1704

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བར་དོའི་དུས་གནད་གསུམ།
Tibetan Alternate
Tibetan Definition དེ་ཡང་། གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ།

1.རབ་བར་དོ་མེད་པར་སངས་རྒྱས་པ་ལ་བཞི་སྟེ། (1)འབྱུང་བ་ཐིམ་ལུགས་ལ་བཞི་སྟེ། [1]ས་ཆུ་ལ་ཐིམ་པས། ལྟེ་བའི་རྩ་མདུད་འཇིག ས་རླུང་མལ་འཁྱུག ལུས་པོ་ལྕི། ཤེས་པ་བྱིང་། སྨིག་རྒྱུ་ལྟ་བུའི་སྣང་བ་འཆར། [2]ཆུ་མེ་ལ་ཐིམ་པས་སྙིང་ཁའི་རྩ་མདུད་འཇིག ཆུ་རླུང་མལ་འཆུག ཁ་སྣ་སྐོམ། ཤེས་པ་འཚུབ། དུ་བ་ལྟ་བུའི་སྣང་བ་འཆར་རོ། ། [3]མེ་རླུང་ལ་ཐིམ་པས། མགྲིན་པའི་རྩ་མདུད་འཇིག མེ་རླུང་མལ་འཆུག དྲོད་འཐུལ། སྣང་བ་གསལ་འགྲིབ་ཡོང་། སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འཆར། ། [4]རླུང་རྣམ་པར་ཤེས་པ་ལ་ཐིམ་པས་གསང་གནས་ཀྱི་རྩ་མདུད་འཇིག རླུང་གི་རླུང་མལ་འཆུག དབུགས་སྣ་བཟློག ཤེས་པ་བག་ཙམ་འཁྲུལ། འོད་ཀྱི་སྣང་བ་བག་ཙམ་འཆར་རོ། ། དེ་ལྟར་འབྱུང་བ་ཐིམ་པ་དང་། དབང་པོའི་ཉམས་ཡུལ་ལྔ་འགག་གོ ། (2)རྟོག་པ་འགག་ཚུལ་ནི། རྩ་དབུ་མའི་མར་སྣ་ན། མེའི་དྭངས་མ་ཨའི་གཟུགས་སུ་ཡོད་པ་རོ་མའི་ནུས་པ་ཉམས་ནས་གྱེན་ལ་འགྲོ་བས་དམར་ལམ་འཆར། དེའི་ཚེ་འདོད་ཆགས་ཀྱི་རྟོག་པ་འགགས། དབུ་མའི་ཡར་སྣ་ན། ཕའི་དྭངས་མ་ཧཾ་ཡིག་གི་གཟུགས་སུ་ཡོད་པ། རྐྱང་མའི་ནུས་པ་ཉམས་ཏེ། ཐུར་ལ་བབས་པས་དཀར་ལམ་འཆར། དེའི་ཚེ་ཞེ་སྡང་གི་རྟོག་པ་འགགས། དེ་ནས་སྤྱི་བོ་ཁྱབ་བྱེད་ཀྱི་རླུང་མལ་འཆུག ནག་ལམ་འཆར། དེའི་དུས་སུ་གཏི་མུག་གི་རྟོག་པ་འགག དེ་ལྟར་དུག་གསུམ་འགགས་པས། ང་རྒྱལ་དང་ཕྲག་དོག་རང་འགགས་སུ་འགྲོ་སྟེ། དུག་གསུམ་པོ་རྩ་གསུམ་དུ་འདུས་པའི་ཕྱིར་རོ། ། དེའི་ཚེ་ཕྱི་དབུགས་ཆད་དོ། ། (3)མི་རྟོག་པའི་ཡེ་ཤེས་འཆར་ཚུལ་ནི། ཕྱི་དབུགས་ཆད། ནང་དབུགས་མ་ཆད་པའི་བར་དེར། ཉི་མ་ཡར་འགྲོ་བ་དང་། ཟླ་བ་མར་འགྲོ་བའི་དུས་དེར། དབུ་མར་རླུང་སེམས་ཚུད་དེ། དེ་གསུམ་དབུ་མར་གནས་ཤིང་། རྟོག་ཚོགས་འགགས་པའི་གནད་ཀས་རྣམ་པར་མི་རྟོག་པའི་ཡེ་ཤེས་སངས་རྒྱས་ཆོས་སྐུའི་དགོངས་པ་ཟན་ཅིག་ཟ་ཡུན་ཙམ་ཞིག་འཆར་རོ། ། (4)དེ་ངོས་ཟིན་ནས་སངས་རྒྱ་ལུགས་ནི། དེ་ལྟར་གོམས་འདྲིས་བྱས་པ་དང་། གདམས་ངག་བསྟན་པའི་སྟོབས་ཀྱིས། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་རང་ངོ་ཤེས་པས་ཆོས་སྐུ་མ་བུ་འཕྲོད་ནས་སངས་རྒྱ་སྟེ། དེ་ནས་རིག་པ་ཚངས་བུག་ནས་འཐོན་ཏེ། ཆོས་ཀྱི་དབྱིངས་སུ་གཤེགས་པ་ཡིན་ནོ། ། དེ་ནི་དབང་པོ་རབ་བར་དོ་མེད་པར་སངས་རྒྱས་པའི་མན་ངག་གོ ། 2.