་བཞེས་རྒྱུ་དང་། བླ་མ་དབུ་མཛད་ཀྱིས་སྒྲིག་ལམ་གནོན་འདོམས་དང་ཚོགས་འདུའི་འགོ་མཛད་རྒྱུ། བྱང་འདྲེན་གྱིས་འདོན་ཆོས་ཁག་གི་དབུ་བསྐུལ་དང་རྟ་འདུར་དབྱངས་སོགས་འཐེན་གཏོང་གནང་རྒྱུ། དགེ་སྐོས་ཀྱིས་རྒྱུན་གཏན་གྱི་སྒྲིག་ལམ་གནོན་འདོམས་ཐོག་རང་ཐག་མ་ཆོད་པ་རྣམས་བླ་མ་དབུ་མཛད་ལ་དགོངས་སྐོར་ཞུ་རྒྱུ་དང་། ཚོགས་སུ་སྐྱབས་ཞུ་དང་སྙན་སེང་། གྲོང་ཆོག་གཏོང་རྒྱུ་སོགས་གནང་དགོས། རྒྱུད་གཞུང་བྱང་འདྲེན་གྱིས་བྱང་འདྲེན་ཆེ་མོ་ཚོགས་སུ་ཕེབས་མེད་ན་འདོན་པ་སྐུལ་རྒྱུ་དང་། བྱང་འདྲེན་ཆེ་མོའི་ཕྱག་རོགས་ཞུ་རྒྱུ། ཕྱག་མཛོད་ལྔ་པོས་གྲྭ་ཚང་གི་དཔལ་འབྱོར་འདུ་འགོད་ཀྱི་འགན་འཁུར་རྒྱུ། ཆབ་རིལ་དང་། ཆོས་ར་དཀོན་གཉེར་གྱིས་དགེ་སྐོས་ཀྱི་ཕྱག་གཡོག་ཞུ་རྒྱུ། ཞལ་བལྟ་བས་ལག་བདེ་(ཇ་ཐུག་ཞུ་མཁན་)ཉི་ཤུ་རྩ་ལྔའི་འགོ་བྱེད་རྒྱུ་སོགས་ཡིན། གྲྭ་ཚང་གི་འོག་ཏུ་ཨ་མདོ་དང་། མི་ཉག རོང་པོ། ཕུ་ཁང་། གྲགས་པ་བཅས་ཁང་ཚན་ལྔ་ཡོད་པར་ཁང་ཚན་སོ་སོར་ཡང་ཁང་ཚན་དགེ་རྒན་རེ་དང་མི་ཚན་དགེ་རྒན་རེ་ཡོད། ལས་སྣེ་ཆེ་གྲས་བསྐོ་གཞག་དང་གྲྭ་ཚང་གི་ལས་དོན་གལ་ཆེའི་རིགས་ཚོགས་འདུ་བ་སྟེ་ལས་སྣེ་ཐོན་ཟིན་རྣམས་ཚོགས་འདུ་འཚོགས་ནས་གྲོས་བསྡུར་བྱས་རྗེས་བླ་མ་དབུ་མཛད་ཀྱིས་ཐག་གཅོད་གནང་དགོས་པ་ཡིན། གདན་ས་གསུམ་པོ་གང་རུང་ཞིག་ལ་སྒྲིག་ཞུགས་ཟིན་ནས་གཞུང་ཆེན་བཀའ་པོད་ལྔ་བརྒལ་བརྟག་ལེགས་པར་ཟིན་པའི་དགེ་བཤེས་དང་། ཡང་ན་གདན་སར་བཞུགས་ནས་མཚན་ཉིད་ལ་སྦྱངས་པ་མ་གནང་ཡང་རྒྱུད་དོན་ལ་སྦྱངས་བརྩོན་གནང་འདོད་མཁན་ཞིག་ཡིན་ན་རྒྱུད་གྲྭར་ཞུགས་ཆོག་པ་ཡིན་ཞིང་ཁོང་ཚོར་བསྐྱེད་རིམ་པ་ཞེས་ཟེར་ཞིང་། མཁན་པོ་དང་། བླ་མ་དབུ་མཛད། དགུན་ཆོས་དགེ་སྐོས་རྣམས་དགེ་བཤེས་ཀྱིས་གནང་དགོས་ལ། བྱང་འདྲེན་ཆེ་མོ་དང་། དགེ་སྐོས་གཞན་གཉིས་བསྐྱེད་རིམ་པས་གནང་དགོས། དགེ་སྐོས་བྱས་ཟིན་པའམ་ཡང་ན་དགེ་སྐོས་བླུས་པ་(གཏོང་སྒོ་བཏང་ནས་དགེ་སྐོས་བྱེད་མི་དགོས་པ་)རྣམས་ལ་ལས་སྣེ་ཐོན་ཟིན་ཞེས་དམིགས་བསལ་གནས་ར་འགའ་མ་གཏོགས་རྒྱུན་གཏན་ཚོགས་ལ་ཕེབས་མི་དགོས། གཞིས་ཁག་གི་སྡེ་པ་(གཞིས་ཀ་བླ་མ་ཟེར་)རྣམས་ཕྱག་མཛོད་ཁང་ནས་བསྐོ་གཏོང་བྱེད་ཅིང་། ཕྱག་མཛོད་ནི་འཇིག་རྟེན་གྱི་འགྲོ་སྟངས་ཅུང་མཁས་པ་ཞིག་འོས་འཛུགས་བྱས་ཏེ་ཁང་ཚན་རེ་ནས་གྲྭ་པ་འགའ་ཞིག་རེ་བསྡུས་ཐོག་མགོན་པོར་ཟན་བརྟག་ཕུལ་རྗེས་མི་ལས་འགན་འཁུར་བྱེད་དགོས་པ་དང་། ཕྱག་མཛོད་མི་ལྔ་ནས་མི་གསུམ་ལྷ་སར་གཏན་བཞུགས་དང་མི་གཅིག་གཙང་སྲིད་གཞིས་སྡོད། གཅིག་གིས་ཆོས་ཐོག་གཉེར་པ་བྱེད་དགོས། འགན་འཁུར་དུས་ཚོད་ལོ་ལྔ་རེ་ཡིན་པ་དེའི་རིང་ཕྱག་མཛོད་འཁྱུར་ནས་རྩིས་སྤྲོད་མ་ཟིན་བར་གྲྭ་ཚང་དང་འདོད་པ་གཅིག་ལྟ་བུ་ཡིན། ཕྱག་མཛོད་ཟུར་པར་ལས་སྣེ་ཐོན་ཟིན་གྱི་དམིགས་བསལ་མེད། འོན་ཀྱང་སྐབས་རེ་ལས་སྣེ་ཐོན་ཟིན་གྲས་ནས་ཕྱག་མཛོད་བྱེད་མཁན་ཡང་ཡོད། ཕྱག་མཛོད་ཁང་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་གསར་འཛུགས་གནང་ཞིང་། དེའི་གོང་རྒྱུད་པའི་དཔལ་འབྱོར་དོ་དམ་དེ་བླ་བྲང་ཞེས་མཁན་པོ་ནས་གནང་སྲོལ་ཡོད་པར། བར་སྐབས་ཤིག་གཏོང་སྒོ་གཏོང་ཕྱོགས་དང་། སྤྱི་འཇོག་སོགས་ཀྱི་ཐད་འཐུས་སྒོ་ཚང་པོ་ཞིག་མ་བྱུང་སྟབས་མཁན་པོ་དང་བླ་མ་དབུ་མཛད་བར་ཐུགས་མ་མཐུན་ནས་གཞུང་གཏུགས་བྱས་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བཀའ་བཅད་གནང་དོན་དུ་མཁན་པོ་དང་བླ་མ་དབུ་མཛད་ལ་སྐལ་འཕར་འོས་འཚམས་ལས་རྒྱུད་གྲྭའི་དཔལ་འབྱོར་འདུ་འགོད་རྣམས་ཕྱག་མཛོད་ཁང་གསར་བཙུགས་ཀྱིས་ཁང་ཚན་ལྔ་པོ་སོ་སོ་ནས་མི་རེ་བསྐོ་གཏོང་བྱས་པ་དེ་ཚོས་ཕྱག་མཛོད་ཀྱི་འགན་འཁུར་ལོ་ལྔ་རེ་བྱེད་དགོས་པའི་རིང་ཕྱག་མཛོད་ཁང་དུ་གཏན་སྡོད་བྱ་དགོས་པ་ལས་རང་ཤག་ཏུ་བསྡད་མི་ཆོག་པ་དང་། བཟའ་བཏུང་ཚང་མ་ཕྱག་མཛོད་ཁང་རང་ནས་བྱེད་དགོས།ཕྱག་མཛོད་ཀྱི་ལས་འགན་གཙོ་བོ་ནི་ཆོས་གཉིས་དང་། ཆོས་ཐོག་ཁག་གི་གཏོང་རྩ་སྐྱེད་འབབ་གཏོང་བསྡུ། རྒྱུན་ཚོགས་དང་ཆོས་ཐོག་སོ་སོའི་གཏོང་སྒོ་གཏོང་རྒྱུ། ཆོས་ཕོགས་རྒྱག་རྒྱུ་སོགས་དཔལ་འབྱོར་འདུ་འགོད་ཀྱི་ལས་ཀ་རྣམས་བྱེད་དགོས་ཀྱི་ཡོད། ཕྱག་མཛོད་གསར་པའི་འོས་མི་རྣམས་མགོན་པོའི་མདུན་ཟན་བརྟག་ཞུས་ནས་གང་དོན་པ་དེར་བསྐོ་གཞག་བྱས་རྗེས་གསར་པ་དེས་ལས་འཁུར་བླངས་པ་དང་རྙིང་པ་རྣམས་བདེ་གསལ་ཞེས་པའི་ཁང་པ་དེར་སྤོ་སྡོད་ཀྱིས་རྩིས་སྤྲོད་མ་ཟིན་པར་ཕྱག་མཛོད་ཁང་དང་སྐྱིད་སྡུག་གཅིག་བྱེད་དགོས་ཤིང་། ཕྱག་མཛོད་རྩིས་སྤྲོད་ཟིན་རྗེས་རང་ཤག་ཏུ་བསྡད་ཆོག་པ་ཡིན་འདུག རྒྱུད་གྲྭར་ཞུགས་དུས་རྒྱུད་ཆས་དགེ་རྒན་དང་། སྙན་སེང་དགེ་རྒན། ཁྲིད་མཁན་དགེ་རྒན། དཔེ་ཆའི་དགེ་རྒན་བཅས་ཡོད་དགོས་ཤིང་། རྒྱུད་ཆོས་དགེ་རྒན་ནས་ཞྭ་གོས་ལྷམ་སོགས་རྒྱུད་ཆས་རྣམས་ག་སྒྲིག་དགོས་པ་སྟེ། རྒྱུད་གྲྭར་ཞུགས་པ་རྣམས་ལ་རྒྱུད་ཆས་ཞེས་གཟན་གཤམ་སྟོད་འགག་སོགས་གྲྭ་པ་སྤྱི་མཚུངས་ཐོག་ད་དུང་ཆབ་བླུག་གཟེར་བྱེད་ཤིང་གི་རལ་གྲི་དང་། རྒྱུད་གི། ཆབ་བླུག་གི་འདོགས་ལུང་ལ་ལྕགས་ཀྱི་ཐེལ་ཙེ་ཆུང་ངུ་ཞིག རྒྱབ་འཇོག་དང་མདུན་འཇོག་ཅེས་རྩམ་སྣོད་ཚོགས་ཁུག་གཉིས། གདིང་བ། འབོག་ཐགརྒྱུད་ཕོར། ཞྭ་མོ་རྩེ་ཞྭ། ཟླ་གམ། དགེ་སློང་ཚོར་ཆོས་གོས་སོགས་དགོས་པ་ཡིན་ལ། ལོ་རེ་རྒྱུད་ཆོས་རྒྱུག་སྤྲོད་ཅེས་གྲྭ་བགྲེས་གཞོན་དབྱེར་མེད་ཀྱི་རྒྱུད་ཆས་ལ་མཁན་པོ་དང་། བླ་མ་དབུ་མཛད། དགེ་སྐོས་བཅས་ནས་ཞིབ་བཤེར་ཐེངས་རེ་གནང་སྲོལ་ཡོད། གཞན་ཡང་སྙན་སེང་དགེ་རྒན་གྱིས་བྱ་སྤྱོད་ཚུལ་མཐུན་བྱ་རྒྱུའི་ཁག་ཐེག་བྱེད་དགོས་པ། ཁྲིད་དགེ་རྒན་གྱིས་སྒྲིག་ལམ་ཀུན་སྤྱོད་སློབ་སྟོན་བྱེད་དགོས། དཔེ་ཆའི་དགེ་རྒན་གྱིས་འདོན་ཆོས་རྟ་འདུར་དབྱངས་སོགས་བསླབ་དགོས་པ་ཡིན། དགེ་རྒན་ནི་རྒྱུད་དུ་ཞུགས་ནས་ལོ་བཞི་ཡན་ཕྱིན་པ་ཞིག་གིས་བྱེད་དགོས་ལ་གསར་ཞུགས་མ་བྱས་གོང་སྙན་སེང་དགེ་རྒན་དེས་གཟའ་འཁོར་གསུམ་གྱི་ནང་མཁན་པོར་སྙན་སེང་ཐེངས་གསུམ་འབུལ་དགོས། རྒྱུད་དུ་ཞུགས་པའི་ཆ་རྐྱེན་འཛོམས་མེད་ཚེ་སྙན་སེང་གསུམ་པ་མ་ཕུལ་གོང་སྙན་སེང་འཐེན་ཆོག ཚོགས་སུ་གདིང་བ་བཏིང་བའི་ཉིན་ནས་རྒྱུད་པའི་གྲས་སུ་ཚུད་པ་ཡིན། དེ་མིན་རྒྱུད་སྟོད་ཀྱི་སྒྲིག་ལམ་དང་ཆོས་ཐོག་གི་སྐོར་སོགས་ཞིབ་པ་《རྒྱུད་སྟོད་ཀྱི་སྒྲིག་ཡིག་གསེར་གྱི་ཐེམ་སྐས་》དང་། ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་《གྲྭ་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཆགས་ཚུལ་》སོགས་ལ་གསལ།

