3123

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐེག་པ་ཆེན་པོ་ལ་དད་པ་བཞི།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོ་ལས་བྱུང་བ་ལྟར་ན་ཁག་བཅུ་གཅིག་ཡོད་པ་སྟེ།

ཁག་དང་པོ། 1.གནས་པའི་དད་པ་ནི། དཔེར་ན། བ་ལང་གི་རྗེས་ཀྱི་ཆུ་དཀྲུགས་པ་ལས་མ་དཀྲུགས་མ་བསྐྱོད་པར་བཞག་ན། སྔོན་བཞིན་དུ་དང་བར་འགྱུར་རོ། ། དེ་བཞིན་དུ་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་འཕྲལ་གྱི་བྱ་བ་མང་པོ་ལ་ཆགས་པས་ཐེག་པ་ཆེན་པོ་ལ་དད་པ་དཀྲུགས་པ་ལས་གང་གི་ཚེ་ཆགས་པ་ལས་རྣམ་པར་བཀྲོལ་ནས་ཆགས་པ་དེ་དག་གིས་མི་འཁྲུགས་ཏེ། ཐེག་པ་ཆེན་པོའི་ཆོས་ལ་རྩེ་གཅིག་ཏུ་གྱུར་པ་དེའི་ཚེ་སྔོན་བཞིན་དུ་མངོན་སུམ་དུ་འགྱུར་རོ། ། 2.སྐྱེ་བ་ན་དད་པ་ནི། དཔེར་ན། ཆང་ལ་སོགས་པ་འགྱུར་བ་ན་དང་བར་འགྱུར་རོ། ། དེ་བཞིན་དུ་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་དེ་དང་དེར་སྐྱེ་བ་ན་ཐེག་པ་ཆེན་པོ་ལ་དད་པ་སྐྱེས་ནས་ཐོབ་པ་སྐྱེད་དོ། ། 3.དུས་གཞན་ན་དད་པ་ནི། དཔེར་ན། སྟོན་གྱི་དུས་ཀྱི་ཚེ་ཆུ་ཀླུང་དང་བར་འགྱུར་རོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཐོས་པ་དང་། སེམས་པ་དང་། སྒོམ་པ་དུས་གཞན་ན་སྦྱོར་བས་སྦྱོར་བ་ལས་བྱུང་བ་འགྲུབ་པར་འགྱུར་རོ། ། 4.རང་བཞིན་གྱིས་དད་པ་ནི། དཔེར་ན། བཻཌཱུརྱ་དང་། ནོར་བུ་རིན་པོ་ཆེ་ལ་སོགས་པའི་རང་བཞིན་གྱིས་དད་པའི་རྗེས་སུ་འཇུག་པའོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པའི་ཐེག་པ་ཆེན་པོ་ལ་དད་པའང་ངོ་བོ་ཉིད་ཀྱིས་རྗེས་སུ་འཇུག་གོ ། ཁག་གཉིས་པ། 1.རྒྱ་ཆེ་བའི་དད་པ་ནི། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཆོས་ལ་གུས་པར་བྱས་ཏེ་སྤྱོད་པ་དང་ལྡན་པ་རྣམས་ཀྱིའོ། ། 2.གསལ་བའི་དད་པ་ནི། བྱང་ཆུབ་སེམས་དཔའ་རྟག་ཏུ་ཐེག་པ་ཆེན་པོའི་ཆོས་སྤྱོད་པ་དང་ལྡན་པ་རྣམས་ཀྱིའོ། ། 3.རབ་ཏུ་ཞི་བའི་དད་པ་ནི། བྱང་ཆུབ་སེམས་དཔའ་ང་དང་ང་ཡིར་འཛིན་པ་དང་བྲལ་ཞིང་ཆོས་ཉིད་རབ་ཏུ་རྟོགས་པ་ཐོབ་པ་རྣམས་ཀྱིའོ། ། 4.རྣམ་པར་དག་པའི་དད་པ་ནི། བྱང་ཆུབ་སེམས་དཔའི་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པ་རྣམས་ཀྱིའོ། ། ཁག་གསུམ་པ། 1.འཕེན་པའི་དད་པ་ནི། སྔོན་ནས་རང་བཞིན་གྱིས་དགེ་བའི་རྩ་བ་མངོན་པར་འདུས་བྱས་ཤིང་ཡོངས་སུ་བསྒོམས་པ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་གང་ཡིན་པའོ། ། 2.རྩོམ་པའི་དད་པ་ནི། བྱང་ཆུབ་སེམས་དཔའ་བློ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སེམས་བསྐྱེད་པ་རྣམས་ཀྱི་སེམས་བསྐྱེད་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པ་གང་ཡིན་པའོ། ། 3.རྗེས་སུ་འཛིན་ཅིང་གུས་པར་བྱེད་པའི་དད་པ་ནི། རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྗེས་སུ་འཛིན་ཅིང་ལས་གུས་པར་བྱེད་པས་ཐེག་པ་ཆེན་པོ་ལ་དད་པ་གང་ཡིན་པའོ། ། 4.མོས་པའི་དད་པ་ནི། ཆོས་ཀྱི་དབྱིངས་ཟབ་མོ་བསྟན་པ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་གང་ཡིན་པའོ། ། ཁག་བཞི་པ། 1.