འབྲིང་བར་དོ་ནས་སངས་རྒྱས་ལ་བཞི་ལས། (1)འབྱུང་བ་ཐིམ་ལུགས། (2)རྟོག་པ་འགག་ལུགས། (3)ཆོས་ཉིད་བར་དོ་འཆར་ཚུལ་ནི། དབང་པོ་རབ་ཀྱི་ལྟར་རྟོག་མེད་ཆོས་སྐུའི་དགོངས་པ་ངོས་མ་ཟིན་པར། རིག་པ་སྙིང་ནང་ན་གནས་པ་དེ། རྩེ་དར་དཀར་གྱི་སྐུད་པ་ལྟ་བུའི་ལམ་ནས་ཞུགས་ཏེ། དེ་ནས་ཕྱིར་འཐོན་པ་དང་བེམ་རིག་ཐལ་ནས་ཞག་གཅིག་བརྒྱལ་འགྲོ། བརྒྱལ་བ་སངས་ནས་ཆོས་ཉིད་ཀྱི་བར་དོ། སྒྲ་འོད་ཟེར་དང་ཐིག་ལེའི་སྣང་བ་འཆར་རོ། ། སྒྲ་ནི་ཆོས་ཉིད་མའི་རང་སྒྲ་དབྱར་དགུན་བྱེད་པའི་འབྲུག་སྒྲ་ལྟ་བུ་ཆེ་ལ་དྲག་པོ་འཆར། འོད་ནི་རིག་པའི་རང་མདངས་གསལ་ལ་དྭངས་པ་འཆར། འོད་ཀྱི་གསེབ་ན་ཟེར་འཕྲོ་བ། སོས་ཀ་ཐང་ལ་སྨིག་རྒྱུ་ལྟ་བུ་མེར་མེར་བ་འཆར་རོ། ། (4)རང་ངོ་ཤེས་ནས་སངས་རྒྱ་ལུགས་ནི། ད་ལྟ་ངོ་སྤྲད་པ་དང་ཉམས་སུ་བླངས་པའི་དབང་གིས། སྒྲ་འོད་ཟེར་གྱི་སྣང་བ་དེ་དག་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤེས་ནས་སངས་རྒྱའོ། ། དེ་ཡང་གོམས་འདྲིས་ཀྱི་བྱེ་བྲག་གིས། རྫོགས་རིམ་སྟོང་ཉིད་གོམས་པའི་རྣལ་འབྱོར་པ་ཡིན་ན། སྒྲ་འོད་ཟེར་གྱི་སྣང་བ་དེ་དག སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་སུ་ཤར་ནས་ཆོས་ཀྱི་སྐུ་རུ་སངས་རྒྱའོ། ། བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་གོམས་པ་ཡིན་ན། སྒྲ་འོད་ཟེར་གྱི་སྣང་བ་དེ་དག རང་མདངས་ལྷའི་དཀྱིལ་འཁོར་དུ་ཤར་ནས་ལོངས་སྤྱོད་རྫོགས་པའི་སྐུ་རུ་སངས་རྒྱའོ། ། རྫུན་སྣང་སྟོང་པའི་རྣལ་འབྱོར་པ་ཡིན་ན། སྒྲ་འོད་ཟེར་གྱི་སྣང་བ་དེ་དག རྨི་ལམ་སྒྱུ་མ་ལྟ་བུར་ཤར་ནས་སྤྲུལ་པའི་སྐུ་རུ་སངས་རྒྱའོ། ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དུ་ཤེས་པའི་རྣལ་འབྱོར་པ་ཡིན་ན། སྒྲ་འོད་ཟེར་གྱི་སྣང་བ་དེ་དག་རང་ཤར་དང་རང་གྲོལ་དུ་ཤེས་ནས་ངོ་བོ་ཉིད་ཀྱི་སྐུ་རུ་སངས་རྒྱ་བ་ཡིན་ནོ། ། དེས་ན་རང་རེ་ཉམས་ལེན་བཞི་པོ་གང་ལ་གནས་བལྟས་ལ། གང་ལ་ཉམས་རྟོགས་སྐྱེས་པའི་སྒོ་ནས་བར་དོ་བཅད་དོ། ། 3.