3412

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གནའ་དུས་ཀྱི་པ་ཕྱི་ལོན་སོགས་རྒྱལ་ཁབ་ཁག་ཏུ་གནམ་རིག་དར་ཚུལ་གྱི་ལོ་རྒྱུས་རྣམ་གྲངས་བཞི།
Tibetan Alternate
Tibetan Definition དེ་ཡང་། བོད་ལྗོངས་སྨན་རྩིས་ཁང་གི་རྩིས་རམས་པ་ཡུམ་པས་བརྩམས་པ་རྩིས་རིག་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ།

1.གནའ་དུས་ཀྱི་ཤེས་རིག་དར་སྔ་བའི་རྒྱལ་ཁབ་བཞིར་གྲགས་པ་ནི་གནའ་དུས་ཀྱི་པ་ཕྱི་ལོན་དང་། ཨེ་ཇི། རྒྱ་གར། ཀྲུང་གོ་བཅས་བཞི་ལ་ཟེར། རྒྱལ་ཁབ་དེ་རྣམས་སུ་ཆེས་སྔ་བའི་དུས་ནས་བཟུང་སོ་སོ་རང་རིགས་ཀྱི་ཡི་གེ་གསར་གཏོད་བྱུང་ཡོད་པའི་རྒྱུ་མཚན་གྱིས་རྒྱལ་ཁབ་དེ་རྣམས་སུ་གནམ་རིག་བྱུང་ཡོད་ཚུལ་མི་རྣམས་ཀྱིས་ད་གཟོད་ཤེས་རྟོགས་ཐུབ་པ་རེད། སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ཡས་མས་ཀྱི་དུས་སུ་སུར་མེར་ཞེས་པའི་མི་རིགས་ཤིག་གིས་མཛེར་གཟུགས་ཅན་གྱི་ཡི་གེ་དེ་གསར་བཏོད་བྱས། དུས་དེ་ཙམ་ནས་ཁོང་ཚོས་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པ་དང་། ཟླ་བ་དྲུག་ཆེ་ལ་ཟླ་བ་དྲུག་ཆུང་བ། ལོ་གཅིག་ལ་ཞག་པོ་354ཡོད་པ་བཅས་ཤེས་རྟོགས་བྱུང་ཡོད་པར་མ་ཟད་ཟླ་བཤོལ་འདོན་སྟངས་ཤིག་ཀྱང་ཡོད་པར་བཤད་དོ། ། དེ་ནས་རིམ་གྱིས་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་དགུ་པར་སླེབས་དུས་པ་པི་ལོན་ཞེས་པའི་རྒྱལ་ཁབ་བཙུགས་པ་དང་། རྒྱལ་རབས་དྲུག་པ་ཧན་མོ་ལ་པི་(སྤྱི་ལོའི་སྔོན་གྱི་1792-1750ལོ་)ཡི་དུས་སུ་རིག་གནས་ཆེས་ཆེར་དར། གཅིག་གྱུར་གྱི་ལོ་ཐོའང་བཟོས། ལོ་ཐོ་དེའི་བརྩི་གཞི་གཙོ་བོ་ནི་ཟླ་བའི་འཕེལ་འགྲིབ་ཡིན། དེང་དུས་ཀྱི་བརྟགས་འབྲས་དང་བསྡུར་ན་ཚེས་ཟླ་གཅིག་གི་ཡུན་ཚད་ལ་ཧེ་བག་སྐར་ཆ་0.4དང་ཉེ་མཐའི་ཟླ་བའི་ཡུན་ཚད་ལ་ཧེ་བག་སྐར་ཆ་3.6ལས་མེད། ཉིན་ཞག་གཅིག་གི་ཡུན་དེ་དུས་བཅུ་གཉིས་སམ་ཡང་ན་སྐར་མ་360བྱས་ནས་རྩི་སྲོལ་ཡོད། ཐུར་མ་སོགས་ཀྱི་གྲིབ་གཟུགས་ལ་བརྟེན་ནས་དུས་ཚོད་བརྩི་ཚུལ་ཀྱང་ཡོད་པར་མངོན། ཧན་མོ་ལ་པིའི་དུས་སུ་སེར་ལམ་ཉེ་འགྲམ་གྱི་བརྟན་སྐར་ཁག་ཆ་གྲངས་བཅུ་གཉིས་སུ་བགོས་ནས་རྩི་སྲོལ་ཡོད་པ་དང་། དེ་རྗེས་ཀྱི་སྤྱི་ལོའི་སྔོན་དུས་རབས་བཅུ་གསུམ་པའི་སྐབས་སུ་ལུག་གླང་འཁྲིག་པ་སོགས་ཁྱིམ་བཅུ་གཉིས་ཀྱི་ཐ་སྙད་དངོས་སུ་སྦྱར་ནས་རྩི་སྲོལ་བྱུང་བས་དེང་སྐབས་འཛམ་གླིང༌སྟེང་བཀོལ་སྤྱོད་བྱེད་བཞིན་པའི་ཁྱིམ་བཅུ་གཉིས་ཀྱི་རྩི་སྟངས་དང་གཉིས་སུ་མེད་དོ། ། 2.སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ནས་ཉིས་སྟོང་གི་བར་དུ་ནུབ་ཕྱོགས་སུ་ཡོད་པའི་ཆུ་བོ་ཏི་ཀི་ལི་སིར་གྲགས་པ་དེའི་བྱང་ངོས་ཀྱི་ས་གནས་སུ་ཡ་ཧྲི་ཞེས་པའི་རྒྱལ་ཁབ་ཞིག་རིམ་བཞིན་ཆགས་པ་རེད། རྒྱལ་ཁབ་དེར་ཡོད་པའི་མི་རྣམས་ཀྱིས་པ་པོ་ལོན་གྱི་གནམ་རིག་ཤེས་བྱ་སྐོར་སློབ་སྦྱོང་དང་སྡུད་ལེན་བྱས་ཏེ་གོང་འཕེལ་དུ་བཏང་། སྤྱི་ལོའི་སྔོན་གྱི་1100ལོའི་ཡ་ཧྲིའི་ལོ་ཐོ་ནང་གི་ཟླ་བ་བཅུ་གཉིས་ཀྱི་མིང་ནི་སྐབས་དེའི་པ་པི་ལོན་གྱི་ལོ་ཐོའི་ནང་བཀོད་དང་ཕལ་ཆེར་མཚུངས། སྐབས་དེར་ཁོང་ཚོས་དཀར་ལམ་དང་སེར་ལམ་གཉིས་ངོས་འཛིན་བྱས་པ་མ་ཟད་དཀར་སེར་འཕྲད་མཚམས་ཀྱང་རྟོགས་ཡོད་པར་བཤད། སྤྱི་ལོའི་སྔོན་གྱི་དུས་རབས་དགུ་པའི་སྐབས་སུ་ཁོང་ཚོས་ཟླ་བ་ཉ་གང་བའི་དུས་ཏེ་ཟླ་བའི་དཀྱིལ་འཁོར་དཀར་སེར་འཕྲད་མཚམས་སུ་སླེབ་པའི་ཚེ་ཟླ་འཛིན་འབྱུང་གི་ཡོད་པའི་གནས་ཚུལ་ཡང་ཤེས་རྟོགས་བྱུང་འདུག་གོ ། 3.སྤྱི་ལོའི་སྔོན་གྱི་612ལོར། ཤར་ཨ་ར་པོ་ནས་འོང་བའི་ཀ་ལི་ཏིའི་མི་རིགས་ཀྱིས་ཡ་ཧྲིའི་རྒྱལ་ཁབ་བསྣུབས་ཏེ་པ་པི་ལོན་གསར་པ་བཙུགས། ཁོང་ཚོས་ཐོག་མར་ལོ་བརྒྱད་རེའི་ནང་དུ་ཟླ་བཤོལ་གསུམ་འདོན་པའི་སྲོལ་བཏོད། རྗེས་སུ་ལོ་ཉེར་བདུན་རེའི་ནང་དུ་ཟླ་བཤོལ་བཅུ་རེ་འདོན་པར་མཛད། སྤྱི་ལོའི་སྔོན་གྱི་383ལོར་ཞི་ཏན་ནིས་ལོ་བཅུ་དགུ་རེའི་ནང་དུ་ཟླ་བཤོལ་བདུན་རེ་འདོན་དགོས་པར་ཐག་བཅད། སྐབས་དེར་ཁོང་ཚོའི་གནམ་རིག་གི་ཆུ་ཚད་ཀྱང་ཚད་མཐོ་ངེས་ཅན་ཞིག་ཏུ་སླེབ་ཡོད་པ་ནི་ཤིན་ཏུ་གསལ་ལོ། ། 4.ཨེ་ཇི་ཞེས་པའི་རྒྱལ་ཁབ་ཏུའང་དུས་སྔ་མོ་ཙམ་ནས་གནམ་རིག་དར་ཡོད་པར་མངོན་ཏེ། སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ཡས་མས་སུ་མི་ཉི་སི་ཞེས་པའི་རྒྱལ་པོ་ཞིག་གིས་ཨེ་ཇི་རྒྱལ་ཁབ་གཅིག་གྱུར་མཛད་པ་དང་སྐབས་དེ་དུས་ནས་ཐུན་མོང་དུ་བཀོལ་སྤྱོད་བྱེད་པའི་ཡི་གེ་ཡོད་པར་བཤད་དོ། ། ཁྱད་པར་དུ་ཨེ་ཇིའི་རྒྱལ་རབས་གསུམ་པ་ནས་དྲུག་པའི་བར་སྟེ་སྤྱི