མཐོང་བ་དང་ཐོས་པས་དད་པ་ནི། གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་སམ་འོད་མཐོང་ཞིང་ཐོས་ན། ཐེག་པ་ཆེན་པོ་ལ་དད་པའོ། ། 2.བསྟན་པ་འཕེལ་བ་རྗེས་སུ་དྲན་པའི་དད་པ་ནི། གུང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 3.དགེ་བའི་ཕྱོགས་འཕེལ་བ་རྗེས་སུ་དྲན་པའི་དད་པ་ནི། གང་བདག་ཉིད་རྟག་པར་རྒྱུན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། དགེ་བའི་ཕྱོགས་འཕེལ་བ་རྗེས་སུ་དྲན་པས་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་དད་པའོ། །

4.རེ་བ་དང་འདོད་པ་རྗེས་སུ་དྲན་པའི་དད་པ་ནི། གང་དགེ་བའི་ཕྱོགས་འཕེལ་བ་དེས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབས་པས་རེ་ཞིང་འདོད་དེ། བྱང་ཆུབ་སེམས་དཔའ་རེ་བ་དང་འདོད་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། ཁག་ལྔ་པ། 1.བརྗོད་པ་རྗེས་སུ་དྲན་པའི་དད་པ་ནི། གང་ཐེག་པ་ཆེན་པོའི་སྒོ་ཐམས་ཅད་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་མོས་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 2.གཅོད་ནུས་པ་རྗེས་སུ་དྲན་པའི་དད་པ་ནི། གང་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་ཐོས་པ་འཛིན་པ་ཐོས་པ་བསགས་པ་རྣམས་ཐེ་ཚོམ་གཅོད་ནུས་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 3.བསྐྲུན་པ་རྗེས་སུ་དྲན་པའི་དད་པ་ནི། གང་ཕ་རོལ་གྱི་རྒྱུད་ལ་ཐེག་པ་ཆེན་པོའི་ཆོས་ཀློག་པ་དང་། ཁ་ཏོན་བྱེད་པ་དང་། དོན་འཛིན་པ་དང་། འདོན་པ་ལ་སོགས་པས་བསྐྲུན་ཏེ་གཞན་གྱི་རྒྱུད་ལ་དམ་པའི་ཆོས་བསྐྲུན་པ་དེ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 4.སྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི། གང་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཆོས་དེ་ཉིད་ནན་ཏན་གྱིས་སྒྲུབ་སྟེ། ནན་ཏན་གྱིས་བསྒྲུབས་པ་དེ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། ཁག་དྲུག་པ། 1.རྣལ་འབྱོར་ཐོབ་པའི་དད་པ་ནི། གང་ཐེག་པ་ཆེན་པོའི་ཆོས་ལ་དམིགས་པའི་ཞི་གནས་དང་། ལྷག་མཐོང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་ལ་དམིགས་ནས་དད་པའོ། ། 2.ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་ཀྱི་ལས་སྦྱོར་བའི་དད་པ་ནི། གང་བྱང་ཆུབ་སེམས་དཔའ་བག་ཡོད་པས་ཡོངས་སུ་ཟིན་པ་རྣམས་བྱང་ཆུབ་སེམས་དཔའ་ལུས་ཀྱི་ལས་བག་མེད་པར་སྤྱོད་པ་བཞམས་པ་དང་། སྤྱི་བས་འདུལ་བ་དག་འདུལ་བས་དེ་ལ་དམིགས་ནས་ཐེག་པ་ཆེན་པོ་ལ་དད་པའོ། ། 3.ཐབས་ཀྱིས་ཡོངས་སུ་ཟིན་པའི་ངག་གི་ལས་སྦྱོར་བའི་དད་པ་ནི། གང་བྱང་ཆུབ་སེམས་དཔའ་བག་ཡོད་པས་ཡོངས་སུ་ཟིན་པ་རྣམས་བྱང་ཆུབ་སེམས་དཔའ་ངག་འཁྲུལ་པར་སྤྱོད་པ་བཞམས་པ་དང་། སྤྱི་བས་འདུལ་བ་དག་འདུལ་བས་དེ་ལ་དམིགས་ནས་ཐེག་པ་ཆེན་པོ་ལ་དད་པའོ། ། 4.ཐབས་ཀྱིས་ཡོངས་སུ་ཟིན་པའི་ཡིད་ཀྱི་ལས་སྦྱོར་བའི་དད་པ་ནི། གུང་བྱང་ཆུབ་སེམས་དཔའ་བག་ཡོད་པས་ཡོངས་སུ་ཟིན་པ་རྣམས་བྱང་ཆུབ་སེམས་དཔལ་ཡིད་འཁྲུལ་པར་སྤྱོད་པ་བཞུམས་པ་དང་། སྤྱོ་བ་ལུས་དང་ངག་ལས་བྱུང་བས་འདུལ་བས་དེ་ལ་དམིགས་ནས་ཐེག་པ་ཆེན་པོ་ལ་དད་པའོ། ། ཁག་བདུན་པ། 1.