ཐ་མ་སྐྱེ་བ་ལེན་ལུགས་ལྔ་ལས། (1)འབྱུང་བ་ཐིམ་ལུགས། (2)རྟོག་པ་འགག་ལུགས། (3)ཡིད་ཀྱི་ལུས་གྲུབ་ཚུལ་ནི། རྟེན་འབྲེལ་བརྒྱད་ཀྱིས་ལུས་གྲུབ་སྟེ། འོད་སྣང་མ་ཤེས་པ་ནི་མ་རིག་པ། དེའི་དབང་གིས་རླུང་ལྔར་འདུས་ནས་འཁོར་བར་བྱེད་པ་འདུ་བྱེད། དེ་ལས་ཤེས་པ་གསལ་དུ་སོང་ནས་ཡུལ་འཛིན་སྐྱེ་བ་ནི་རྣམ་ཤེས། དེ་ལས་བར་དོའི་ཡིད་དང་ཡིད་ཀྱི་ལུས་གཉིས་འབྱུང་། དེ་ལས་ཤེས་པ་རྣོ་མྱུར་དུ་སྐྱེ་བས་སྐྱེ་མཆེད་འབྱུང་། དེ་ཡུལ་དང་འཕྲད་པ་རེག་པ། དེས་བདེ་སྡུག་མྱོང་བ་ཚོར་བ། དེ་ལ་ཆགས་སྡང་སྐྱེས་པ་སྲིད་པ། དེ་ལྟར་བརྒྱད་ཀྱིས་ཡིད་ལུས་གྲུབ་བོ། ། (4)བར་དོའི་སྣང་བ་འཆར་ལུགས་ནི། སྔར་གྱི་བག་ཆགས་དང་ལས་ཀྱི་སྣང་བ་འཆར་ཏེ། སྔར་གྱི་ཡུལ་དང་ཁྱིམ་དུ་འོང་། ཉེ་དྲུང་ཀུན་དང་ཡིད་ཀྱིས་འགྲོགས། ཟས་དང་གནས་དང་བརྟེན་པའི་ངེས་མེད། ཡིད་ཀྱི་ལུས་ཀྱིས་དྲི་མའི་ཟས་ཟ། སྐྱེ་གནས་དང་མའི་མངལ་དང་། དེ་བཞིན་གཤེགས་པའི་སྐུ་དང་། རྡོ་རྗེ་གདན་མ་ཡིན་པ་ཐམས་ཅད་ལ་ཐོགས་པ་མེད་པར་འགྲོ། ། རྟག་ཏུ་འཇིག སྔངས། སྐྲག ཤ་ཟ་སྲིན་པོ། གཅན་གཟན། ཁ་ཆར། བུ་ཡུག་གི་སྣང་བ་འཆར་རོ། ། སྐྱབས་དང་འཁྲ་ས་ཐམས་ཅད་དུ་འཚོལ། སྐྱེ་མཆེད་གསལ་ཞིང་ཡིད་ཀྱི་དབང་པོ་ཚང་བ། ལྷའི་མིག་རྣམ་པར་དག་པ་དང་། བར་དོའི་སེམས་ཅན་ནང་གིས་མཐོང་བ་ཡིན་ནོ། ། (5)སྐྱེ་བ་ཕྱི་མ་ལེན་ཚུལ་ནི། གོང་གི་རང་མདངས་མཆོག་གི་འོད་གསལ་དེ་ནུབ་ནས། མུན་མོང་འོད་ཀྱི་ལམ་ལྔ་ཤད་ཀྱིས་འཆར་རོ། ། ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་རང་ངོ་མ་ཤེས་ལ། ཀུན་ཏུ་བརྟགས་པའི་མ་རིག་པས་གཞན་དུ་བརྟགས། གཞན་སྣང་ལ་འཛིན་པ་ཞུགས་པས་འགྲོ་དྲུག་ཏུ་སྐྱེ་བ་ཡིན་ཏེ། རི་དྭགས་རྒྱ་རུ་ཚུད་པའམ་སྦྲང་མ་བལ་རྒྱུར་འཐུམས་པ་བཞིན་ནོ། ། དེ་ཡང་འོད་དཀར་པོ་ལ་འཛིན་པ་ཞུགས་ན་དམྱལ་བ། དམར་པོ་ལ་ཡི་དྭགས། ནག་པོ་ལ་དུད་འགྲོ། སེར་པོ་ལ་མི། ལྗང་གུ་ལོ་ལྷ་དང་ལྷ་མ་ཡིན་ཏུ་སྐྱེའོ། ། དེའི་དུས་སུ་རིགས་དྲུག་གི་སྡུག་བསྔལ་བསམ་ལ། འོད་ལྔ་པོ་གང་ལའང་འཛིན་པ་མི་བྱ། བར་དོའི་ཤེས་པ་འདི་བསྒྱུར་སླ་བས། དྲན་པས་ཟིན་ན་བདེ་བ་ཅན་ལྟ་བུར་འདུན་པ་བཏང་བས་ཐེ་ཚོམ་མེད་པར་སྐྱེའོ། ། ལམ་དེའི་བགེགས་བཞིའི་སྐྱོན་བསྟན་པ་སྟེ། དང་པོ་ཏིང་ངེ་འཛིན་ཉམས་ཀྱི་གེགས་བསལ་བ་ལ་ལྔ་སྟེ། (1)བྱིང་ན་གསེང་བ་ནི། བྱིང་བ་རྨུགས་པ། འཐིབས་པ་ལ་སོགས་པ་ནི་དོན་མཐུན་ཏེ། བྱིང་བའོ། ། དེ་ལ་བྱིང་བ་ནི་རིག་པའི་རང་མདངས་མ་རྙེད་པ། རྨུགས་པ་ནི་གསལ་བའི་ཉམས་ཀྱིས་མ་ཟིན་པ། འཐིབས་པ་ནི་གཉིད་དང་འདྲིས་པའོ། ། (2)རྒོད་ན་མནན་པ་ནི། རྒོད་པ། འགྱུ་བ། འཕྲོ་བ། གཡོ་སྦུན་ན་ལ་སོགས་པ་དོན་མཐུན་ཏེ་རྒོད་པའོ། ། དེ་ལ་གཡོ་བ་ནི། སེམས་གནས་སུ་མི་འདོད་པ། སྦྱིན་པ་ནི་ཡུད་ཙམ་གནས་ཀྱང་ཡུན་རིང་དུ་མི་གནས་པ། འཕྲོ་བ་ནི་ཤེས་པ་ཡུལ་ལ་འཇུག་པའོ། །འགྱུ་བ་ལ་གཉིས། འོག་འགྱུས་ནི་སེམས་གནས་སྙམ་བྱེད་པ་ལ། མ་ཚོར་བར་འགྱུས་པའོ། ། རང་འགྱུས་ནི། སེམས་གནས་ཀྱིན་འདུག གསལ་གྱིན་འདུག་སྙམ་པའི་ཚོར་བ་ཕྲ་མོ་གཅིག་སྒོམ་གྱི་གསེབ་ཏུ་ཞུགས་པའོ། ། རྒོད་པ་ལ་གཉིས། གཞན་རྒོད་ནི། ཤེས་པ་རྐྱེན་གསུམ་གྱིས་རྒོད་པ། རང་རྒོད་ནི་གནས་ཆ་མེད་པར་ཤེས་པ་ཡེར་བའོ། ། མདོར་ན་བྱིང་རྒོད་གཉིས་ཀ་རྐྱེན་གྱི་རྩ་བ་གཅིག་སྟེ། ཤེས་པ་འགྱུར་ལམ་ཐེབས་པར་བཏང་སྙོམས་སུ་ལུས་པ་ལས་བྱུང་ངོ་། ། དེ་གཉིས་བསལ་བ་ལ། བྱིང་ན་སྙིང་ཁར་སེམས་བཟུང་ལ་ཤེས་པ་ཞུར་གཞུར། ཆུན་གཅུན། ཚེ་གཅིག་མདུང་ཚུགས། ཆིག་དྲིལ་དུ་བསྒོམ་མོ། ། དེས་བྱིང་མི་ནུས་ཏེ་སྲང་དུ་ཚུད་འགྲོའོ། ། རྒོད་ན་སེམས་ལྟེ་འོག་ཏུ་བཟུང་ལ་ཞུར་གཞུར། ཆུན་གཅུན་ལ་ཕུར་ཚུགས་སུ་བསྒོམ། དེས་ཚིག་དམིགས་ལ་ཧྲིལ་སོང་ནས་འཕྲོ་རྒོད་མི་ཡོང་ངོ་། ། མདོར་ན་རྩེ་གཅིག་ཕུར་ཚུགས་སུ་སོང་ན་བྱེང་རྒོད་གཉིས་ཀ་མི་ཡོང་ངོ་། ། (3)ཕན་པའི་ཉམས་ལམ་དུ་བཏང་བ་ནི། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོའམ། བྱམས་སྙིང་རྗེ་ཞེན་ལོག་གི་བློའམ། མོས་གུས་ལ་སོགས་པ་གཏིང་ནས་ལྷོངས་པ་སྐྱེས་པའི་དུས་སུ་དེའི་རོ་མྱང་ནས་ལུས་ངག་གི་སྤྲོས་པ་སྤྱད་ན། ཉམས་དེ་ཉིད་རླུང་ཁ་ཕོག་ནས་ཡལ་འགྲོ་བས། བདག་གཞན་དབང་དུ་འགྲོ་བའི་བྱ་བ་བསྐྱེད་ལ། དེ་ཉིད་རླུང་སེམས་ཀྱི་རྟེན་འབྲེལ་ཉམས་སུ་ཤེས་པའི་བློ་གྲོས་ཀྱིས་དགར་འཛིན་དང་ཞེན་སྣང་མེད་པར། རང་གི་ངོ་བོ་བལྟས་ཤིང་ངང་ལ་བཞག་པས་གཉིས་མེད་ཡེ་ཤེས་ཀྱི་ངོ་བོར་འཆར་ཏེ། ཉམས་ཞེན་མེད་ཀྱི་སྣ་མི་བསྐྱིལ་བར་འུར་བརྐྱང་ངོ་། ། ཡང་ཉམས་དགའ་བ་དང་། ཞེན་ལོག་པ་དང་། སྙིང་རྗེ་བཙན་ཐབས་སུ་སྐྱེས་ནས་ངུ་བ་ལ་སོགས་པ་བྱུང་ན་རིག་པ་ངོས་བཟུང་། ལྟ་བའི་གནད་ཤེས་པར་བྱ་སྟེ། དེའི་རོ་མི་མྱོང་བར་ངང་ལ་བཞག་གོ ། རོ་མྱང་ན་རྒྱལ་པོ་ལ་སོགས་པའི་ཆོ་འཕྲུལ་ཡིན་པའང་སྲིད་དོ། ། (4)གནོད་པའི་ཉམས་ལ་གྲོགས་སུ་འཁྱེར་བ་ནི། ན་ཚ་ཟུག་གཟེར་རམ། སྙིང་རླུང་ཁམས་ལ་སོགས་པ་ཅི་བྱུང་ཡང་ཉམས་སྣང་དུ་ཤེས་པར་བྱས་ཏེ། ཞུམ་ཞིང་བྱུར་དུ་མི་བལྟ། སྣང་ཡུལ་དང་འཛིན་སེམས་རང་ཤར་རང་གྲོལ་བས། སྐྱོན་དུ་མི་བལྟ་ཡོན་ཏན་དུ་མི་བཟུང་བར་རང་ཤར་རང་གྲོལ་བྱུང་རྒྱལ་དུ་བསྐྱང་ངོ་། ། (5)ཕན་གནོད་མེད་པའི་ཉམས་བོགས་སུ་འདོན་པ་ནི། ཀུན་གཞི་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