1653

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཕུང་པོ་དང་བཅས་པ་རྣམ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1.སར་གདགས་པ་རྣམ་པར་གཞག་པ་ནི། ཕུང་པོ་དང་བཅས་པའི་ས་ནི་ལྔ་སྟེ། (1) སེམས་མེད་པའི་ས། (2)བསྒོམས་པ་ལས་བྱུང་བའི་ས། (3)ཉན་ཐོས་ཀྱི་ས། (4)བྱང་ཆུབ་སེམས་དཔའི་ས་རྣམས་ལས་ཕྱོགས་གཅིག་མ་གཏོགས་པ་འདི་ལྟ་སྟེ། ཕུང་པོ་མེད་པའི་ས་གཅིག་རིལ་གྱིས་མ་གཏོགས་པའི་ས། ། (5)ལྷག་མ་རྣམས་ནི་ཕུང་པོ་དང་བཅས་པའི་སའོ། ། 2.ཉེ་བར་ཞི་བར་གདགས་པ་རྣམ་པར་གཞག་པ་ནི། ཕུང་པོ་དང་བཅས་པའི་ས་ནི་ཉེ་བར་ཞི་བ་རྣམ་པ་བཞིས་རྣམ་པར་གཞག་སྟེ། (1)སྡུག་བསྔལ་ཉེ་བར་ཞི་བ་ནི། དེ་ལ་དགེ་སློང་དག་བཅོམ་པ་ཟག་པ་ཟད་པའི་ཕྱི་མ་ལ་སྲིད་པ་འབྱུང་བར་བྱེད་པའི་སྡུག་བསྔལ་གང་ཡིན་པ་དེ་ཏ་ལའི་མགོ་བཅད་པ་བཞིན་དུ་ཡོངས་སུ་ཤེས་ནས་སྤངས་ཤིང་རྩ་ནས་བཅད་དེ་ཕྱི་མ་ལ་མི་སྐྱེ་བའི་ཆོས་ཉིད་ཀྱིས་མི་སྣང་བར་གྱུར་པ་དེ་ནི་དེའི་སྡུག་བསྔལ་ཉེ་བར་ཞི་བའོ། ། (2)ཉོན་མོངས་པ་ཉེ་བར་ཞི་བ་ནི། དགེ་སློང་དགྲ་བཅོམ་པའི་གཏན་མི་སྐྱེ་བའི་ཆོས་ཉིད་ཀྱིས་འདོད་ཆགས་མ་ལུས་པར་སྤངས་པ་དང་། ཞེ་སྡང་མ་ལུས་པར་སྤངས་པ་དང་། གཏི་མུག་མ་ལུས་པར་སྤངས་པ་དང་། ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་པ་དེ་ནི་དེའི་ཉོན་མོངས་པ་ཉེ་བར་ཞི་བའོ། ། (3)སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་ཉེ་བར་ཞི་བ་ནི། འདོད་ཆགས་ཟད་པ་དང་། ཞེ་སྡང་ཟད་པ་དང་། གཏི་མུག་ཟད་པ་དང་། ཉོན་མོངས་པ་ཐམས་ཅད་ཟད་པས། སྡིག་པ་གང་ཡིན་པ་དེ་མི་བྱེད་ལ། དགེ་བ་ལ་བརྟེན་པར་བྱེད་པ་དེ་ནི་ཉོན་མོངས་ལ་རྣམ་པར་འཚེ་བ་ཉེ་བར་ཞི་བའོ། ། (4)བཏང་སྙོམས་ཉེ་བར་ཞི་བ་ནི། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་ནི་བདེ་བར་གནས་པ་རྣམ་པ་དྲུག་པོ་དེ་དག་གིས་རྟག་པར་རྒྱུན་དུ་ཤས་ཆེར་གནས་ཏེ། [1]དེ་མིག་གིས་གཟུགས་རྣམས་མཐོང་ན། ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར་བར་དྲན་པ་དང་ཤེས་བཞིན་གྱིས་བཏང་སྙོམས་སུ་གནས་པ། [2]དེ་རྣ་བས་སྒྲ་རྣམས་ཐོས་ན། ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར་བར་དྲན་པ་དང་ཤེས་བཞིན་གྱིས་བཏང་སྙོམས་སུ་གནས་པ། [3]དེ་སྣས་དྲི་རྣམས་བསྣམས་ན། ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར་བར་དྲན་པ་དང་ཤེས་བཞིན་གྱིས་བཏང་སྙོམས་སུ་གནས་པ། [4]ལྕེས་རོ་རྣམས་མྱོངས་ན། ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར་བར་དྲན་པ་དང་ཤེས་བཞིན་གྱིས་བཏང་སྙོམས་སུ་གནས་པ། [5]ལུས་ཀྱིས་རེག་བྱ་རྣམས་ལ་རེག་ན། ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར་བར་དྲན་པ་དང་ཤེས་བཞིན་གྱིས་བཏང་སྙོམས་སུ་གནས་པ། [6]ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པ་ན། ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར་བར་དྲན་པ་དང་ཤེས་བཞིན་གྱིས་བཏང་སྙོམས་སུ་གནས་པའོ། ། 3.ཕུང་པོར་གདགས་པ་རྣམ་པར་གཞག་པ་ལ་ཕུང་པོ་ནི་བརྒྱད་དེ། (1)གདགས་པའི་ཕུང་པོ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། གང་ལ་བརྟེན་ན་བདག་ཅེས་བྱ་བའམ། སེམས་ཅན་ནམ། སྲོག་གམ། གསོ་བའམ། སྐྱེ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ནས་སྐྱེས་སམ། ཤེད་དུ་ཞེས་བྱ་བར་མིང་དང་བརྡ་དང་། གདགས་པ། ཐ་སྙད་དུ་འདོགས་པ་དང་། གང་ལ་བརྟེན་ནས་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་ བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། ཚེ་ནི་འདི་ལྟར་རིང་། ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེ་ནི་འདི་ཙམ་ཞིག་ཐུབ་ཅེས་བྱ་བར་མིང་དང་། བརྡ་དང་། གདགས་པ་དང་ཐ་སྙད་དུ་འདོགས་པའོ། ། (2)ཡོངས་སུ་བཟུང་བའི་ཕུང་པོ་ནི། རྣམ་པ་བདུན་ཏེ། [1]བདག་དང་། ཕ་མ་དང་། བུ་དང་། ཆུང་མ་དང་། བྲན་དང་། བྲན་མོ། [2]ལས་བྱེད་པ། [3]ཞོ་ཤས་འཚོ་བ། [4]མཛའ་བཤེས། [5]གྲོགས་པོ། [6]བློན་པོ། [7]ཉེ་དུ་དང་སྣག་གི་ཉེ་མཚམས་ནས་རྒྱས་པར་ཡོངས་སུ་གཟུང་བའི་ཕུང་པོ་བདུན་ཏེ། ཡིད་ཀྱི་ས་ལས་བྱུང་བ་བཞིན་ཏེ། གང་དག་ལ་བརྟེན་ནས་སེམས་ཅན་རྣམས་ཡོངས་སུ་འཛིན་པ་དང་ལྡན་པར་ཤེས་པའོ། ། (3)གནས་པའི་ཕུང་པོ་ནི། ཟས་བཞི་སྟེ། [1]ཁམ་གྱི་ཟས། [2]རེག་པའི་ཟས། [3]ཡིད་ལ་སེམས་པའི་ཟས། [4]རྣམ་པར་ཤེས་པའི་ཟས་སོ། ། (4)འཇུག་པའི་ཕུང་པོ་ནི། རྣམ་པར་ཤེས་པའི་གནས་བཞི་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཏེ། [1]རྣམ་པར་ཤེས་པའི་གནས་བཞི་ནི། གཟུགས་སུ་གཏོགས་པའི་རྣམ་པར་ཤེས་པའི་གནས། ཚོར་བར་གཏོགས་པའི་རྣམ་པར་ཤེས་པའི་གནས། འདུ་ཤེས་སུ་གཏོགས་པའི་རྣམ་པར་ཤེས་པའི་གནས། འདུ་བྱེད་དུ་གཏོགས་པའི་རྣམ་པར་ཤེས་པའི་གནས་སོ། ། [2]རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ནས་རྒྱས་པར་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དུ་སྦྱར་ཏེ། གང་ལ་བརྟེན་ན་སེམས་ཅན་རྣམས་འགྲོ་བ་ལྔའི་འཁོར་བར་རྗེས་སུ་འཇུག་པའོ། ། (5)བར་དུ་གཅོད་པའི་ཕུང་པོ་ནི། ལྷའི་བུའི་བདུད་དེ་དགེ་བ་དེ་དང་དེ་དག་ལ་བརྩོན་པ་རྣམས་ལ་བགེགས་བྱེད་པའི་ཕྱིར་ཉེ་བར་གནས་པ་གང་ཡིན་པའོ། ། (6)སྡུག་བསྔལ་གྱི་ཕུང་པོ་ནི། འདོད་པའི་ཁམས་ཐམས་ཅད་ནི་སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་སྟེ། གང་ལ་བརྟེན་ན་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ཉམས་སུ་མྱོང་བར་འགྱུར་བའོ། ། (7)དགའ་བའི་ཕུང་པོ་ནི། བསམ་གཏན་ལ་སྙོམས་པར་འཇུག་པའི་བདེ་བ་ལ་ནི་དགའ་བའི་ཕུང་པོ་ཞེས་བྱ་སྟེ། གང་ལ་བརྟེན་ན་སེམས་ཅན་རྣམས་འདིར་ཡང་སྙོམས་པར་ཞུགས་ཤིང་། དེར་ཡང་སྐྱེས་ནས་ཡུན་རིང་པོར་བསམ་གཏན་ལ་སྙོམས་པར་འཇུག་པའི་དགའ་བ་སོ་སོར་ཉམས་སུ་མྱོང་བར་འགྱུར་བའོ། ། (8)ཐ་མའི་ཕུང་པོ་ནི། དགྲ་བཅོམ་པའི་རྒྱུན་གྱི་ཕུང་པོ་རྣམས་ཏེ། གང་ལ་བརྟེན་ན་དགྲ་བཅོམ་པ་ལ་ཐ་མའི་ལུས་འཛིན་པ་ཞེས་བྱའོ། ། དེ་ལ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་ཕུང་པོ་དང་བཅས་པའི་ས་ལ་གནས་པ། ཕུང་པོ་དུ་དང་ནི་ལྡན་ཞེས་བྱ། དུ་དང་ནི་མི་ལྡན་ཞེས་བྱ་ཞེ་ན། ཐ་མའི་ཕུང་པོ་གཅིག་དང་ནི་གཅིག་ཏུ་ངེས་པར་ལྡན་ནོ། ། ཡོངས་སུ་གཟུང་བའི་དངོས་པོ་དྲུག་དང་ནི་གཅིག་ཏུ་ངེས་པར་མི་ལྡན་ནོ། ། འཇུག་པའི་དངོས་པོ་ཐམས་ཅད་ནི་གཅིག་ཏུ་ངེས་པར་མི་ལྡན་ནོ། ། བར་དུ་གཅོད་པའི་ཕུང་པོ་ཐམས་ཅད་དང་ཡང་གཅིག་ཏུ་ངེས་པར་མི་ལྡན་ནོ། ། ཕུང་པོ་ལྷག་མ་རྣམས་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་སྟེ། འདི་ནི་ཕུང་པོར་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཚི་པ་》ཤ་280བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number