4464

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སོ་སོ་ཡང་དག་པར་རིག་པ་ལ་མཁས་པ་བཞི།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་ལེའུ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལེའུ་ལས་བྱུང་བ་སྟེ།

1.དོན་སོ་སོ་ཡང་དག་པར་རིག་པ་ནི། གང་ཆོས་རྣམས་དོན་དམ་པའི་ཚིག་ཏུ་ཤེས་པ་། གཉིས་སུ་མེད་པའི་རྒྱུ་ཤེས་པ། རྐྱེན་ཤེས་པ། འདུས་པ་ཤེས་པ། མཐའ་མེད་པའི་རྗེས་སུ་འགྲོ་བ་ཤེས་པ། བརྟེན་པ་ལ་འཇུག་པ་ཤེས་པ། ཆོས་ཀྱི་དབྱིངས་དབྱེར་མེད་པར་ཤེས་པ། དེ་བཞིན་ཉིད་ཀྱི་རྗེས་སུ་འཇུག་པ་ཤེས་པ། ཡང་དག་པའི་མཐའ་མི་གནས་པ་ཤེས་པ། སྟོང་པ་ཉིད་ཀྱི་རྗེས་སུ་རྟོགས་པ་ཤེས་པ། མཚན་མ་མེད་པའི་རྟོགས་པ་ཤེས་པ། སྨོན་པ་མེད་པ་ལ་སྨོན་པ་མེད་པར་ཤེས་པ། མངོན་པར་འདུ་མི་བྱེད་པ་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ། ཚུལ་གཅིག་ཏུ་འཇུག་པ་ཤེས་པ། སེམས་ཅན་མེད་པར་འཇུག་པ་ཤེས་པ། བདག་མེད་པར་འཇུག་པ་ཤེས་པ། སྲོག་མེད་པ་བྱེད་པ་གཅིག་པ་ཤེས་པ། གང་ཟག་མེད་པ་དོན་དམ་པར་ཤེས་པ། འདས་པའི་དུས་ལ་མ་ཆགས་མ་ཐོགས་པར་ཤེས་པ། མ་འོངས་པའི་དུས་ལ་མཐའ་མེད་པར་ཤེས་པ། ད་ལྟར་བྱུང་བའི་དུས་ལ་ཐམས་ཅད་དུ་ཤེས་པ། ཕུང་པོ་རྣམས་ལ་སྒྱུ་མར་ཤེས་པ། ཁམས་རྣམས་ལ་སྦྲུལ་གདུག་པ་དང་མཚུངས་པར་ཤེས་པ། སྐྱེ་མཆེད་རྣམས་ལ་སྟོང་པ་ཉིད་དུ་ངེས་པར་རྟོག་པ་ཤེས་པ། ནང་ཞི་བ་ཤེས་པ། ཕྱི་རོལ་ཏུ་མི་རྒྱུ་བ་ཤེས་པ། ཡུལ་ལ་ཡུལ་མེད་པར་ཤེས་པ། དྲན་པ་ལ་གནས་སུ་ཤེས་པ། རྟོགས་པ་ལ་ཁོང་དུ་ཆུད་པར་ཤེས་པ། བློ་གྲོས་ལ་མངོན་སུམ་དུ་ཤེས་པ། བདེན་པ་ལ་རབ་ཏུ་རྟོགས་པར་ཤེས་པ། སྡུག་བསྔལ་ལ་མི་འབྱུང་བར་ཤེས་པ། ཀུན་འབྱུང་བ་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ། འགོག་པ་ལ་མཚན་ཉིད་མེད་པར་ཤེས་པ། ལམ་ལ་སྒྲོལ་བར་ཤེས་པ། ཆོས་ལ་ཚིག་རབ་ཏུ་ཐ་དད་པར་ཤེས་པ། དབང་པོ་རྣམས་ལ་འཇུག་པར་ཤེས་པ། སྟོབས་རྣམས་ལ་མི་རྫི་བར་ཤེས་པ། ཞི་གནས་ལ་གནས་སུ་ཤེས་པ། ལྷག་མཐོང་ལ་སྣང་བར་ཤེས་པ། སྒྱུ་མ་ལ་སྒྲུབ་པར་ཤེས་པ། སྨིག་རྒྱུ་ལ་འཁྲུལ་པར་ཤེས་པ། རྨི་ལམ་ལ་མི་བདེན་པ་མཐོང་བར་ཤེས་པ། བྲག་ཅ་ལ་རྐྱེན་ལ་འཇུག་པར་ཤེས་པ། མིག་ཡོར་ལ་འཕོ་བར་ཤེས་པ། མཚན་ཉིད་སྣ་ཚོགས་ལ་མཚན་ཉིད་གཅིག་ཏུ་ཤེས་པ། འདུ་བ་ལ་འབྲལ་བར་ཤེས་པ། རབ་ཏུ་སྦྱངས་པ་ལ་ཕྱིར་མཚམས་སྦྱོར་བ་མེད་པར་ཤེས་པ། ཉན་ཐོས་ཀྱི་ཐེག་པ་ལ་སྒྲའི་རྗེས་སུ་འགྲོ་བར་འཇུག་པ་ཤེས་པ། རང་སངས་རྒྱས་ཀྱི་ཐེག་པ་ལ་བརྟེན་པ་ལ་འཇུག་པ་ཤེས་ཤིང་དབེན་པ་ལ་མཆོག་ཏུ་ཤེས་པ། ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བའི་ཚོགས་བསགས་པ་ཐམས་ཅད་ཤེས་པ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། ། 2.