་། ས་བོན་གྱི་ཚུལ་དུ་གནས། རྡོ་རྗེའི་ལུས་ལ་རྩ་ཡིག་རླུང་སེམས་སུ་གནས་པ་དེ་དག་ངོ་སྤྲད་ཅིང་ཏིང་ངེ་འཛིན་གནད་དུ་བསྣུན་ནས་བསྒོམས་པས། གནས་ལུགས་རང་ངོ་ཤེས། རྩ་མདུད་གྲོལ། རླུང་སེམས་དྭངས། བག་ཆགས་འདག་ཅིང་ཡོན་ཏན་གྱི་སྣ་སློང་བས། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་ཉམས་ལ་འཆར་རོ། ། དེ་དག་ལ་བུ་ག་ཡོད་ན་རླུང་འཇུག རྟོག་པ་སྐྱེས་ན་བདུད་ལྡང་། བཏང་སྙོམས་སུ་ལུས་ན་ལམ་དུ་མི་འགྲོ་བས་ཐམས་ཅད་ཉམས་སུ་ཤེས་པར་བྱ་སྟེ། གང་ལ་ཡང་སྐྱོན་དུ་མི་བལྟ་ཡོན་ཏན་དུ་མི་བཟུང་རེ་དོགས་དང་འཁུ་འཕྲིག་མེད་པར། ཉམས་སྣང་རང་ཤར་རང་གྲོལ་དུ་བསྐྱངས་པས་ཐམས་ཅད་བོགས་སུ་ཐོན་ནས་འགྲོ་བ་ཡིན་ནོ། ། མདོར་ན་སྒྲུབ་པ་བྱེད་པའི་དུས་ན། རེས་བློ་ལས་སུ་རུང་ཞིང་། དགེ་སྦྱོར་འཕེལ་ཏེ། སྒོམ་ཆེན་རྒྱུང་གླུ་ཙམ་རེ། རེས་བློ་བཀོལ་དུ་མི་གཏུབ། དགེ་སྦྱོར་འགྲིབ། ཤེས་པ་འཚུབས་པས། སྒོམ་ཆེན་ཡུས་ཁ་སྟོང་ངེ། མདོར་ན་མཐོ་དམན་གྱི་ཉམས་སུ་སྣ་ཚོགས་སྐྱེ་བས། ཞུམས་པ་དང་ཁེངས་པ་མེད་པར། ཞེན་མེད་བྱུང་རྒྱལ་དུ་གནད་ནས་བཟུང་ཞིང་ལམ་དུ་བཏང་། སྒྲུབ་པ་ལ་ཐང་ལྷོད་ལྟེམ་རྐྱང་མེད་པར་བུས་པས་ཐམས་ཅད་བོགས་སུ་ཐོན་འགྲོ་བ་ཡིན་ནོ། ། གཉིས་པ་ལུས་ན་ཚ་སྡུག་བསྔལ་གྱི་གེགས་བསལ་བ་ལ་ལྔ་སྟེ། (1)ནད་གནས་པའི་གཞི་ནི། ཀུན་གཞི་དང་རྩ་ཁམས་བག་ལ་ཉལ་བག་ཆགས་ཀྱི་ཚུལ་དུ་གནས་སོ། ། (2)འབྱུང་བའི་རྒྱུ་ནི། མ་རིག་པ་དང་བདག་ཏུ་འཛིན་པ་སྟེ། བསགས་པའི་ལས་ངན་ནོ། ། (3)སློང་བའི་རྐྱེན་ནི། ཉོན་མོངས་རྣམ་རྟོག་འདྲེ་དང་བཅས་པའོ། ། (4)སྨིན་པའི་འབྲས་བུ་ནི། ཚ་གྲང་བད་ཀན་གཟེར་ཐབས་སྦོས་ནད་ཀྱིས་གཙོས་བྱས་ཏེ། ནད་བཞི་བརྒྱ་རྩ་བཞིའོ། ། དེ་ལ་ལྷན་ཅིག་སྐྱེས་པའི་ནད་རྒྱུ་གཙོ། ཀུན་བརྟགས་ཀྱི་ནད་རྐྱེན། ནད་གང་ལ་ཡང་འདི་ལྔ་ཚང་དགོས་ཏེ། གཞི་བག་ལ་ཉལ། རྒྱུ་ལས་ངན། རྐྱེན་ཉོན་མོངས། མཚམས་སྦྱོར་རྣམ་རྟོག མཇུག་སྡུད་རླུང་། རྒྱབ་བརྟེན་ལྷ་འདྲེ། དེ་ཡང་རྒྱུ་འདོད་ཆགས་ཀྱི་ས་བོན་ཀུན་གཞི་ལ་ཡོད། རྐྱེན་འདོད་ཆགས་དྲག་པོས་བསླངས་པས་གྲང་བའི་ནད་དུ་ལྡང་། ནའོ་ཐུ་ན་ནི་སྙམ་པའི་རྣམ་རྟོག་གིས་མཚམས་སྦྱར། དེས་ཐུར་སེལ་གྱི་རླུང་ལོག གདོན་མོ་རིགས་བལྟའོ། ། དེ་བཞིན་དུ་རྒྱུ་ཞེ་སྡང་གི་ས་བོན། རྐྱེན་ཞེ་སྡང་དྲུག་པོས་བསླངས། རྣམ་རྟོག་གིས་མཚམས་སྦྱོར། མཉམ་གནས་ཀྱི་རླུང་ལོག ནད་མཁྲིས་པ། གདོན་མ་མོ། རྒྱུ་གཏི་མུག་གི་ས་བོན། རྐྱེན་ཉོན་མོངས་པ་གཏི་མུག