་ལོའི་སྔོན་གྱི་དུས་རབས་27ནས་22བར་གྱི་དུས་ཡུན་ནང་གནམ་རིག་ཆེས་ཆེར་དར་ཡོད། སྐད་གྲགས་ཅན་གྱི་ཅིན་ཙི་མཚོད་རྟེན་བཞེངས་བསྐྲུན་བྱས་པ་དང་། ཉིན་ཞག་མའི་ལོ་རྩིས་གསར་གཏོད་བྱས་པའི་དུས་སོགས་ཕལ་ཆེར་སྐབས་དེ་དུས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། སྤྱི་ལོའི་སྔོན་གྱི་དུས་རབས་18ཙམ་གྱི་སྔ་རོལ་དུ་ཁོང་ཚོས་ལོ་གཅིག་ལ་ཟླ་བ་བཅུ་གཉིས་དང་། ཟླ་བ་རེ་ལ་ཉི་མ་སུམ་ཅུ་རེ་བྱས་ཏེ་བརྩིས་པས་ལོ་གཅིག་ལ་ཉི་མ་360རེ་འབྱུང་བ་དང་། དེ་རྗེས་ནས་ལོ་གཅིག་གི་ཟླ་བ་བཅུ་གཉིས་ཚར་བའི་མཇུག་ཏུ་ཉི་མ་ལྔ་ཁ་བསྣོན་གྱི་ཚུལ་དུ་བཞག་ནས་བརྩིས་པས་ལོ་གཅིག་ལ་ཁྱོན་བསྡོམས་ཉི་མ་365རེ་འབྱུང་གི་ཡོད་ལ་རྩིས་ལུགས་དེ་ཡུན་རིང་བར་དུ་བསྐྱངས། འོན་ཀྱང་ལོ་གཅིག་གི་ཡུན་ཚད་དངོས་ནི་ཉིན་ཞག་365.2422ཡིན་པས། ལོ་རེར་ཉིན་ཞག་0.2422གྲངས་ཀྱི་ཧེ་བག་ཤོར་འགྲོ་བ་ཡིན། དེ་ལྟར་བརྩིས་ནས་དུས་རབས་བཅུ་གསུམ་པ་ལ་སླེབ་སྐབས་ཟླ་བ་བཞི་སྟེ་དུས་ཚིགས་གཅིག་གི་(གནའ་རབས་ཨེ་ཇིའི་ལོ་རྩིས་ནང་དུ་ཆུ་ལོག་གི་དུས་ཚིགས་དང་། དགུན་གྱི་དུས་ཚིགས། དབྱར་གྱི་དུས་ཚིགས་བཅས་དུས་ཚིགས་གསུམ་ལས་མེད་པས་དུས་ཚིགས་རེར་ཟླ་བ་བཞིབཞི་འོང་)ཁྱད་ཞུགས། དེ་ནས་ཁོང་ཚོས་ལོ་གཅིག་གི་ཡུན་ཚད་ནི་ཉི་མ་365དང་ཉིན་ཞག་གཅིག་གི་བཞི་ཆ་གཅིག་ལ་ཉེ་བ་ཡོད་པ་རྟོགས་སོ། ། སྤྱི་ལོའི་སྔོན་གྱི་238ལོར། རྒྱལ་པོ་ཏོ་ལོ་མི་ཨར་ཇི་ཏི་ཞེས་པས་ལོ་རེར་ཉིན་ཞག་365རེ་རྩི་བའི་ཁར་ལོ་བཞི་རེའི་ནང་ཉིན་བཤོལ་རེ་བཏོན་ཏེ་བཤོལ་ལོའི་ལོ་མཇུག་གི་ཉི་མ་ལྔའི་ཁར་བསྣན་ནས་ཉི་མ་དྲུག་ཏུ་བཟོ་དགོས་པའི་བཀའ་ཕབ་ཀྱང་། དངོས་སུ་དེ་ལྟར་ལག་ལེན་བསྟར་བའི་དུས་ནི་སྤྱི་ལོའི་སྔོན་གྱི་22ལོ་ནས་ཡིན་ནོ། ། གཞན་ཡང་ཚེས་ཟླ་གཅིག་གི་ཡུན་ཚད་ནི་ཉིན་ཞག་29.5307ལྟར་བརྩི་བ་དང་། ཞག་པོ་གཅིག་ལ་ཉིན་མཚན་གཉིས་སུ་ཕྱེ་སྟེ་རེ་རེར་དུས་བཅུ་གཉིས་སུ་དབྱེ་ནས་བརྩི་སྲོལ་ཡོད། དེ་ལ་དུས་ཚིགས་འགྱུར་བའི་དབང་གིས་ཉིན་མཚན་གྱི་ཚད་ཀྱང་མི་འདྲ་བས་དུས་ཚོད་གཅིག་གི་ཡུན་ཚད་ནི་གཅིག་ཏུ་ངེས་སོ། །

Tibetan Source 《རྩིས་རིག་ལ་འཇུག་པའི་སྒོ་》དེབ་ཤ་192.3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number