2202

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལུས་འཕེལ་བའི་རྐྱེན་བཤད་པ་གསུམ།
Tibetan Alternate
Tibetan Definition 1.འཕེལ་བའི་རྒྱུ་ངོས་བཟུང་བ་ནི། དེ་ལྟར་ཆགས་ནས་འཕེལ་བའི་ཚུལ་བསྟན་པ། ། མངལ་ཆགས་འཕེལ་བའི་རྒྱུ་ནི་ལྟེ་བར་སྟེ། ། བུ་སྣོད་གཡས་གཡོན་རྩ་དང་ལྟེ་བ་འབྲེལ། རྩ་གཉིས་བསམ་བསེའུ་བཅུད་ཀྱི་རྟེན་དང་འབྲེལ། ། དེ་ཕྱིར་མ་ཡི་ཁ་ཟས་དྭངས་མ་ཡིས། ། རིམ་གྱིས་མངལ་དུ་རྣམ་པར་འཕེལ་འགྱུར་ཏེ། ། དཔེར་ན་རྫིང་ཡུར་ཆུ་ཡིས་ཞིང་སྐྱེད་འདྲ། ། ཞེས་པ་སྟེ། ཇི་སྐད་བཤད་པའི་རྒྱུ་རྐྱེན་རྟེན་འབྲེལ་དེ་རྣམས་ཚོགས་པ་ལས་ལུས་དེ་ལྟར་ཆགས་ནས་དེ་ཉིད་རིམ་པར་འཕེལ་ཞིང་ཆེར་སྐྱེད་པའི་ཚུལ་དཔེ་དོན་གཉིས་སུ་སྦྱར་ཏེ་མདོར་བསྡུས་ཀྱི་སྒོ་ནས་བསྟན་པར་བྱ་བ་འདི་ལྟ་སྟེ། དེ་ཡང་མངལ་དུ་ཆགས་པའི་ལུས་ཅན་དེ་ཉིད་རིམ་པར་ཆེས་ཆེར་འཕེལ་བར་བྱེད་པའི་རྒྱུའམ་གཞི་དངོས་ནི་མངལ་གནས་རང་ཉིད་ཀྱི་ལྟེ་བ་ཉིད་ཡིན་ཏེ། ཅི་ཕྱིར་ཞེ་ན། མའི་བུ་སྣོད་ཀྱི་གཡས་གཡོན་དུ་རྩ་གཉིས་ཡོད་པ་དེའི་སྣེ་མངལ་གནས་ཀྱི་ལྟེ་བར་ཟུག་ནས་ཆོས་ཉིད་ཀྱི་སྟོབས་ཀྱིས་འབྲེལ་བ་དང་། བུ་སྣོད་གཡས་གཡོན་གྱི་རྩ་གཉིས་པོ་དེའི་ཡས་སྣེ་གྱེན་ཕྱོགས་སུ་བསམ་བསེའུ་ཞེས་པ་ལུས་ཟུངས་ཐམས་ཅད་ཀྱི་དྭངས་མའི་བཅུད་ཀྱི་ཡང་སྙིང་གསོག་པའི་སྣོད་དམ་རྟེན་དེ་དང་འབྲེལ་ནས་ཡོད་པ་དེའི་ཕྱིར། མས་རོ་དྲུག་གི་ཁ་ཟས་གང་དང་གང་ཟོས་པའི་དྭངས་མའི་བཅུད་དེ་ཡིས་ཕོ་བའི་གནས་ནས་རིམ་པས་ལུས་ཟུངས་བདུན་པོ་སོ་སོར་རྒྱུན་མི་འཆད་པར་འཕེལ་བ་ལས་འབྱུང་བའི་ཐ་མའི་བཅུད་ཆེན་པོ་དེ་ཉིད་བསམ་བསེའུ་ནས་རྩ་གཉིས་པོར་བརྒྱུད་དེ་མངལ་གནས་ཀྱི་ལྟེ་བར་ཞུགས་པ་ཡིས་མངལ་གནས་དེ་ཉིད་ཀྱི་ཟུངས་སྟོབས་རིམ་གྱིས་རྣམ་པར་འཕེལ་བར་འགྱུར་བ་ཡིན་ཏེ། དཔེར་ན་ཆུ་རྒྱུན་ཤིན་ཏུ་ཕྲ་བ་ལས་རིམ་པར་བསགས་པའི་རྫོང་དང་འདྲ་བའི་བསམ་བསེའུ་ནས་ཡུར་བ་དང་འདྲ་བའི་རྩའི་སྦུབས་གཉིས་པོ་བརྒྱུད་ཆུ་དང་འདྲ་བའི་དྭངས་མའི་རྒྱུན་འབྱུང་བ་དེས་ཞིང་ས་དང་འདྲ་བའི་མངལ་གནས་དེའི་ལོ་ཏོག་དང་འདྲ་བའི་ཁམས་རྣམས་འཕེལ་ཞིང་སྐྱེད་པར་བྱེད་པ་ཡིན་ལ། བུད་མེད་རྣམས་མངལ་སྦྲུམ་པའི་རིང་ཟླ་མཚན་མི་འབྱུང་བ་ཡང་དེའི་རྐྱེན་གྱིས་ཡིན་པར་བཤད་དོ། །

2.འཕེལ་ཚུལ་དངོས་བསྟན་པ་ལ་གསུམ་སྟེ། (1)ཟླ་བ་དང་པོའི་འཕེལ་ཚུལ་བཤད་པ་ནི། དེ་ཡང་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱིས། ། རླུང་གིས་བསྒྱུར་ནས་ཟླ་དགུར་འཕེལ་འགྱུར་ཏེ། ། ཟླ་བ་དང་པོའི་བདུན་ཕྲག་དང་པོའི་དུས། ། འོ་མར་རུ་མ་བླུག་འདྲ་ཁུ་ཁྲག་འདྲེས། ། བདུན་ཕྲག་གཉིས་པར་ནུར་ནུར་པོ་རུ་འགྱུར། ། བདུན་ཕྲག་གསུམ་པ་ཞོ་ཆགས་ལྟ་བུར་སྣང་། ། ཞེས་པ་སྟེ། དེ་ཡང་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ལྷག་ཙམ་རིང་རླུང་རྣམས་ཀྱི་བྱེད་ལས་ཀྱིས་རིམ་པར་བསྒྱུར་ཏེ་ཟླ་བ་དགུ་ཡི་བར་དུ་འཚར་ཞིང་འཕེལ་བར་འགྱུར་བ་ཡིན་ཏེ། དེ་ཡང་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱི་བར་དུ་ཇི་ལྟར་འཕེལ་ལམ་ཞེ་ན། མངལ་དུ་ཁུ་ཁྲུག་གཉིས་ལྷན་ཅིག་ཏུ་ཚོགས་པའི་སྐད་ཅིག་མ་དེ་ནས་བརྩིས་པའི་ཟླ་བ་དང་པོ་ལ་བདུན་ཕྲག་བཞི་ལྷག་ཙམ་ཡོད་པའི་ཁོངས་ནས་བདུན་ཕྲག་དང་པོའི་དུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ལས་ཆོས་ཉིད་ཀྱི་སྟོབས་ཀྱིས་སྲོག་ཆེན་པོའི་རླུང་ཞེས་བྱ་བ་ཞིག་འཕྲོས་ནས་དེའི་བྱེད་ལས་ཀྱིས་ཞོའི་དོན་དུ་འོ་མ་བསྐོལ་བར་རུ་མ་བླུགས་ཏེ་དཀྲུགས་པ་དང་འདྲ་བར་ཁུ་ཁྲག་གཉིས་ཀྱི་རྡུལ་ཐམས་ཅད་ཕན་ཚུན་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བྱེད་པ་དང་། བདུན་ཕྲག་གཉིས་པའི་སྐབས་སུ་ཀུན་ཏུ་སྡུད་པ་ཞེས་བྱ་བའི་རླུང་གི་བྱེད་ལས་ཀྱིས་སྔ་མ་ལས་ཅུང་ཟད་སྐ་ཞིང་ནུར་ནུར་པོར་འགྱུར་བར་བྱེད་པ། བདུན་ཕྲག་གསུམ་པ་ལ་མཛོད་ཀ་ཞེས་བྱ་བའི་རླུང་གི་བྱེད་ལས་ཀྱིས་གོང་གི་ནུར་ནུར་པོ་དེ་ཞོ་ཆགས་ཟིན་པ་ལྟ་བུར་སྣང་བ་སྐ་བའི་རང་བཞིན་ཅན་དུ་འགྱུར་བར་བྱེད་པ་བཅས་ཡིན་ནོ། ། (2)ལྟེ་བསྒྱུར་གྱི་ཐབས་བསྟན་པ་ནི། སྐྱེས་བུ་འདོད་པས་དུས་འདིར་ཐབས་བསྟེན་ཏེ། ། མཚན་མ་གསལ་བར་མ་གྱུར་གོང་དུ་བྱ། ། འདི་སྟོབས་ལྡན་པས་ལས་ཀྱང་ཟིལ་གནོན་ནུས། ། ཞེས་པ་སྟེ། དེ་ཡང་སྐྱེས་པ་བུ་ཕོ་སྐྱེ་བར་འདོད་པ་རྣམས་ཀྱིས་དུས་སྐབས་འདི་ཉིད་ཁོ་ནར་ལྟེ་བ་བསྒྱུར་བའི་ཐབས་བསྟེན་པར་བྱ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཐབས་འདི་ནི་མངལ་གནས་དེ་ལ་ཕོ་མོ་སོ་སོའི་མཚན་མ་གསལ་བར་མ་འགྱུར་བའི་གོང་དུ་བྱ་དགོས་པ་ལས་དེ་ལས་འདས་ན་བསྒྱུར་བར་མི་ནུས་པའི་ཕྱིར་རོ། ། ཞལ་ལུང་དུ་འདི་ལས་སྔ་བར་ཡང་བྱ་རུང་ངོ་ཞེས་གསུངས་སོ། ། དེས་ན་ལྟེ་བ་བཙན་ཐབས་སུ་བསྒྱུར་བའི་ཐབས་སམ་ཆོ་ག་འདི་ཉིད་འཆད་འགྱུར་གྱི་ལག་ལེན་རྣམས་ཚུལ་བཞིན་དུ་བྱས་ན་འདི་ཉིད་ཤིན་ཏུ་ནུས་སྟོབས་དང་ལྡན་པ་ཞིག་ཡིན་པའི་དོན་གྱིས་བུ་མོར་སྐྱེ་བར་འགྱུར་བའི་ལས་འཛོམས་ཡོད་དུ་ཟིན་ཀྱང་རྐྱེན་གྱི་སྟོབས་ལས་སྐྱེ་བ་གཅིག་གི་རིང་ལ་ལས་དེ་ཉིད་ཟིལ་གྱིས་གནོན་ནས་བུ་ཕོར་བསྒྱུར་ནུས་པ་ཡིན་ནོ། ། བྱེ་བྲག་ལྟེ་བ་བསྒྱུར་བའི་ཐབས་ལ་ཡང་གསུམ་སྟེ། [1]རྟེན་འབྲེལ་དང་རྫས་ཀྱིས་བསྒྱུར་བ་བསྟན་པ། [2]སྨན་དང་སྲུང་བས་བསྒྱུར་བ། [3]མངལ་སྲུང་བའི་ཐབས་བསྟན་པའོ། ། (དེ་དག་གི་རྩ་འགྲེལ་ཡིག་ཐོར་གྱི་རྐྱེན་པས་རེ་ཞིག་བཏང་སྙོམས་བྱས་པ་ཞིབ་པར་མཁྱེན་འདོད་ན་གཞུང་འདིར་གཟིགས་པར་ཞུ་) (3)ཟླ་བ་གཞན་གྱི་འཕེལ་ཚུལ་བསྟན་པ་ལ་བཞི་སྟེ། [1]ཟླ་བ་དང་པོའི་མཇུག་ཏུ་མཚན་མ་དོད་ཚུལ་རྟགས་དང་བཅས་པ་བསྟན་པ་ནི། བཞི་པ་གོར་གོར་མེར་མེར་ནར་ནར་པོ། ། དེ་ལས་ཕོ་མོ་མ་ནིང་རིམ་པར་འགྱུར། ། དེ་རྟགས་དཀུ་ལྕི་ལུས་རིད་ཡི་ག་འགག ། གཡལ་རླུང་སྐྱིད་སྐྱུར་ནུ་མ་སྐྱེ་བ་དང་། ། སྐྱུར་ལ་དགའ་ཞིང་སྙིང་ལ་སྣ་ཚོགས་འདོད། ། དེ་བཀག་མངལ་འཇིག་གཟུགས་མི་སྡུག་པར་འགྱུར། ། དེ་བས་གནོད་པའང་ཕན་བསྲེས་ཅུང་ཟད་བྱིན། ། ཞེས་པ་སྟེ། བདུན་ཕྲག་བཞི་པ་ལ་རབ་ཏུ་འབྱེད་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་སྔ་སོར་ཁུ་ཁྲག་གཉིས་ཞོ་ལྟར་ཆགས་པ་དེ་ལས་འགྱུར་ནས་གོར་གོར་རམ་ཅུང་ཟད་ས་ཞིང་འདྲིལ་བའི་རྣམ་པ་དང་། ཡང་ན་སླ་ཞིང་མེར་མེར་པོའི་རྣམ་པ། ཡང་ན་དབྱིབས་ནར་ནར་པོ་བཅས་གང་རུང་དུ་འགྱུར་བ་ཡིན་ཞིང་། དེ་དག་ལས་དང་པོར་འགྱུར་ན་བུ་ཕོ་དང་། གཉིས་པ་ལྟར་མེར་མེར་པོ་འགྱུར་ན་བུ་མོ། གསུམ་པ་ལྟར་ནར་ནར་པོར་འགྱུར་ན་མ་ནིང་བཅས་སུ་རིམ་པ་ལྟར་འགྱུར་བ་ཡིན་ལ་དེ་དག་གང་ཡང་རུང་བ་ཞིག་ཏུ་འགྱུར་བའི་ཚེ་ན་བུད་མེད་རང་ཉིད་ཀྱིས་ཤེས་ཤིང་གསལ་བར་འགྱུར་བ་ཡིན། ། དེའི་རྟགས་སུ་དཀུའམ་མངལ་ཁ་ཅུང་ལྷོད་ཅིང་ཚང་ར་སོགས་ལུས་སྨད་ལྕི་བ་དང་། ལུས་གློ་བུར་དུ་རིད་པ་དང་། སྐྱུགས་མེར་ལངས་ཏེ་ཟས་ཀྱི་ཡི་ག་འགགས་པ། གཡལ་མང་ཞིང་བུ་ཀླུང་ཡང་ཡང་བྱེད་འདོད་པ། འགྲོས་ཀྱིས་དུབ་པ་ལྟར་སྒྱིད་པ་སྒྱུར་བ། ནུ་མ་སྔར་བས་ཆེར་རྒྱས་པ། ཟས་སྐོམ་སྐྱུར་བའི་རིགས་ལ་ལྷག་པར་དགའ་ཞིང་། མདོར་ན་མངལ་གནས་ཀྱི་ལུས་ཅན་དེའི་དབང་གིས་བུད་མེད་དེ་ཉིད་སྙིང་ལ་ཟས་སྐོམ་སྣ་ཚོགས་བཟའ་འདོད་པ་ཞིག་འབྱུང་བ་ཡིན་ལ། ཇི་ལྟར་འདོད་པའི་ཟས་སྐོམ་རྣམས་མ་བྱིན་པར་བཀག་པར་འགྱུར་ན་མངལ་གནས་དེ་ཉིད་འཇིག་ཅིང་འཆི་བར་འགྱུར་ལ། གལ་ཏེ་འཆི་བར་མ་གྱུར་ནའང་དམུས་ལོང་དང་། སྒུར་པོ་སོགས་གཟུགས་མི་སྡུག་པ་སྣ་ཚོགས་སུ་སྐྱེ་བར་འགྱུར་བ་དེ་བས་ན་འདོད་པ་བྱེད་པའི་ཟས་སྐོམ་དེ་རིགས་བུད་མེད་དེ་ཉིད་ཀྱི་ནད་གཞིའམ་ལུས་ཁམས་ལ་གནོད་པ་ཞིག་སྣང་ཡང་། བཤུལ་ཆགས་དང་། མཛོ་རྟོལ་གྱི་ཤ་མ་གཏོགས་དེ་མིན་མ་བུ་གཉིས་ཀར་ཕན་ཞིང་འཕྲོད་པའི་ཟས་སྐོམ་འགའ་ཞིག་དང་མཉམ་དུ་བསྲེས་ནས་ཅུང་ཟད་རེ་བྱིན་པར་བྱ་དགོས་པ་ཡིན་ཏེ། ཟླ་ཟེར་ལས། འདི་ཡི་སྙིང་ནི་མ་ལས་སྐྱེས། ། མ་ཡི་སྙིང་ཡང་དེ་དང་ནི། འབྲེལ་བས་དེའི་ཕྱིར་སྦྲུམ་མ་འདིའི། ། སྲེད་པ་དགག་པར་མི་བྱའོ། ། ཞེས་གསུངས་པའི་ཕྱིར་རོ། ། [2]དུས་རིམ་དང་པོའི་འཕེལ་ཚུལ་ནི། ཟླ་བ་གཉིས་པ་བདུན་ཕྲག་ལྔ་པ་ལ། ། མངལ་གནས་ལུས་ཀྱི་དང