ནའོ་ཐུའོ་སྙམ་པའི་རྣམ་རྟོག་གིས་མཚམས་སྦྱར། གྱེན་རྒྱུའི་རླུང་ལོག་གདོན་ཀླུ་གནོད་ནད་བད་ཀན་ནོ། ། རྒྱུ་ཕྲག་དོག་གི་ས་བོན། རྐྱེན་ཕྲག་དོག་དྲག་པོས་བསླངས། རྟོག་པས་མཚམས་སྦྱར། སྲོག་འཛིན་གྱི་རླུང་ལོག གདོན་བཙན། ནད་གཟེར་ཐབས་སོ། ། རྒྱུ་ང་རྒྱལ་གྱི་ས་བོན། རྐྱེན་ང་རྒྱལ་དྲག་པོས་བསླངས། རྟོག་པས་མཚམས་སྦྱར། ཁྱབ་བྱེད་ཀྱི་རླུང་ལོག ། གདོན་རྒྱལ་པོ་གནོད། ནད་སྦོས་ནད་དོ། ། (5)བཅོས་པའི་ཐབས་ལ་ལྔ་སྟེ། [1]རྒྱུ་མ་རིག་པ་ཡིན་པས། ལྷན་སྐྱེས་ཡེ་ཤེས་ཀྱི་ངོས་བཟུང་བ་ལ་གསུམ་སྟེ། 1)རབ་ངང་ལ་བཞག་པ་ནི། སྤྲོས་བྲལ་ངང་བཞག་རྒྱུན་ཆད་སྐྱེས་དང་སེལ། ། ཅེས་པས། ནད་དེ་ལ་ཕན་པའི་སྨན་ཐུན་གཅིག་མི་བཏང་། རིམ་གྲོ་ཡི་གེ་བརྒྱ་པ་གཅིག་ཀྱང་མི་བྱ། སྐྱོན་དུ་མི་བཟུང་། ཡོན་ཏན་དུ་མི་བལྟ། བཟོ་མེད་བྱུང་རྒྱལ་དུ་བསྐྱང་། སྤྲོས་བྲལ་རང་ལུགས་རྟོག་མེད་ཀྱི་ངང་ལ་ཆམ་བཞག དེ་ལྟར་བཞག་པས་རྣམ་རྟོག་རྒྱུན་ཆད། རྟོག་མེད་ཡེ་ཤེས་སྐྱེས་ནས་ནད་དེ་ཉིད་སེལ་ལོ། ། དེ་ལ་སྔོན་འགྲོའི་དུས་སུ་ནད་མི་བཙལ། དངོས་གཞིའི་དུས་སུ་ནད་མི་བསྒོམ། རྗེས་ཀྱི་དུས་སུ་ནད་ཀྱི་རོ་མི་མྱོང་ངོ་། ། དེས་ནད་རྙིང་པ་འཐོན་གསར་པས་མི་ཚུགས་སོ། ། 2)འབྲིང་སྒོམ་གནད་དུ་བཏང་བ་ནི། གནོད་པའི་ཟས་ཟ་འཕྲིག་བཅད་ལྟོས་མེད་བསྐྱུར། ། ཅེས་པས། འདི་ལ་གསུམ་སྟེ། འགལ་བསྒྱུར། འཕྲིག་བཅད། རོ་སྙོམས་པའོ། ། དང་པོ་འགལ་སྒྱུར་ནི་ནད་དེ་འདོད་ཐོག་ཏུ་ཁྱེར་ལ། ནད་ཁྱོད་ལ་བརྟེན་ནས་རྣམ་རྟོག་གི་གྲས་ཐག་བཅད་དུ་ཡོད་པ་རེ་དགའ་སྙམ་དུ་བསམ་སྟེ། ཤེས་པ་དགའ་སིང་ངེ་བཏང་། ནད་དེ་ལ་གནོད་པའི་ཟས་བཟའ། སྤྱོད་ལམ་བྱ། དེ་ལ་དྲི་ཆེན་བར་པ་བླངས་ལ་དྲོད་མ་ཡལ་བ་ཚུགས་ཚད་དུ་བཟའ། དྲི་ཆུ་བར་པ་ཡང་ཚུགས་ཚད་བཏུང་ངོ་། ། དེ་ནས་རླུང་རྩོལ་བསྒོམས་པས། སྟོད་ནད་ཡིན་ན་སྐྱུགས་སུ་འགྲོ། སྨད་ནད་ཡིན་ན་བཤ་ལ་དུ་འགྲོ ནད་འཐོན་པ་དང་གཅོད་སྨན་དུ་འགྲོ། གཉིས་པ་འཕྲིག་བཅད་པ་ནི། བཞིན་གྱི་མདངས་སྟོན། ངག་གི་ལ་བུན་བཅད། ཡིད་རེ་དོགས་ཀྱི་འཕྲིགས། ན་ན་ནི། ཐུ་ན་ནི། ཤི་ན་ནི། ཐུ་རུ་ཡོང་བས། མི་ཡོང་ངམ་སྙམ་པའི་རྟོག་པ་མེད་པར་འཁུ་འཕྲིགས་རྦད་བཅད་ལ་ལྟོས་མེད་དུ་རྒྱང་བསྒྱུར་རོ། ། གསུམ་པ་རོ་སྙོམས་པ་ནི། འཕྲང་བྱུང་ཙ་ན་ལུང་བླང་དགོས་པས་ཤེས་པ་གྲུངས་བཏོན་ཏེ་དགེ་སྦྱོར་གསལ་བཏབ་ལ། རྟེན་འབྲེལ་དམིགས་པ་མི་བསྒོམ། རིམ་གྲོ་དང་སྨན་དཔྱད་མི་བྱ། ན་ཟུག་དེ་ཉིད་ཀྱི་ངོ་བོ་ལ་བལྟས་ཤིང་ངང་ལ་བཞག་པས། ཉམས་མྱོང་སྐྱེས་པ་ཡིན་ན་རང་ཡལ་དུ་འགྲོ། རྟོགས་པ་སྐྱེས་པ་ཡིན་ན་གསལ་སྟོང་དུ་འཆང་། ཐ་མ་ཡང་ནད་ལ་དུ་ཿཁ་དང་རྣམ་རྟོག་མི་འབྱུང་ངོ་། ། 