མི་ལྟ་བ་རྗེས་སུ་དྲན་པའི་དད་པ་ནི། གང་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ན་ལུས་དང་སྲོག་ལ་མི་ལྟ་བར་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པའི་རྗེས་སུ་མཐུན་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 2.ཟིལ་གྱིས་མནན་པ་རྗེས་སུ་དྲན་པའི་དད་པ་ནི། གང་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཟིལ་གྱིས་མནན་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 3.ཀུན་ཏུ་སྤྱོད་པ་རྗེས་སུ་དྲན་པའི་དད་པ་ནི། གང་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་བ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡང་དག་པའི་ནན་ཏན་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 4.ཉེ་བར་སྤྱོད་པ་དང་འབྲེལ་བ་རྗེས་སུ་དྲན་པའི་དད་པ་ནི། གང་བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་འཛིན་དུ་འཇུག་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སེམས་ཅན་རྣམས་རྗེས་སུ་དྲན་པ་ཐེག་པ་ཆེན་པོ་ལ་དད་པའོ། ། ཁག་བརྒྱད་པ། 1.ཟང་ཟིང་མེད་པའི་སེམས་རྗེས་སུ་དྲན་པའི་དད་པ་ནི། གང་ཚོགས་སྡུད་པའི་བྱང་ཆུབ་སེམས་དཔའ་ཟང་ཟིང་མེད་པའི་སེམས་ཀྱི་ཚོགས་སྡུད་ལ། ཟང་ཟིང་མེད་པའི་སེམས་རྗེས་སུ་དྲན་པའི་ཐེག་པ་ཆེན་པོ་ལ་དད་པའོ། ། 2.ཡང་དག་པར་སོ་སོར་ཤེས་པར་བྱེད་པ་རྗེས་སུ་དྲན་པའི་དད་པ་ནི། འདི་ལྟ་སྟེ། ཟིང་ཟིང་མེད་པའི་སེམས་རྗེས་སུ་དྲན་ཞིང་ཚོགས་སྡུད་ལ་ཐེག་པ་ཆེན་པོ་ལ་དད་དེ། འདི་ལྟར་ཚོགས་ལ་ཡང་དག་པར་སོ་སོར་ཤེས་པར་བྱེད་ཅིང་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར་ནན་ཏན་བྱེད་པའོ། ། 3.ཡོངས་སུ་མི་སྐྱོ་བ་རྗེས་སུ་དྲན་པའི་དད་པ་ནི། འདི་ལྟ་སྟེ། ལོག་པར་ཞུགས་པ་རྣམས་ཀྱིས་ཡོངས་སུ་མི་སྐྱོ་ལ། ཡོངས་སུ་མི་སྐྱོ་བ་ལ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 4.བདེ་བ་ཁ་ན་མ་ཐོ་བ་མེད་པར་སྦྱོར་བ་རྗེས་སུ་དྲན་པའི་དད་པ་ནི། འདི་ལྟ་སྟེ། བདག་ལ་གནོད་པར་སྦྱོར་བ་དང་། འདོད་པའི་བདེ་བ་ལ་སྦྱོར་བ་སྤངས་ནས་ཚོགས་ལ་སྦྱོར་ཏེ། སྦྱོར་བ་དེ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། ཁག་དགུ་པ། 1.ཡོན་ཏན་རྗེས་སུ་དྲན་པའི་དད་པ་ནི། གང་སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 2.དངོས་པོ་ཕུན་སུམ་ཚོགས་པ་རྗེས་སུ་དྲན་པའི་དད་པ་ནི། གང་སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔོའ་ཉིད་མཆོད་པ་ཕུན་སུམ་ཚོགས་པ་མཐོང་བ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 3.དད་པ་རྗེས་སུ་དྲན་པའི་དད་པ་ནི། གང་སངས་རྒྱས་ལ་མཆོད་ཅིང་། རིམ་གྲོ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཉིད་རང་གི་སེམས་དང་བ་དང་། གཞན་གྱི་སེམས་དང་བ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 4.སྐྱེ་བོ་མང་པོ་ལ་ཕན་པར་བྱ་བ་རྗེས་སུ་དྲན་པའི་དད་པ་ནི། གང་སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་དེ་ཉིད་ཀྱིས་སྐྱེ་བོ་མང་པོ་ལ་ཕན་པ་བྱེད་ལ། དེའང་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། ཁག་བཅུ་པ། 1.བླ་མའི་ཡོན་ཏན་ཕུན་སུམ་ཚོགས་པ་རྗེས་སུ་དྲན་པའི་དད་པ་ནི། གང་དགེ་བའི་བཤེས་གཉེན་ལ་བརྟེན་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གྱི་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པ་མཐོང་བ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 2.བདག་གི་ཡང་དག་པའི་ནན་ཏན་རྗེས་སུ་དྲན་པའི་དད་པ་ནི། གང་དགེ་བའི་བཤེས་གཉེན་ལ་བརྟེན་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་དགེ་བའི་བཤེས་གཉེན་གྱི་གན་དུ་འགྲོ་ཞིང་ཆོས་མཉན་པའི་ཕྱིར་བསྙེན་བཀུར་བྱེད་ལ། ཇི་ལྟར་རྗེས་སུ་བསྟན་པ་བཞིན་དུ་སྒྲུབ་ཅིང་བདག་གིས་ཡང་དག་པའི་ནན་ཏན་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 3.བྱས་པ་གཟོ་བ་རྗེས་སུ་དྲན་པའི་དད་པ་ནི། གང་དགེ་བའི་བཤེས་གཉེན་ལ་བརྟེན་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་དེ་ལས་མན་ངག་དང་ཡོན་ཏན་རྗེས་སུ་ཐོབ་ནས་བྱས་པ་གཟོ་བ་དེ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 4.བླ་མའི་འདོད་པ་སྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི། གང་དགེ་བའི་བཤེས་གཉེན་ལ་བརྟེན་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་མན་ངག་དེས་སྐྱེ་བོ་མང་པོ་ལ་ཕན་པར་བྱ་བ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། ཁག་བཅུ་གཅིག 1.ལྡན་པའི་བསམ་པ་སྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི། གང་བྱམས་པ་སྒོམ་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་བདེ་བ་དང་ལྡན་པའི་བསམ་པས་བདེ་བ་དང་ལྡན་པ། སྒྲུབ་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 2.འབྲལ་བའི་བསམ་པ་སྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི། གང་སྙིང་རྗེ་སྒོམ་པ་ལ་བརྩོན་པའི་བྱུང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྡུག་བསྔལ་དང་འབྲལ་བའི་བསམ་པ་སྒྲུབ་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 3.མི་འབྲལ་བའི་བསམ་པ་སྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི། གང་དགའ་བ་སྒོམ་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་བདེ་བ་དང་མི་འབྲལ་བའི་བསམ་པ་སྒྲུབ་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། ། 4. ཀུན་ནས་ཉོན་མོངས་པ་མེད་པའི་བསམ་པ་སྒྲུབ་པ་རྗེས་སུ་དྲན་པའི་དད་པ་ནི། གང་བཏང་སྙོམས་སྒོམ་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཀུན་ནས་ཉོན་མོངས་པ་མེད་པའི་བསམ་པ་སྒྲུབ་པ་རྗེས་སུ་དྲན་པས་ཐེག་པ་ཆེན་པོ་ལ་དད་པའོ། །

Tibetan Source 《མདོ་ད་པ་》41ན3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number