3620

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་ཆེན་པོར་སེམས་སྐྱེ་བའི་རྐྱེན་བཞི་དང་། རྒྱུ་བཞི། སྟོབས་བཞི།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1.དང་པོ་རྐྱེན་བཞི་ནི། (1)འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་དང་། མཐུ་བསམ་གྱིས་མི་ཁྱབ་པ་དང་། རྨད་དུ་བྱུང་བ་མཐོང་ངམ། ཡིད་བརྟན་པ་ལས་ཐོས་ཀྱང་རུང་སྟེ། དེས་མཐོང་ངམ་ཐོས་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་གང་ལ་གནས་པར་འགྱུར་བའམ། ཞུགས་པར་གྱུར་པའི་མཐུ་འདི་ལྟ་བུ་དེ་དང་། ཆོ་འཕྲུལ་དེ་ལྟ་བུ་དེ་མཐོང་བ་དང་། ཐོས་པའི་བྱང་ཆུབ་དེ་ནི་མཐུ་ཆེ་བ་ཡིན་ནོ་སྙམ་ནས་དེ་མཐུ་མཐོང་བ་དང་ཐོས་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། བྱང་ཆུབ་ཆེན་པོར་མོས་ཤིང་བྱང་ཆུབ་ཆེན་པོར་སེམས་སྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་དང་པོའོ། ། (2)དེས་མཐུ་མཐོང་བའམ་ཐོས་པ་མེད་དུ་ཟིན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། བྱང་ཆུབ་ཀྱི་སྡེ་སྣོད་སྟོན་པ་ན་དམ་པའི་ཆོས་ཉན་པར་བྱེད་དོ། ། མཉན་ནས་ཀྱང་མངོན་པར་དད་པར་བྱེད་དོ། ། མངོན་པར་དད་ནས་་ཀྱང་དམ་པའི་ཆོས་ཐོས་པའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མོས་ཤིང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ཆེན་པོར་མོས་ཤིང་བྱང་ཆུབ་ཆེན་པོར་སེམས་སྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་གཉིས་པའོ། ། (3)དེས་ཆོས་མ་ཐོས་སུ་ཟིན་ཀྱང་བྱང་ཆུབ་སེམས་དཔའི་དམ་པའི་ཆོས་ནུབ་ཏུ་ཆ་བར་གྱུར་པ་དག་མཐོང་ངོ་། ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའི་ཆོས་གནས་པ་ནི་སེམས་ཅན་དཔག་ཏུ་མེད་པ་དག་གིས་སྡུག་བསྔལ་སེལ་བར་བྱེད་པ་ཡིན་གྱིས། བདག་གིས་འདི་ལྟ་སྟེ། སེམས་ཅན་འདི་དག་ཉིད་ཀྱི་སྡུག་བསྔལ་བསལ་བའི་ཕྱིར། བྱང་ཆུབ་སེམས་དཔའི་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་སེམས་བསྐྱེད་པར་བྱ་གོར་མ་ཆག་སྙམ་ནས། དེ་དམ་པའི་ཆོས་གཟུང་བ་ཉིད་ཀྱི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མོས་ཤིང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ཆེན་པོར་མོས་ཤིང་བྱང་ཆུབ་ཆེན་པོར་སེམས་སྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་གསུམ་པའོ། ། (4)དེས་དམ་པའི་ཆོས་ནུབ་ཏུ་ཉེ་བར་གྱུར་པ་མ་མཐོང་དུ་ཟིན་ཀྱང་། དུས་ཀྱི་ཐ་མ་དུས་ཀྱི་མཇུག་ཏུ་བབ་པའི་ཚེ། དུས་ངན་པའི་སེམས་ཅན་རྣམས་ཀྱི་ལུས་འདི་ལྟར་ཉེ་བའི་ཉོན་མོངས་པ་བཅུ་པོ་འདི་ལྟ་སྟེ། [1]གཏི་མུག་ཤས་ཆེ་བ། [2]ངོ་ཚ་མེད་ཅིང་ཁྲེལ་མེད་པ་ཤས་ཆེ་བ། [3]ཕྲག་དོག་དང་སེར་སྣ་ཤས་ཆེ་བ། [4]སྡུག་བསྔལ་ཤས་ཆེ་བ། [5]གནས་ངན་ལེན་ཤས་ཆེ་བ། [6]ཉོན་མོངས་པ་ཤས་ཆེ་བ། [7]ཉེས་པར་སྤྱོད་པ་ཤས་ཆེ་བ། [8]བག་མེད་པ་ཤས་ཆེ་བ། [9]ལེ་ལོ་ཤས་ཆེ་བ། [10]མ་དད་པ་ཤས་ཆེ་