་པོ་ལྟེ་བ་ཆགས། ། དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས། ། བདུན་པར་མིག་གི་དབང་པོ་གཟུགས་སུ་དོད། ། བརྒྱད་པ་དེ་ལ་བརྟེན་ནས་མགོ་དབྱིབས་ཆགས། ། དགུ་པ་ལུས་དབྱིབས་ཁོག་པ་སྟོད་སྨད་ཆགས། ། ཞེས་པ་སྟེ། ཟླ་བ་གཉིས་པ་ལ་སྔ་མའི་ཞག་ལྷག་མ་དང་བཅས་པ་བསྣན་པས་བདུན་ཕྲག་ལྔ་ཡོད་པ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་ལྔ་པའི་སྐབས་སུ་ཡང་དག་པར་སྡུད་པའི་རླུང་ཞེས་པའི་བྱེད་ལས་ཀྱིས་མངལ་གནས་དེ་ཉིད་སྔར་གྱི་གོར་གོར་མེར་མེར་སོགས་གང་རུང་གི་རྣམ་པ་དེ་ལས་འདས་ནས་མཁྲེགས་ཤིང་མཁྲང་འགྱུར་གྱི་ཞག་ཅེས་བྱ་ཞིང་། དེ་ལྟར་མཁྲང་འགྱུར་གྱི་ཞག་འདིའི་སྐབས་སུ་མངལ་གནས་ཀྱི་སེམས་ཅན་དེའི་ལུས་ཀྱི་ཆ་ཤས་ཀྱི་ནང་ནས་དང་པོ་ཁོ་ནར་རྩ་རླུང་ཐམས་ཅད་སྐྱེད་པའི་རྩ་བ་ལྟ་བུར་གྱུར་པའི་ལྟེ་བའི་རྩ་འདབ་ཀྱི་རྣམ་པ་དེ་ཉིད་ཆགས་འགྱུར་གྱི་ཚིགས་པ་བཅུ་དྲུག་པའི་ཐད་དུ་ཆགས་པར་འགྱུར་བ་དང་། བདུན་ཕྲག་དྲུག་པར་ཟས་ཞེས་པའི་རླུང་གི་བྱེད་ལས་ཀྱིས་ལྟེ་བའི་རྩ་འདབ་ཀྱི་དབུས་དེ་ལ་བརྟེན་ནས་སྲོག་པ་རྩ་ཞེས་འཕར་རྩ་ཐམས་ཅད་ཀྱི་སྡོང་པོ་སྲོག་གི་རླུང་གི་རྟེན་དེ་ནི་དུས་ཀྱི་འཁོར་ལོ་དང་ཟབ་མོ་ནང་དོན་གྱི་དགོངས་པ་ལྟར་མེས་ཞལ་ལས་རང་སོར་ཕྱེད་དང་བཅུ་གསུམ་ཞེས་གསུངས་ཀྱང་དེ་ནི་འཁོར་ལོ་དྲུག་གི་དབང་དུ་བྱས་ཏེ་གསུངས་པ་ཡིན་ལ། འདིར་ནི་འཁོར་ལོ་བཞི་དང་ཤུགས་བསྟན་བཅས་ལྔ་ལས་མེད་ཕྱིར་མངལ་གནས་རང་ཉིད་ཀྱི་རང་སོར་བཅུ་དྲུག་བར་གྱེན་ཕྱོགས་སུ་གྱེས་པ་དང་འབྲེལ། དེའི་ཡར་སྣེ་ཚིགས་པ་བརྒྱུད་པའི་ཐད་དུ་སྙིང་ཁམས་ཀྱི་རྩ་འདབ་མ་བཞི་པའི་རྣམ་པ་དང་བཅས་པ་ཆགས་པ་དང་། བདུན་ཕྲག་བདུན་པར་འཁྱིལ་བར་བྱེད་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་སྙིང་ག་ནས་སྲོག་པ་རྩ་དེ་རང་སོར་བཅུ་བཞི་ཚད་ཙམ་གྱེན་དུ་སོང་སྟེ་ཨན་སྟོང་ཚིགས་པ་དང་པོའི་ཐད་དུ་མགྲིན་པའི་རྩ་འཁོར་ཆགས་པ་འདིར་དངོས་སུ་མ་བསྟན་ཀྱང་ཤུགས་བསྟན་དུ་གོ་དགོས་པ་དང་། དེ་ནས་སླར་ཡང་རླུང་དེའི་བྱེད་ལས་ཀྱིས་གྱེན་ཕྱོགས་སུ་རང་སོར་བཅུ་དྲུག་བར་གྱེས་ཏེ་ཡར་སྣེ་སྤྱི་བོའམ་མགོ་བོའི་རྩ་འདབ་མིག་གི་དབང་པོ་དང་བཅས་པའི་གཟུགས་དབྱིབས་དོད་པ་དང་། དེ་དང་དུས་མཉམ་དུ་ལྟེ་བ་ནས་སྲོག་པ་རྩ་དེ་ཐུར་དུ་རང་སོར་བཅུ་བཞི་བར་གྱེས་ཏེ་མར་སྣེ་གསང་གནས་ཀྱི་རྩ་འདབ་དང་བཅས་པ་ཆགས་པར་འགྱུར་བ་དང་། བདུན་ཕྲག་བརྒྱད་པར་བཟློག་ཅིང་བསྒྱུར་བར་བྱེད་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་མགོ་བོའི་རྩ་འདབ་མིག་གི་དབང་པོ་དང་བཅས་པ་ཆགས་ཤིང་། དེ་ལ་བརྟེན་ནས་མགོ་བོའི་དབྱིབས་ཙམ་ཆགས་པར་འགྱུར་བ་དང་། བདུན་ཕྲག་དགུ་པར་རྣམ་པར་འབྱེད་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་ཡན་ལག་བཞི་པོ་རྣམས་མ་གཏོགས་པའི་ལུས་བྱིངས་ཀྱི་དབྱིབས་སམ་ཁོག་པ་སྟོད་སྨད་ཀྱི་རྣམ་པ་ཕལ་ཆེར་ཆགས་པར་འགྱུར། དུས་སྐབས་འདིའི་རིང་སྲོག་རྩའི་ནུས་པས་ལུས་དཀྱུས་གཅིག་ཏུ་ཆགས་པའི་ཐོག་མའི་རིམ་པའོ། ། [3]དུས་རིམ་གཉིས་པའི་འཕེལ་ཚུལ་ནི། ཟླ་བ་གསུམ་པ་བདུན་ཕྲག་བཅུ་པ་ལ། ། དཔུང་པ་གཉིས་དང་དཔྱི་གཉིས་འབུར་དུ་དོད། ། བཅུ་གཅིག་དབང་པོ་དགུ་ཡི་གཟུགས་དབྱིབས་དོད། ། བཅུ་གཉིས་པ་ལ་དོན་ལྔའི་གཟུགས་དབྱིབས་དོད། ། བཅུ་གསུམ་པ་ལ་སྣོད་དྲུག་གཟུགས་དབྱིབས་དོད། ། ཟླ་བ་བཞི་པ་བདུན་ཕྲག་བཅུ་བཞི་ལ། ། དཔུང་རྐང་བརླ་རྐང་བཞི་ཡི་གཟུགས་དབྱིབས་དོད། ། བཅོ་ལྔ་པ་ལ་རྐང་ལག་རྗེ་ངར་དོད། ། བཅུ་དྲུག་པ་ལ་སོར་མོ་ཉི་ཤུ་དོད། ། བཅུ་བདུན་ཕྱི་ནང་འབྲེལ་བའི་རྩ་རྣམས་ཆགས། ། ཞེས་པ་སྟེ། ཟླ་བ་གསུམ་པ་ནས་ཞག་གསུམ་གོང་དུ་བཅད་པའི་ལྷག་མ་བདུན་ཕྲག་བཞི་ཡོད་པ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་བཅུ་པར་སྲ་བར་བྱེད་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་ཉའི་རྣམ་པ་དེ་ལས་དཔུང་པ་གཉིས་དང་དཔྱི་རུས་གཉིས་འབུར་དུ་དོད་པ་དང་། བདུན་ཕྲག་བཅུ་གཅིག་པར་རྡོ་རྗེ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་དབང་པོའི་སྒོ་དང་བཅས་པའི་བུ་ག་དགུའི་གཟུགས་དབྱིབས་རྣམས་དོད་པ་ཡིན་ནོ། ། འདིར་གཟུགས་དབྱིབས་ཞེས་པ་རྣམས་ནི་དེ་དང་དེའི་གཟུགས་དབྱིབས་ཀྱི་རྣམ་པ་ཙམ་ཆགས་པའི་དོན་ཡིན་གྱི་གཟུགས་དངོས་སུ་གསལ་བར་ཆགས་པའི་དོན་མ་ཡིན་ནོ། ། བདུན་ཕྲག་བཅུ་གཉིས་པ་ལ་ཡོན་པོའི་སྒོ་ཞེས་པའི་རླུང་གི་བྱེད་ལས་ཀྱི་དོན་ལྔའི་གཟུགས་དབྱིབས་རྣམས་དོད་ལ། བདུན་ཕྲག་བཅུ་གསུམ་པ་ལ་བཀྲེས་ཤིང་སྐོམ་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་སྣོད་དྲུག་གི་གཟུགས་དབྱིབས་རྣམས་དོད་དོ། ། ཟླ་བ་བཞི་པ་ལ་བདུན་ཕྲག་བཞི་ལྷག་ཙམ་ཡོད་པ་རྣམས་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་བཅུ་བཞི་པ་ལ་སྐུད་པའི་སྒོ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་དཔུང་པའི་རྐང་གཉིས་དང་བརླའི་རྐང་གཉིས་ཏེ་རྐང་བཞི་པོའི་གཟུགས་དབྱིབས་རྣམས་དོད་པ་དང་། བདུན་ཕྲག་བཅོ་ལྔ་པ་ལ་པད་མ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་རྐང་པ་དང་ལག་པའི་རྗེ་ངར་བཞི་པོའི་གཟུགས་དབྱིབས་རྣམས་དོད་ཅིང་། བདུན་ཕྲག་བཅུ་དྲུག་པ་ལ་བདུད་རྩི་འགྲོ་བ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་རྐང་ལག་གཉིས་ཀྱི་སོར་མོ་ཉི་ཤུ་པོའི་གཟུགས་དབྱིབས་རྣམས་དོད་ལ། བདུན་ཕྲག་བཅུ་བདུན་པར་འབྲི་གདོང་ཞེས་པའི་རླུང་གི་བྱེད་ལས་ཀྱིས་ཡན་ལག་དང་བཅས་པའི་ལུས་ཁམས་ཀྱི་ཕྱི་ནང་དུ་འབྲེལ་ཞིང་མངོན་པའི་ཚུ་བཅུ་དྲུག་དང་། མི་མངོན་པའི་རྩ་གྲངས་མེད་པ་རྣམས་ཆགས་པ་ནི་བར་དུ་ཆགས་པའི་རིམ་པའོ། ། [4]དུས་རིམ་གསུམ་པའི་འཕེལ་ཚུལ་ནི། ཟླ་ལྔ་བདུན་ཕྲག་བཅོ་བརྒྱད་ཤ་ཚིལ་ཆགས། ། བཅུ་དགུ་པ་ལ་ཆུ་བ་རྒྱུས་པ་ཆགས། ། ཉི་ཤུ་པ་ལ་རུས་དང་རྐང་མར་ཆགས། ། རྩ་གཅིག་པ་ལ་ཕྱི་ཡི་པགས་པ་གཡོགས། ། དེ་ནས་ཟླ་དྲུག་བདུན་ཕྲག་རྩ་གཉིས་ལ། ། དབང་པོ་སྒོ་དགུའི་བུ་ག་རྣམ་པར་བྱེ། ། རྩ་གསུམ་སྐུ་དང་བ་སྤུ་སེན་མོ་སྐྱེ། ། རྩ་བཞི་པ་ལ་དོན་སྣོད་གསལ་བར་སྨིན། ། དེ་དུས་བདེ་དང་སྡུག་བསྔལ་ཤེས་པར་འགྱུར། ། རྩ་ལྔ་པ་ལ་རླུང་གི་རྒྱུ་བ་འབྱུང་། ། རྩ་དྲུག་པ་ལ་སེམས་ཀྱི་དྲན་པ་གསལ། ། དེ་ནས་ཟླ་བདུན་བདུན་ཕྲག་རྩ་བདུན་ནས། ། སུམ་ཅུའི་བར་གྱིས་ཐམས་ཅད་གསལ་རྫོགས་འགྱུར། ། ཟླ་བ་བརྒྱད་པ་བདུན་ཕྲག་སོ་གཅིག་ནས། ། སོ་ལྔའི་བར་གྱིས་ཐམས་ཅད་ཆེར་འཕེལ་བྱེད། ། མ་དང་བུ་གཉིས་ཐང་རེ་གཟི་མདངས་འཕོ། ། ཞེས་པ་སྟེ། ཟླ་བ་ལྔ་པ་ལ་བདུན་ཕྲག་བཞི་ལྷག་ཙམ་ཡོད་པ་དེ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་བཅོ་བརྒྱད་པར་བརྟན་པར་འགྱུར་བ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་ཤ་དང་ཚིལ་རྣམས་ཀྱི་ཆ་ཤས་ཕལ་ཆེར་ཆགས་པར་བྱེད་པ་དང་། སྲོག་གི་རླུང་ལས་དྲི་མ་མེད་པ་ཞེས་བྱ་བའི་རླུང་འཕྲོས་ནས་ཞེས་ཞལ་ལུང་དུ་གསུངས་པ་ལྟར་རམ། བདུན་ཕྲག་བཅུ་དགུ་པ་ལ་སྔ་མའི་རླུང་གི་སྟོབས་ཀྱིས་ཆུ་བ་ཆེ་ཆུང་དང་རྒྱུས་པའི་རང་བཞིན་རྣམས་ཆགས་ཤིང་། བདུན་ཕྲག་ཉི་ཤུ་པ་ལ་ཤིན་ཏུ་སྲ་བ་ཞེས་བྱ་བའི་རླུང་གི་བྱེད་ལས་ཀྱིས་རུས་པའི་བྱེ་བྲག་རྣམས་དང་རྐང་མར་གྱི་དབྱིབས་རྣམས་ཆགས་པར་བྱེད་ལ། བདུན་ཕྲག་ཉི་ཤུ་རྩ་གཅིག་པ་ལ་ཡང་དག་པར་སྐྱེད་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་ཕྱིའི་པགས་པ་འོ་མ་བསྐོལ་བའི་སྤྲིས་མ་ལྟ་བུས་གཡོགས་པར་འགྱུར་རོ། ། དེ་ནས་ཟླ་བ་དྲུག་པ་ལ་སྔ་མའི་ཞག་ལྷག་མ་གཉིས་དང་ཕྱི་མའི་ཞག་གསུམ་ཡར་བསྣན་པས་བདུན་ཕྲག་ལྔ་བྱུང་བ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་རྩ་གཉིས་པ་ལ་ཀུན་ཏུ་རྒྱལ་བ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་དབང་པོ་ལྔ་དང་བཅས་པའི་སྒོ་དགུའི་བུ་ག་རྣམས་སོ་སོར་རྣམ་པར་བྱེ་བར་འགྱུར་བ་དང་། བདུན་ཕྲག་རྩ་གསུམ་པར་ཡོངས་སུ་དག་པར་འཛིན་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་སྐྲ་དང་བ་སྤུ་སེན་མོ་བཅས་ཀྱི་དབྱིབས་རྣམས་སྐྱེ་བ་ཡིན་ཞིང་། བདུན་ཕྲག་རྩི་བཞི་པ་ལ་འཕྱོ་བའམ་སྤྲིན་འཛིན་ཞེས་པའི་རླུང་གི་བྱེད་ལས་ཀྱིས་སྔར་ཆགས་ཟིན་པའི་དོན་སྣོད་རྣམས་གསལ་བར་སྨིན་ཅིང་། དེའི་དུས་སུ་བདེ་བ་དང་སྡུག་བསྔལ་གྱི་རྣམ་པ་ཡང་ཚོར་ཞིང་ཉམས་སུ་མྱོང་བའི་སྒོ་ནས་ཤེས་པར་འགྱུར་རོ། བདུན་ཕྲག་རྩ་ལྔ་པ་ལ་གྲོང་ཁྱེར་འཛིན་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་བུ་ག་རྣམས་ལ་རླུང་གི་རྒྱུ་བ་ཡང་འབྱུང་བ་(འབུམ་ནག་གསལ་སྒྲོན་ལས། རླུང་གི་རྒྱུ་བ་སྟེ་དབུགས་ཆགས་ཞེས་གསུངས་སོ་)དང་། བདུན་ཕྲག་རྩ་དྲུག་པ་ལ་སྐྱེ་བ་མངོན་པར་གྲུབ་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་སེམས་ཀྱི་དྲན་པ་ཡང་ཅུང་ཟད་གསལ་བ་ཞིག་འབྱུང་ལ། དེ་ནས་ཟླ་བ་བདུན་པ་ལ་བདུན་ཕྲག་ བཞི་ཡོད་པ་དེ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་རྩ་བདུན་ནས་རྩ་བརྒྱད་རྩ་དགུ་སུམ་ཅུའི་བར་དུ་རིམ་བཞིན་དུ་རླུང་སྨན་ཡོན་ཆེན་པོ་དང་། མེ་ཏོག་འཛིན། མེ་ཏོག་ཕྲེང་བ། ལྕགས་ཀྱི་སྒོ་ཞེས་པ་བཅས་ཀྱི་བྱེད་པས་སྔར་ཇི་ལྟར་ཆགས་པ་ཐམས་ཅད་མངོན་པར་གསལ་ཞིང་ཆ་ཤས་ཕྲ་མོ་རྣམས་ཀྱང་གྲུབ་སྟེ་ཡོངས་སུ་ཛོགས་པར་འགྱུར་རོ། ། ཟླ་བ་བརྒྱད་པ་ལ་ཕྱི་མའི་ཞག་ལྔ་ཡར་བསྣན་པས་བདུན་ཕྲག་ལྔ་ཡོད་པ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་སོ་གཅིག་ནས་སོ་ལྔའི་བར་དུ་མེ་ཏོག་སྡུད་པ་ཞེས་བྱ་བའི་རླུང་གི་ནུས་པ་གཅིག་པུས་ཚིགས་ཟིན་པའི་ལུས་ཀྱི་ཆ་ཤས་ཐམས་ཅད་ཆེས་ཆེར་འཕེལ་བར་བྱེད་ལ་དུས་འདིའི་སྐབས་སུ་མའི་ཁ་ཟས་བཅུད་ཆེ་ཆུང་གི་དབང་གིས་མ་དང་བུ་གཉིས་ཐེངས་རེས་མོས་ཀྱིས་གཟི་མདངས་འཕོ་བ་སྟེ། སྐབས་འགར་མ་གཟི་མདངས་ཆེ་ལ་བུ་གཟི་མདངས་ཆུང་བ་དང་། སྐབས་འགར་བུ་གཟི་མདངས་ཆེ་ལ་མ་གཟི་མདངས་ཆུང་བ་བཅས་མ་བུ་ཕན་ཚུན་གཟི་མདངས་འཕོ་རེས་བྱེད་པར་འགྱུར་ཞིང་དུས་དེར་ཕལ་ཆེར་བཙའ་བའི་སྐབས་སུ་བབ་མེད་མོད། འོན་ཀྱང་རྐྱེན་འགའ་ཞིག་གིས་བཙས་པ་ཡང་སྲིད་པས་གལ་ཏེ་མ་གཟི་མདངས་ཆེ་བའི་སྐབས་སུ་བཙས་ན་མ་འཚོ་ཡང་བུ་འཆི་བ་དང་། བུ་གཟི་མདངས་ཆེ་བའི་སྐབས་སུ་བཙས་ན་བུ་འཚོ་ཡང་མ་འཆི་བ་དག་འབྱུང་བ་མ་ཟད་སྐབས་འདིར་མངལ་གནས་ཀྱི་ལུས་ཅན་དེའི་དབང་གིས་མ་ལ་ལུས་སྐྲངས་པ་སོགས་ཀྱི་ནད་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་བས་དེ་དག་གསོ་བའི་ཐབས་མན་རྒྱུད་ཀྱི་མོ་ནད་གསོ་བའི་སྐབས་དང་བསྡུས་པ་རྩ་འགྲེལ་སོགས་ལས་རྒྱས་པར་བསྟན་པས་དེར་ཤེས་པར་བྱའོ། ། 3.རྫོགས་པའི་དུས་བསྟན་པ་ནི། ཟླ་བ་དགུ་པ་བདུན་ཕྲག་སོ་དྲུག་ནས། ། མངོན་པར་མི་དགའ་སྐྱོ་བའི་འདུ་ཤེས་འབྱུང་། ། སོ་བདུན་པ་ལ་ལོག་པའི་འདུ་ཤེས་སྐྱེ། སོ་བརྒྱད་མགོ་མཇུག་ལོག་སྟེ་མངལ་ནས་འབྱིན། ། འོན་ཀྱང་ཁྲག་ཟགས་པ་ན་འཕེལ་མི་འགྱུར། ། མངལ་རྒྱས་ཟླ་བ་ཚང་ཡང་བཙའ་བར་དཀའ། ། རླུང་གིས་དཀུ་བཀབ་ཟླ་བ་ཚང་ཡང་འགོར། ། ཞེས་པ་སྟེ། ཟླ་བ་དགུ་པ་ནས་ཞག་ལྔ་གོང་དུ་བཅད་པའི་འཕྲོས་བདུན་ཕྲག་གསུམ་ལྷག་ཙམ་ཡོད་པ་དག་གོང་གི་སྟེང་དུ་བསྣན་པའི་བདུན་ཕྲག་སོ་དྲུག་པའི་ཉིན་ཞག་དང་པོ་ནས་བཟུང་མངལ་གནས་ཀྱི་བྱིས་པ་དེ་རང་གི་གནས་ལ་མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས། མངོན་པར་མི་དགའ་བའི་འདུ་ཤེས་ཏེ་ཡོངས་སུ་སྐྱོ་བའི་འདུ་ཤེས་བཞི་ཡིད་ལ་འབྱུང་བར་འགྱུར་རོ། ། བདུན་ཕྲག་སོ་བདུན་པ་ལ་གནས་གཞན་དུ་འཕོ་བར་འདོད་ནས་མགོ་མཇུག་ལོག་པའམ་ཕྱིར་ཕྱོགས་པའི་འདུ་ཤེས་སྐྱེ་བར་འགྱུར་རོ། ། བདུན་ཕྲག་སོ་བརྒྱད་པར་ཐོག་མའི་རྐྱེན་ཞེས་པའི་རླུང་གི་བྱེད་ལས་ཀྱིས་མགོ་མཇུག་སྒྱུར་བའམ་ལོག་སྟེ་མངལ་གྱི་ཕུགས་ནས་ཕྱིར་འབྱིན་ཅིང་བཙའ་བ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། ། འོན་ཀྱང་འདིར་བཙའ་བར་མི་ནུས་པའི་རྒྱུ་གསུམ་ཡོད་དེ་བྱིས་པ་དེ་ཉིད་མངལ་དུ་གནས་པའི་རིང་མའི་ལུས་ནས་ཁྲག་མང་དུ་ཟགས་པའི་རྐྱེན་བྱུང་ན་དེས་མངལ་གནས་ཀྱི་ལུས་ཁམས་འཕེལ་བར་མི་ནུས་པ་དུས་སུ་བཙའ་མི་ཐུབ་པ་དང་། ཡང་ན་མངལ་གནས་ཀྱི་ལུས་འཚོ་ཆེས་ཏེ་ཆེར་རྒྱས་པ་ན་ཟླ་བའི་གྲངས་ཚང་ཡང་བཙའ་དཀའ་བ་དང་། འགྲེལ་ཆེན་དག་ཏུ་བུད་མེད་དེའི་ལུས་ཧ་ཅང་འཚོ་ཆེས་པས་མངལ་གྱི་སྒོ་ཆེར་རྒྱས་པར་འགྱུར་བས་ཟླ་བ་དགུ་ཚང་ཡང་བཙའ་དཀའ་ཞེས་གསུངས་པ་ཡང་ཡོད་དོ། ། ཡང་ན་ཐུར་སེལ་རླུང་གིས་དཀུའམ་མངལ་གྱི་སྒོ་ནས་བཀག་པ་ན་ཟླ་བ་དགུ་ཡི་གྲངས་ཚང་ཡང་ཕྱིར་བཙའ་རུ་མི་འདོད་པར་ནང་དུ་འགོར་བ་བཅས་དེ་ལྟར་རྐྱེན་གསུམ་པོས་གེགས་བྱས་ཏེ་བྱིས་པ་དུས་སུ་བཙའ་བར་མི་ནུས་པ་དག་ཀྱང་ཡོད་དོ། ། སྙིང་པོ་བསྡུས་པ་ལས། ཟླ་དགུ་འདས་ནས་སྣུམ་བཅས་པའི། ། འབྲས་ཆེན་ཤ་ཁུ་བླུད་པ་བསྔགས། ། སྣུམ་མང་ནས་ཐུག་སྦྱིན་པའམ། ། སྔར་བཤད་པ་ཡི་འཇམ་རྩི་བཏང་། ། དེ་ཉིད་ལ་བཅུག་རས་བལ་ནི། ། མཚན་མར་རྟག་ཏུ་གཞུག་པར་བྱ། ། རླུང་འམ་འོ་མ་སྐོལ་བའི་ཆུ། ། གྲང་བས་ཉིན་རེ་བཀྲུས་ན་ཕན། ། བློ་དགུ་ཕན་ཆད་ལུས་ལ་ནི། ། སྣུམ་མེད་པར་ནི་མི་བཞག་གོ ། ཞེས་གསུངས་པ་ལྟར་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཚེའམ་དེའི་གོང་ནས་ལག་ལེན་དེ་དག་བྱ་བ་དང་། ཡང་ན་རྟག་ཏུ་ལྟེ་བ་དང་། ཆུ་སོ། བརླ་ནང་སོགས་སུ་ཞུན་མར་བྱུག་ན་སྐྱེ་བའི་ཚེ་རླུང་འཇོམས་ཤིང་སྐྱེ་སླ་ལ་ཟུག་ཆུང་བ་ཡིན་ནོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤུ་103.4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number