2. སྨད་རྒྱུད་གྲྭ་ཚང་ནི། རྗེ་ཙོང་ཁ་པའི་དངོས་སློབ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ཡ་གྱལ་རྗེ་བཙུན་ཤེས་རབ་སེང་གེས་དངོས་སུ་འཆད་ཉན་གྱི་རྒྱུན་འཛུགས་པར་མཛད་པ་སྟེ། རབ་བྱུང་བདུན་པའི་ས་ཕག་(1419)ལོར་རྗེ་ཙོང་ཁ་པས་འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་ཕྱག་ཏུ་བསྣམས་ནས་ཁྱེད་ཅག་མཁས་པ་རྣམས་ཀྱི་ཁྲོད་ན་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་སྲོལ་འཛིན་ནུས་པ་སུ་ཡོད་ཅེས་བཀའ་ལན་འགའ་ཞིག་སྩལ་བ་ན། མཁས་པ་གཞན་སུས་ཀྱང་ཞལ་གྱིས་བཞེས་མ་ནུས་པའི་ཚེ་རྗེ་ཤེས་རབ་སེང་གེས་ཞལ་གྱིས་བཞེས་པར་མཛད་པས་རྗེ་ཙོང་ཁ་པ་ཤིན་ཏུ་དགྱེས་ཏེ་གསང་བ་འདུས་པའི་གསེར་སྐུ་དང་། འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ། ཆོས་རྒྱལ་གྱི་ཞལ་འབག འཆམ་གོས། དབྱུག་ཏོ། ཞགས་པ་སོགས་གནང་ནས་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ། དེ་ནས་ལོ་ཤས་རྗེས་གསང་ཕུ་མཐོང་སྨོན་གྲྭ་ཚང་གི་བླ་མའི་མཛད་འཁུར་དེ་རྗེ་དགེ་འདུན་གྲུབ་ལ་གཏད་དེ་རྗེ་ཤེས་རབ་སེང་གེ་ཉིད་གཙང་ཤོབ་སྟོད་ལྷུན་པོ་རྩེར་བྱོན་པས་སི་ཏུ་བསོད་ནམས་དཔལ་དང་བདག་མོ་ཤཱཀྱ་དཔལ་གྱིས་སྦྱིན་བདག་མཛད་དེ་རྗེ་ཙོང་ཁ་པའི་ཕྱག་ལེན་བཞིན་སྒྲུབ་དཀྱིལ་བཞེངས་མཆོད་དང་གསང་བ་འདུས་པའི་རྒྱུད་ཀྱི་བཤད་རྒྱུན་བཙུགས། སྲིད་རིན་ཆེན་རྩེ་པས་སྦྱིན་བདག་མཛད་དེ་སྲིད་གཞུང་དུ་དགའ་ལྡན་ཕོ་བྲང་ཞེས་པའི་གྲྭ་ཚང་བཏབ་པས་གཙང་གི་སྲད་རྒྱུད་ཅེས་རྒྱུད་སྟོད་རྙིང་པར་གྲགས་པ་བྱུང་། ལྷུན་པོ་རྩེའི་བླ་རབས་བཞི་པ་འཕགས་འོད་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་ཆོས་ཞུས་ཤིང་ཞབས་ལ་གཏུགས་པར་ཆོས་རྒྱལ་གྱི་ཞལ་འབག་དང་། འཆམ་གོས་སོགས་ཀྱང་རྟེན་དུ་བསྩལ། སྲད་དགའ་ལྡན་ཕོ་བྲང་དུ་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པའི་འཆད་ཉན་འཛུགས་པར་མཛད་ནས་འདུལ་ནག་དཔལ་ལྡན་བཟང་པོ་འཆད་ཉན་པར་བསྐོ་གཞག་མཛད་དེ་རྗེ་ཙོང་ཁ་པས་གནང་བའི་འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་བསྩལ། དེ་ནས་དབུས་ཕྱོགས་སུ་ཕེབས་ཏེ་ཆུ་གླང་( 