3)ཐ་མ་དམིགས་པས་བཅོས་པ་ནི། དཀར་དམར་ནག་པོའི་ཧཱུྃ་འཕྲོས་སྟེང་འོག་འདོན། ། ཅེས་པས། དང་པོ་སེམས་བསྐྱེད། སྐྱིལ་ཀྲུང་བཅའ། རང་ཡི་དམ་གྱི་ལྷ་རུ་བསྒོམ། དེའི་སྙིང་གི་དཀྱིལ་དུ་ཧཱུཾ་མཐིང་ནག་ནས་ཙམ་ཞིག་བསྒོམ། དེ་ནས་ནད་གང་ཡིན་བརྟགས་ལ། ཚ་བ་ཡིན་ན་སྙིང་ནད་གི་ཧཱུྃ་ལས་ཧཱུྃ་དཀར་པོ་ནས་ཙམ་ཞིག་འཕྲོས་པས། ཁོག་སྟོད་ཐམས་ཅད་བསྐོར་ནས། ནད་ཐམས་ཅད་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་འུབ་རིལ་བསྡུས། སྤྱི་གཙུག་ནས་འཐོན་ཏེ་ནམ་མཁའ་ལ་ཡལ་བར་བསམ་ལ་རླུང་གྱེན་ལ་འབུད། གྲང་བ་ཡིན་ན་སྙིང་གི་ཧཱུྃ་ལས་ཧཱུཾ་དམར་པོ་ནས་ཙམ་ཞིག་ཆད་ནས། ཁོག་སྨད་ཐམས་ཅད་བསྐོར། ནད་ཐམས་ཅད་བསྡུས། འོག་སྒོ་ནས་འཐོན་ཏེ་སའི་གཏིང་དུ་སོང་བར་བསམ། ཡན་ལག་གི་ནད་དམ། བྲང་ངར་ལ་སོགས་པ་ཁོལ་བུར་ན་ན། གང་ན་སར་ཧཱུཾ་ནག་པོ་ནས་ཙམ་གཅིག་བསམ་སྟེ། ཐམས་ཅད་བསྡུས་ནས། སྐྲངས་པའི་དམིགས་སམ། སོར་མོའི་རྩེ་མོ་ནས་འཐོན་པར་བསམ་མོ། ། ངོས་མ་ཟིན་པའི་ནད་ལ་སྙིང་ནང་གི་ཧཱུྃ་ལས་ཧཱུྃ་མཐིང་ཁ་ཆད་དེ་ལུས་ཀྱི་སྟོད་སྨད་ཐམས་ཅད་བསྐོར། ། ནད་ཀུན་བསྡུས་ནས་རླུང་གང་རྒྱུ་བའི་སྣ་ནས་འཐོན་ཏེ་བར་སྣང་ལ་ཡལ་བར་བསམ་མོ། ། ངང་ལ་བཞག་པ་ལ་ཤེས་པ་མི་རྟོག་པའི་ངང་དུ་ཧྲིལ་འགྲོ་དགོས། བཟློག་བསྒོམ་ལ་ཐེ་ཚོམ་དང་འཁུ་འཕྲིགས་མེད་པར་ལྟོས་མེད་དུ་རྒྱང་བསྐྱུར་དགོས། དམིགས་པ་ལ་ཤེས་པ་ཆིག་དམིགས་སུ་འགྲོ་དགོས། དེ་གསུམ་ཀ་ལ་བློ་ཁེལ་ཞིང་འགྱུར་དྲག་པ་གལ་ཆེའོ། །

[2]རྐྱེན་ཉོན་མོངས་པ་ཡིན་པས། སེམས་མཉམ་པར་བཞག

[3]མཚམས་སྦྱོར་རྣམ་རྟོག་ཡིན་པས། རྣམ་རྟོག་གི་རྒྱུན་བཅད། [4]མཇུག་སྡུད་རླུང་ཡིན་པས་རླུང་གནད་དུ་བཏང་། [5]རྒྱབ་རྟེན་ལྷ་འདྲེ་ཡིན་པས། ལྷ་འདྲེའི་རྣམ་རྟོག་སྤོང་བའོ། ། གསུམ་པ་སེམས་རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ་ནི། རང་ལས་གཞན་མེད་ཡང་འཁུ་འཕྲིགས་བཅད། ། ཅེས་པས། ཉམས་ཐལ་ཐོལ་སྐྱེས་པའི་དུས་སུ་རྩ་གནས་ཀྱི་རྟེན་འབྲེལ་དང་། རྣམ་རྟོག་གི་ཐེར་ཟུག་གིས་བདུད་རིགས་ལྷ་འདྲེའི་ཆོ་འཕྲུལ་དང་ཐེར་ཟུག་འོང་ངོ་། ། དེ་ལ་འཇིགས་པ་དང་ཉམས་པའི་རྣམ་རྟོག་སྐྱེས་ན་མྱུར་དུ་གནད་ནས་བཟུང་ལ་ལམ་དུ་བཏང་ངོ་། ། དེ་རང་གར་བཞག་