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པ་མཐོང་ངོ་། ། མཐོང་ནས་ཀྱང་ཡང་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སྙིགས་མའི་དུས་ཆེན་པོ་དེ་ནི་བྱུང་གིས་མེད་དོ། ཉེ་བའི་ཉོན་མོངས་པ་ཅན་གྱི་དུས་འདིའི་སྐབས་སུ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དམན་པ་ལ་སེམས་བསྐྱེད་པ་ཡང་རྙེད་པར་སླ་བ་མ་ཡིན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྟ་ཅི་སྨོས་ཏེ། རེ་ཞིག་བདག་གིས་སེམས་བསྐྱེད་པ་དང་། དེ་དག་ཀྱང་འདི་ལྟར་བདག་གི་རྗེས་སུ་སློབ་ཅིང་། གཞན་དག་གིས་ཀྱང་སེམས་བསྐྱེད་པར་འགྱུར་རོ་སྙམ་ནས། དེ་དུས་ཀྱི་ཐ་མའི་ཚེ། སེམས་བསྐྱེད་པ་རྙེད་པར་དཀའ་བའི་དབང་དུ་བྱས་ཏེ། བྱང་ཆུབ་ཆེན་པོར་མོས་ཤིང་བྱང་ཆུབ་ཆེན་པོར་སེམས་སྐྱེད་པར་བྱེད་པ་འདི་ནི་སེམས་སྐྱེ་བའི་རྐྱེན་བཞི་པའོ། ། 2.རྒྱུ་བཞི་ནི། (1)རིགས་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་དང་པོའོ། ། (2)སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིནན་པ་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་གཉིས་པའོ། ། (3)སེམས་ཅན་རྣམས་ལ་སྙིང་རྗེ་བ་ནི་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་གསུམ་པའོ། ། (4)འཁོར་བའི་སྡུག་བསྔལ་དང་། དཀའ་བ་སྤྱད་པའི་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་པ་དྲག་པ་བར་ཆད་མེད་པས་ཀྱང་མི་འཇིགས་པ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་བཞི་པའོ། ། 3.སྟོབས་བཞི་ནི། (1)ནང་གི་སྟོབས་ནི། དེ་ལ་རང་གི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པར་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་སེམས་སྐྱེ་བའི་ནང་གི་སྟོབས་ཞེས་བྱའོ། (2)གཞན་གྱི་སྟོབས་ནི། གཞན་གྱི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་སྐྱེ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་སེམས་སྐྱེ་བའི་གཞན་གྱི་སྟོབས་ཞེས་བྱའོ། ། (3)རྒྱུའི་སྟོབས་ནི། སྔོན་ཐེག་པ་ཆེན་པོ་དང་ལྡན་པའི་དགེ་བའི་ཆོས་ལ་གོམས་པས་ད་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་ཙམ་མམ། དེ་དག་གི་བསྔགས་པ་ཐོས་པ་ཙམ་གྱིས་ཀྱང་མྱུར་དུ་སེམས་སྐྱེ་བར་འགྱུར་ན། དམ་པའི་ཆོས་ཐོས་པའམ། མཐུ་མཐོང་བས་ལྟ་ཅི་སྨོས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་སེམས་སྐྱེ་བའི་རྒྱུའི་སྟོབས་ཞེས་བྱའོ། ། (4)སྦྱོར་བའི་སྟོབས་ནི། ཚེ་འདི་ཉིད་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་མཉན་པ་དང། སེམས་པ་ལ་སོགས་པ་དགེ་བའི་ཆོས་ཡུན་རིང་དུ་གོམས་པར་བྱས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་སེམས་སྐྱེ་བའི་སྦྱོར་བའི་སྟོབས་ཞེས་བྱའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་8ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number