ཆོས་སོ་སོ་ཡང་དག་པར་རིག་པ་ནི། གང་དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་མེད་པ། ཟག་པ་དང་བཅས་པ། ཟག་པ་མེད་པ། འཇིག་རྟེན་པ། འཇིག་རྟེན་ལས་འདས་པ། འདུས་བྱས། འདུས་མ་བྱས། ཀུན་ནས་ཉོན་མོངས་པ། རྣམ་པར་བྱུང་བའི་ཆ་དང་མཐུན་པ། འཁོར་བ། མྱ་ངན་ལས་འདས་པར་འགྲོ་བའི་ཆོས་རྣམས་ལ་འཇུག་པ་ཤེས་པ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཤེས་པ། བྱང་ཆུབ་ཀྱི་མཉམ་པ་ཉིད་ཤེས་པ། ཁམས་མཉམ་པ་ཤེས་པ་སྟེ། དེ་ནི། ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། ། 3.ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི། གང་སྐད་ཐམས་ཅད་ལ་སྐད་མེད་པར་འཇུག་པ་ཤེས་པ་དང་། ལྷའི་སྐད་དང་། ཀླུའི་སྐད་དང་། གནོད་སྦྱིན་གྱི་སྐད་དང་། དྲི་ཟའི་སྐད་དང་། མིའམ་ཅིའི་སྐད་དང་། ལྟོ་འཕྱེ་ཆེན་པོའི་སྐད་དང་། མི་དང་མི་མ་ཡིན་པའི་སྐད་དང་། འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྐད་དང་། སྒྲ་དང་དབྱིངས་རྣམས་ལས་སྐད་དེས་དེ་དག་ལ་ཆོས་འཆད་པ་སྟེ། དེ་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། དེ་ལྟར་ཆོས་དེ་དག་ལ་བརྟག་པར་བྱའོ། ། 4.སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི། གང་ཚིག་བཟང་བ་མི་གནས་པར་ལུང་བསྟན་པ། སྟོན་པ་རྒྱུན་མི་འཆད་པ། སྤོབས་པ་མྱུར་བ། སྤོབས་པ་མགྱོགས་ཤིང་མྱུར་བ། སྤོབས་པ་མི་རྨོངས་པ། སྤོབས་པ་ཇི་ལྟར་དྲིས་པ་བཞིན་པ། སྤོབས་པ་ཡོངས་སུ་མ་ཉམས་པ། སྤོབས་པ་མི་འགལ་བ། སྤོབས་པ་རྩོད་པ་མེད་པ། སྤོབས་པ་ཆོས་ལ་རབ་ཏུ་དགའ་བ། སྤོབས་པ་བཟོད་པ་ལ་གནས་པ། སྤོབས་པ་ཟབ་པ། སྤོབས་པ་སྣ་ཚོགས་པ། ཀུན་རྫོབ་དང་དོན་དམ་པ་ལ་སྤོབས་པ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་གནས་པའི་སྤོབས་པ། དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཞི་གནས་དང་། ལྷག་མཐོང་ལ་སྤོབས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། བདེན་པ་ལ་འཇུག་པ་ཐམས་ཅད་ཤེས་པའི་སྤོབས་པ། ཐེག་པ་ཐམས་ཅད་ལ་སྤོབས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་སྤོབས་པ། ཚིག་མི་ལྷུག་པའི་སྤོབས་པ། ཚིག་མི་རྩུབ་པའི་སྤོབས་པ། ཚིག་མི་འཆོལ་བའི་སྤོབས་པ། ཚིག་རྩུབ་མོ་མ་ཡིན་པའི་སྤོབས་པ། ཚིག་མཉེན་པའི་སྤོབས་པ། ཚིག་དག་པ། ཚིག་གྲོལ་བ། ཚིག་མ་ཆགས་པ། ཚིག་བཙུན་པ། ཚིག་འབྲེལ་བ། ཚིག་ལྡན་པ། ཚིག་མ་ཉམས་པ། ཚིག་སྙན་པ། ཚིག་འཇམ་པ། ཚིག་མ་སྨད་པ། ཚིག་འཕགས་པ་ཐམས་ཅད་ཀྱིས་བསྟོད་པ་སྟེ། ཞིང་མཐའ་ཡས་པའི་རྣམ་པར་ཤེས་པའི་རྗེས་སུ་སོང་བའི་སྒྲ་ཚངས་པའི་སྒྲ་སྐད་ཀྱི་དབྱངས་དང་འདྲ་བ། རྟོགས་པར་བྱེད་པའི་སྒྲ་གཅིག་པ། སངས་རྒྱས་ཀྱིས་གནང་བའི་སྤོབས་པས་སེམས་ཅན་གཞན་དང་། གང་ཟག་གཞན་དག་ལ་ཆོས་སྟོན་ཏོ། ། དེའི་ཆོས་བསྟན་པ་དེ་ཡང་འབྱུང་བར་བྱེད་པ། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །

Tibetan Source 《དཀོན་བརྩེགས་ག་པ་》ཤ་321བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number