པའམ་དེའི་དབང་དུ་ཤོར་ན། ཕྱིས་སྒྲུབ་པ་ནམ་བྱེད་ཀྱི་བར་ཆད་དུ་ཡོང་བ་ཡིན་ནོ། ། གཞན་ཡང་མཐོ་དམན་གྱི་གེགས་བྱུང་བ་དེ་ཉིད་ལམ་དུ་མ་ཐོངས་ན། ཕྱིས་སྒྲུབ་པ་བྱེད་པའི་དུས་ན། དེ་ཉིད་སྐྱེད་དང་བཅས་པ་གཅིག་བྱུང་ནས་བར་ཆད་དུ་འགྲོ་བ་ཡིན་པས་ལམ་དུ་བཏང་བ་གལ་ཆེ་སྟེ། སྤྱིར་ལམ་དུ་བཏང་བ་ནི། རྩ་བ་རང་གི་རྣམ་རྟོག་ལམ་སྲང་བཅད་ལ། གདོན་དང་ཆོ་འཕྲུལ་ལྟར་སྣང་བ་འདིར་རང་གི་བློ་འཁྲུལ་པའི་རང་ངོར་ཤར་བ་ཡིན་ཏེ། རང་ལས་གཞན་པའི་ལྷ་འདྲེ་ནི་གཏན་ནས་རང་མེད་དོ། ། དེ་ཡང་གདོན་དང་ཆོ་འཕྲུལ་ལྟར་སྣང་བའི་དུས་ཉིད་ནི། བློ་འཁྲུལ་པའི་རང་ངོར་ཤར་བ་ཡིན་ཏེ། དེ་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་མ་གྲུབ་པར་ཤེས་པའི་གནད་ཀྱིས། ཆོ་འཕྲུལ་ནམ་བྱུང་བའི་དུས་ན་འཕྲུལ་འཁོར་བཅས། ལྟ་སྟངས་བཞག་ནས་ངོ་བོ་ལ་བལྟས་པས། གསལ་སྟོང་དུ་འཆར་སྟེ། རྣམ་རྟོག་གསལ་སྟོང་དུ་ཤར་ཙམ་ན་ལམ་དུ་བསླངས་པ་ཡིན་ནོ། ། གཞན་ཡང་ལྷའི་ང་རྒྱལ་དང་ལྡན། ལྟ་བའི་གདིང་ཆེ། ཟབ་མོའི་གནད་ཤེས། སྙིང་སྟོབས་གདིང་དང་ལྡན་པར་བྱས་ཏེ། ཉམ་ང་དང་བག་ཚ་འཁུ་འཕྲིགས་རྦད་བཅད་ལ། བདུད་ཚོགས་འདྲེ་དམག་གང་བྱུང་ཡང་། བ་སྤུའི་བུ་ག་གཅིག་ཀྱང་སྐྱོད་པར་མི་ནུས། བར་ཆད་བྱ་བ་འོང་རང་མི་འོང་། ཚུགས་རང་མི་ཚུགས་བསམ་པའི་སེམས་དཔའ་འབར་བྱའོ། ། འདྲེ་དང་བར་ཆད་ལ་སོགས་པ་བྱུང་ན་ནི་སྙམ་པའི་རྣམ་རྟོག་མང་བ་ནི་འདྲེ་ལ་སྣ་ལེན་བྱེད་པ་ཡིན་ནོ། ། དེས་ན་ལྷ་འདྲེ་ལྟར་སྣང་བ་ཐམས་ཅད་རང་གི་རྣམ་རྟོག་གི་རང་གཟུགས་ཤར་བ་ཡིན་གྱི། གཞན་དུ་གྲུབ་པ་སྤུ་ཙམ་ཡང་མེད་པས་རྣམ་རྟོག་གི་རྒྱུན་བཅད། ཕུང་པོ་ཚོགས་སུ་དབུལ། ལུས་གཟན་དུ་སྦྱིན། བདག་འཛིན་བློས་ལིང་བཏང་། གནད་ནས་བཟུང་ལ་ལམ་དུ་བཏང་ངོ་། ། བཞི་པ་རྐྱེན་སྣང་གློ་བུར་གྱི་གེགས་བསལ་བ་ལ་གྲིབ་བཞི་སྟེ། (1)དམ་ཚིག་ཉམས་པའི་གྲིབ་ནི། དམ་ཚིག་ཉམས་པའམ། ཉེན་པའམ། སེལ་ཞུགས་པ་ལས་བྱུང་ངོ་། ། (2)གྲོགས་ཀྱི་གྲིབ་ནི། གྲོགས་ཉམས་པའམ། སྡོམ་པ་ཤོར་བའམ། མི་སྡིག་པོ་ཆེ་དང་གློ་བུར་དུ་ཕྲད་པའམ། ཁ་འདྲེས་པ་འབྱུང་ངོ་། ། (3)གནས་ཀྱི་གྲིབ་ནི། སྡིག་ཁང་། འདྲེ་ཁང་། མཁོན་ཁང་། དམ་ཁང་ལ་སོགས་པར་བསྡད་པ་ལས་གྲིབ་འབྱུང་ངོ། ། (4)ཟས་ཀྱི་གྲིབ་ནི། འཁོན་ཟས་དམེ་ཟས། སྡིག་ཟས་ལ་སོགས་པ་ལས་གྲིབ་འབྱུང་ངོ་། །

Tibetan Source 《རིན་ཆེན་གཏེར་མཛོད་ཨི་པ་》ཤ་58ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number