1433 ) ལོར་དགའ་ལྡན་དུ་རྒྱུད་ཀྱི་འཆད་ཉན་བཙུགས་པར་དབུས་ཀྱི་རྒྱུད་སྨད་ཅེས་སུ་གྲགས། དེ་ནས་བཟུང་རྗེ་ཤེས་རབ་སེང་གེ་དཔོན་སློབ་རྣམས་ཕྱོགས་ཕྱོགས་སུ་ཆོས་བར་བཏེགས་ནས་དབྱར་སོས་གཉིས་རྒྱུད་འགྲེལ་གྱི་བཤད་པ་དང་། སྟོན་དུས་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་དང་། སྦྱོར་བ་ཡན་ལག་དྲུག་གི་ཁྲིད། ནཱ་རོ་ཆོས་དྲུག འཁོར་ལོ་སྡོམ་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད། དེའི་རྫོགས་རིམ་རིམ་པ་ལྔའི་ཁྲིད། རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་རྣལ་འབྱོར་བཞིའི་ཁྲིད་རྣམས་འདེབས་པར་མཛད་པ་འདི་རྣམས་ལ་ཁྲིད་ཆེན་དྲུག་ཏུ་གྲགས་པ་དང་། དེའི་སྟེང་འཁོར་ལོ་ཆེན་པོའི་རྫོགས་རིམ་གྱི་ཁྲིད་དང་། གསང་འདུས་ཡེ་ཤེས་ཞབས་ལུགས་ཏེ་འཇམ་དཔལ་རྡོ་རྗེའི་རིམ་གཉིས་ཀྱི་ཁྲིད་བསྣན་ནས་ཁྲིད་ཆེན་བརྒྱད་དུ་ཡང་གྲགས་པ་དེའི་སྟེང་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་། དབུ་མ་ཐལ་འགྱུར་བའི་ལྟ་ཁྲིད་ཀྱང་འདེབས་པར་མཛད། དེ་ལྟར་ལོ་བཅུ་གསུམ་བསྐྱངས་ནས་རྒྱུད་ཀྱི་འཆད་ཉན་སྦྱིན་པ་དཔལ་ལ་གཏད་དེ་རྗེ་ཙོང་ཁ་པས་གནང་བའི་གསང་འདུས་ཀྱི་གསེར་སྐུ་དེ་རྒྱུད་སྨད་གྲྭ་ཚང་གི་རྟེན་དུ་གནང་། རྗེ་ཤེས་རབ་སེང་གེ་འདས་རྗེས་དེའི་ཕྱག་སྲོལ་ཉམས་པ་མེད་པར་རྒྱུད་ཆེན་སྦྱིན་པ་དཔལ་དང་གྲགས་བཟང་སོགས་ཀྱིས་བསྐྱངས་ཏེ་ལོ་ལྟར་ཆོས་བར་བཏེགས་སྲོལ་ཡང་རབ་བྱུང་བཅུ་དྲུག་པའི་ས་ཕག་(1959)ལོ་བར་ཡོད། སྔོན་དུས་གནས་གཞི་གཙོ་བོ་དགའ་ལྡན་དུ་ཡིན་འདུག་ཀྱང་། སྤྱི་ལོའི་དུས་རབས་བཅུ་དྲུག་པའི་སྨད་ནས་གནས་གཞི་ལྷ་སར་ཆགས་པ་ཡིན་སྐད། འགའ་ཞིག་གི་གསུང་སྲོལ་ལ་ལྷ་ས་གཙུག་ལག་ཁང་གི་ནུབ་ངོས་སྡེ་དཔོན་དགའ་བཞི་བའི་ཁང་པ་རྡོ་རིང་ཞེས་པ་དེ་རྒྱུད་སྨད་འདུས་ཚོགས་བཞུགས་པ་རྗེས་སུ་ད་ལྟའི་རྒྱུད་ཁང་དུ་གཞི་ཕབ་སྐད་འདུག་ཀྱང་ཡིག་ཆ་མ་མཐོང་། ཡང་རེ་འགས་ལྷ་སའི་ཀླུ་སྦུག་སེང་གེ་ཤག་ཅེས་པ་དེ་ཐོག་མར་རྒྱུད་སྨད་ཀྱི་འདུ་ཁང་ཡིན་པ་དེ་ནས་ད་ལྟའི་རྒྱུད་ཁང་དུ་སྤོས་ཟེར་ཡང་ངག་འགྲོས་ཙམ་ཡིན། ད་ལྟའི་རྒྱུད་ཁང་ལྕང་ལོ་ཅན་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་རྒྱུད་སྨད་ཀྱི་མཁན་པོ་གནང་སྐབས་བདེ་ཆེན་གསང་སྔགས་མཁར་གྱི་རྒྱུད་སྨད་ཆོས་ཐོག་འདུ་ཁང་དང་། ལྷ་སའི་རྒྱུད་སྨད་འདུ་ཁང་གསར་རྒྱག་མཛད་ཅེས་རྣམ་ཐར་དུ་གསལ་ཞིང་། རྒྱུད་སྨད་ལྷ་སར་གཏན་བཞུགས་གནང་ཡུལ་རྒྱུད་ཁང་ལྕང་ལོ་ཅན་གྱི་འདུ་ཁང་ཀ་བ་བཞི་བཅུ་ཞེ་གཉིས་(ཀ་རིང་བཞི་ཚུད་)གཙང་ཁང་ཐོག་ས་གསུམ་ལོན་པའི་ཀ་རིང་བརྒྱད་དང་ཀ་ཐུང་བརྒྱད་ཅན་ཡོད་པའི་ཤར་ངོས་མགོན་ཁང་ཀ་བ་དགུ། གཙང་ཁང་གི་ཐོག་ས་གཉིས་པའི་ཞལ་རས་ལྷ་ཁང་མདུན་སྒྲོལ་མ་ལྷ་ཁང་ཀ་ཐུང་དྲུག་ཅན། གཙང་ཁང་ཐོག་ས་བཞི་པའི་སྟེང་ནུབ་ངོས་རྒྱལ་བའི་གཟིམ་ཆུང་དང་། ཤར་ངོས་མཁན་པོའི་གཟིམ་ཆུང་ལེ་ལག་དང་བཅས་པ། དབུས་སུ་སློས་བླངས་ཁང་ཀ་བ་བརྒྱད་ལྡན། འདུ་ཁང་གི་མདུན་སྒོ་མཆོར་སྟེང་རབ་གསལ་ཀ་བ་གཉིས་ཡོད་པ་ནི་ཕྱག་མཛོད་ཁང་ཡིན། གྲྭ་ཁང་སྟེང་མཆོད་པ་ཁང་དང་། ཕྱག་མཛོད་ཁང་གི་རུང་ཁང་(ཐབ་ཚང་)མཛོད་ཁང་སོགས་ཁང་མིག་བཅུ་གྲངས་སྐོར། གྲྭ་ཁང་གི་ནུབ་ངོས་ཁྲི་ཐོག་ཁང་ཞེས་སྔོན་དུས་ལྕང་སྐུ་བཞུགས་གནས་ཐོག་ཚད་བཞི་ལྡན། གྲྭ་ཁང་གི་ཤར་ལྷོར་རུང་ཁང་། གྲྭ་ཁང་གི་མདུན་དུ་རྡོ་གཅལ། དེའི་ནུབ་ངོས་ཆོས་རྭ་སོགས་དང་། གྲྭ་ཁང་གི་ཕྱི་སྒོའི་ནུབ་ངོས་སུ་གྲྭ་ཤག་ཐོག་ས་གཉིས་ལྡན་ར་སྒོར་དང་བཅས་པ་གསུམ་བཅས་ཡོད་ལ་དེ་མིན་ཁྲོམ་གཟིགས་ཁང་གི་བྱང་(དེང་སྐབས་པེ་ཅིན་ལམ་གྱི་ལྷོ་)དུ་རྒྱུད་སྨད་ཁང་གསར་ཞེས་ཁང་པ་གསུམ་ཐོག་སྒོ་ར་དང་བཅས་ཡོད། འདུ་ཁང་གི་དབུས་སུ་མཁན་པོའི་བཞུགས་ཁྲི་དང་། དེའི་གཡས་ངོས་སུ་རྗེ་ཤེས་རབ་སེང་གེའི་འདྲ་སྐུ། མཁན་ཁྲིའི་གཡས་ཀྱི་ཀ་བའི་ངོས་སུ་རྗེ་ཙོང་ཁ་པས་རྗེ་ཤེས་རབ་སེང་གེར་གནང་བའི་གསང་འདུས་ཀྱི་གསེར་(ཟངས་)སྐུ་མཐོ་གང་ཙམ་བྱིན་ཅན། གདོང་གྲལ་གྱི་ནུབ་ངོས་གྲལ་འགོར་བླ་མ་དབུ་མཛད་ཀྱི་བཞུགས་ཁྲི། གཙང་ཁང་གི་སྒོ་གཡས་གཡོན་དུ་དངུལ་གདུང་གཉིས། འདུ་ཁང་གི་གྱང་ལྡེབས་ཤར་ནུབ་ཏུ་ཡི་དམ་གྱི་བྲིས་སྐུ་སྣ་ཚོགས་དང་། གཞུང་སྒོའི་ཤར་ངོས་སུ་རྣམ་སྲས་ཀྱི་བྲིས་སྐུ་གསུམ་དང་ནུབ་ངོས་མགོན་པོ་དང་ཆོས་རྒྱལ་ཕྱི་ནང་གི་བྲིས་སྐུ། དགེ་བསྐོས་ཀྱི་ཁྲི། སེང་གཡབ་ཀྱི་ངོས་སུ་ཐུབ་དབང་། རྗེ་ཙོང་ཁ་པ། རྗེ་ཤེས་རབ་སེང་གེ་སོགས་ཀྱི་བྲིས་སྐུ། གཙང་ཁང་ནང་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ཐོག་ཚད་གསུམ་ཡོད་པ་དང་། རྣམ་སྲས་སྐུ་བརྙན། དེ་མིན་སྐུ་བརྙན་ཆེ་ཆུང་དུ་མ། བཀའ་འགྱུར་སོགས་གླེགས་བམ་དུ་མ་ཀུན་དགའ་ར་བ་དང་བཅས་པ་མགོན་ཁང་ནང་འཇིགས་བྱེད་ཐོག་ཚད་ཉིས་ལྡན་གཙོ་བཞུགས་ཀྱི་གསང་བདེ་མགོན་ཆོས་ལྷ་མོ་སོགས་ཀྱི་སྐུ་བརྙན། བར་ཐོག་སྒྲོལ་མ་ལྷ་ཁང་ནང་རྟེན་གཙོ་སྒྲོལ་ལྗང་གི་ལྡེབས་བྲིས་གསུང་བྱོན་མར་གྲགས་པ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེའི་ཐུགས་དམ་རྟེན་བདེ་མཆོག་གི་ལི་སྐུ་སོགས་མང་པོ། ། ཐོག་ས་གསུམ་པའི་ཞལ་རས་ལྷ་ཁང་ནང་གྲུབ་དབང་བསམ་གྲུབ་རྒྱ་མཚོའི་དངུལ་གདུང་དང་འདྲ་སྐུ་སོགས། ཐོག་ས་བཞི་པའི་བློས་སླངས་ཁང་ནང་རྟེན་གཙོ་རྒྱལ་བ་བྱམས་པ་སྤྲུལ་སྐུའི་ཆ་ཆོས་ཀྱི་བཞུགས་སྟངས་ཅན་ཐོག་ཚད་མ་དང་འཁོར་ཉེ་སྲས་བརྒྱད་བཅས་ཀྱི་འཇིམ་སྐུ་དང་། རྟ་མགྲིན་ཁམས་གསུམ་ཟིལ་གནོན་དང་། འཇམ་དཔལ་ན་ག་རའི་འཇིམ་སྐུ་ཁྲུ་གང་ལྷག་ཙམ་རེ་སོགས་སྐུ་བརྙན་མང་པོ། ཀ་བའི་བར་དུ་གསེར་ཟངས་ལས་གྲུབ་པའི་གསང་འདུས་བློས་སླངས་དང་། ཙནྡན་དམར་པོ་ལས་གྲུབ་པའི་འཇིགས་བྱེད་དང་བདེ་མཆོག་གི་བློས་སླངས་བཅས་ཡོད། རྒྱུད་སྨད་གྲྭ་ཚང་གི་སྒྲིག་གཞིའི་ཐད། དབུ་འཛིན་གཙོ་བོ་མཁན་པོ་དང་། དེ་བཞིན་བླ་མ་དབུ་མཛད། བྱང་འདྲེན། དགེ་སྐོས། དཀོན་གཉེར། དུང་མཁན་བཅས་ཏེ་ལས་སྣེ་དྲུག་ཅེས་ཟེར། མཁན་པོས་ཆོས་ལུགས་ཀྱི་གཙོ་འགན་བཞེས་རྒྱུ་དང་། བླ་མ་དབུ་མཛད་ཀྱིས་བཅའ་ཡིག་བཞིན་སྒྲིག་ལམ་གནོན་འདོམས་དང་། གྲྭ་ཚང་ཚོགས་འདུའི་འགོ་འཛིན་སོགས་གནང་རྒྱུ། བྱང་འདྲེན་ཆེ་མོས་ཚོགས་གཞུང་དུ་འདོན་པ་རྟ་འདུར་དབྱངས་གསུམ་དང་རོལ་མོ་དཀྲོལ་རྡུང་སོགས་རྒྱུན་གཏན་དང་དམིགས་བསལ་ཆོས་ཐོག་ཁག་ལ་ཚོགས་ཐེངས་སོ་སོར་ཇི་ལྟར་རྒྱས་བསྡུས་དགོས་པ་རྣམས་དབུ་བསྐུལ་མཛད་རྒྱུ་དང་། བྱང་འ་དྲིན་གཞོན་པས་བྱང་འདྲེན་ཆེ་མོར་ཕྱག་རོགས་ཞུ་རྒྱུ། དགེ་སྐོས་ཀྱིས་རྒྱུན་གཏན་གྱི་སྒྲིག་ལམ་གནོན་འདོམས་ཐོག་རང་ཐག་མ་ཆོད་པ་རྣམས་བླ་མ་དབུ་མཛད་ལ་དགོངས་སྐོར་ཞུ་རྒྱུ། ཚོགས་སུ་སྐྱབས་ཞུ་དང་སྙན་སེང་ཞུ་རྒྱུ་སོགས་གནང་དགོས། དཀོན་གཉེར་དང་ཆབ་རིལ་གྱིས་དགེ་སྐོས་ཀྱི་ཕྱག་གཡོག་ཞུ་རྒྱུ། ཞལ་ལྟ་བས་ལག་བདེའི་འགོ་དང་ཇ་ཐུག་གཏོང་ཚོད་སོགས་ཡིན། གྲྭ་ཚང་གི་དཔལ་འབྱོར་འདུ་འགོད་བྱེད་རྒྱུ་སོགས་ཕྱག་མཛོད་ཁང་ནས་བྱེད་ཅིང་གཞིས་ཁག་སོ་སོར་གཞིས་ཀ་བླ་མ་(གཞིས་སྡོད་)གཏོང་རྒྱུ་དང་། ལོ་འཁོར་གཏོང་ཡོང་རྩིས་རྒྱག སྦྱིན་བདག་ཆེ་ཆུང་ལ་སྣེ་ལེན་ཞུ་རྒྱུ། གཞུང་གི་ལས་ཁུངས་ཁག་ནས་གཏོང་སྒོ་ཞུ་རྒྱུ་དང་རུང་ཁང་དུ་ཞལ་བལྟ་བར་རྩིས་སྤྲོད་རྒྱུ། གཞུང་གི་ཡིག་ཆ་འབྱོར་ནི་ཁུངས་སུ་སྐྱེལ་རྒྱུ། ཆོས་ཐོག་སོ་སོའི་གཏོང་སྒོ་ཞལ་བལྟ་བར་རྩིས་སྤྲོད་རྒྱུ་སོགས་ཡིན། ཕྱག་མཛོད་རྣམས་ནི་ཁང་ཚན་ལྔ་ནས་གྲྭ་པ་བསྐྱེད་རིམ་པ་ཕ་ཡུལ་དབུས་པ་ཡིན་པའི་མི་རེ་འཛུགས་དགོས་པ་དང་། འགན་འཁུར་དུས་ཚོད་ལོ་ལྔ་རེ་ཡིན་འདུག རྒྱུད་སྨད་གྲྭ་ཚང་ལ་ཁང་ཚན་ཚ་བ་དང་། གསེར་ཀོང་། ཨ་མདོ། ཏྲེ་ཧོར། རྒྱལ་རོང་བཅས་ལྔ་དང་། ཚ་བ་ཁང་ཚན་ལ་འབྲོག་མི་དང་། ལྡན་མ་སོགས་མི་ཚན་བཅུ་དྲུག་དང་། ཨ་མདོ་ཁང་ཚན་ལ་བྱ་ཁྱུང་དང་། གཙང་པ་སོགས་བཞི། ཏྲེ་ཧོར་ལ་དཀར་མཛེས་དང་། ལྔ་པ་སོགས། རྒྱལ་རོང་ལ་དར་མདོ་སོགས་མི་ཚན་ཡོད་ལ་ཁང་ཚན་སོ་སོར་ཁང་ཚན་སྤྱི་རྒན་ཞེས་གྲྭ་པ་རྒན་པ་རེ་ཡོད་པ་བཅས་སོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་713.3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number