47
Tibetan | བཀའ་གདམས་ཀྱི་རིང་ལུགས་བཤད་པ་ལ་གཉིས། |
---|---|
Tibetan Alternate | |
Tibetan Definition | 1.ལུགས་སྲོལ་ངོས་འཛིན་པ། ཇོ་བོས་ལྟ་སྤྱོད་གཙོར་སྟོན་གཞུང་གདམས་ངག་དང་། ། ཟུང་འབྲེལ་བྱང་ཆུབ་ལམ་གྱི་སྒྲོན་མ་བསྟན། ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་འཕྲུལ་ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་དབུ་མའི་ལྟ་བ་དང་འདུལ་བའི་སྤྱོད་པ་གཙོར་སྟོན། གཞུང་ལུགས་གདམས་ངག་དང་ཟུང་དུ་འབྲེལ་བ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་པ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པའི་བསྟན་བཅོས་ཆེན་པོ་མཛད་ནས་དམ་པའི་ཆོས་ཀྱི་སྒོ་མོ་མཐའ་དག་དེའི་ནང་དུ་འདུས་པར་བསྟན་ཏོ། །
2.བརྒྱུད་པའི་རྣམ་གྲངས་བཤད་པ། དེ་ལ་གསུམ་སྟེ། (1) དེའི་བཀའ་བརྒྱུད་སྤྱི་ནི། ནག་ཚོའི་བཀའ་བརྒྱུད་ལ་སོགས་མཐའ་ཡས་ཀྱང་། ཇོ་བོ་རྗེའི་སློབ་མ་རྒྱ་བོད་གཉིས་ཀར་མཁས་ཤིང་གྲུབ་པ་བརྙེས་པ་ཤིན་ཏུ་མང་ཡང་བོད་ཀྱི་སློབ་མའི་ཐོག་མ་སྤྱན་འདྲེན་པ་པོ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ཇོ་བོ་ལོ་བཅུ་དགུར་བསྟེན་ཏེ་གདམས་པ་ཕལ་ཆེར་ཐོབ། གཞན་ཡང་ཛཱ་ན་ཨཱ་ཀ་ར་སོགས་བསྟེན་ཅིང་དེའི་རྩ་བའི་བརྒྱུད་པ་ནག་ཚོའི་བཀའ་བརྒྱུད་དུ་གྲགས་པ་དང་། འབྲོམ་ལ་སོགས་པའི་སློབ་བུ་རོང་པ་ཕྱག་སོར་བས་ཀྱང་ནག་ཚོ་ལ་སྔགས་ཀྱི་གདམས་པ་མང་དུ་ཞུས། དེས་ལུང་བསྟན་པ་བཞིན་རོང་ལག་སོར་དུ་དགོན་པ་བཏབ། བྱ་འདུལ་བ་འཛིན་པ་སོགས་རོང་པའི་བུ་བཞིར་གྲགས་པ་ལས་བརྒྱུད་པ་ཁྱད་པར་ཅན་བྱུང་། བར་དུ་གཙང་ན་མགར་འགོས་ཡོལ་གསུམ། ཐ་མར་དབུས་ན་ཁུ་རྔོག་འབྲོམ་གསུམ་ཞེས་གྲགས་པ་དང་ལྡན་པ་དེ་དག་ལས་ཀྱང་། རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཐོག་མར་བཏབ་པ་སོགས་དཔལ་མར་མེ་མཛད་ཀྱིས་འཁོར་ལོ་བསྐོར་བའི་ཕྲིན་ལས་ནི་མཐའ་ཡས་སོ། ། (2) བྱེ་བྲག་བཀའ་གདམས་རྙིང་མ་ནི། གཙོ་བོར་སྤྱན་རས་གཟིགས་དབང་འབྲོམ་གྱི་བརྒྱུད། ། ལྷ་ཆོས་བདུན་ལྡན་བཀའ་གདམས་རིན་པོ་ཆེ། ། སྐུ་མཆེད་གསུམ་སྲོལ་གཞུང་གདམས་མན་ངག་པ། ། འཕགས་ཆེན་དུ་མས་བྱང་ཆུབ་ལམ་བཟང་སྤེལ། ། དེ་དག་ཐམས་ཅད་ལས་གཙོ་བོར་གྱུར་པ་སངས་རྒྱས་ཕལ་པོ་ཆེ་དང་སྙིང་རྗེ་པད་དཀར་ལས་དགེ་བསྙེན་ཆོས་འཕེལ་ཞེས་ལུང་གིས་བསྟན་པ་སྤྱན་རས་གཟིགས་དབང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་བཀའ་བརྒྱུད་འདི་ལ། ཁྱད་པར་འཕགས་པའི་ལྷ་བཞི་དང་། ཆོས་སྡེ་སྣོད་སྟེ་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་བཀའ་གདམས་རིན་པོ་ཆེ་ཞེས་གྲགས་པ་བྱུང་ཞིང་། རྒྱལ་བ་འབྲོམ་གྱི་སློབ་མ་སྐུ་མཆེད་གསུམ་དུ་གྲགས་པ་ལ་གཞུང་། གདམས་ངག་མན་ངག་གི་བཀའ་སྲོལ་ཆེན་པོ་གསུམ་གྱི་བཀའ་བབས་ནས་དེ་གསུམ་གྱི་བརྒྱུད་འཛིན་འཕགས་ཆེན་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ས་ལ་གནས་པ་དུ་མ་བྱོན་ནས་འཁྲུལ་བ་མེད་པའི་བྱང་ཆུབ་ཀྱི་ལམ་བཟང་སྤེལ་ཞིང་གསལ་ བར་མཛད་དོ། ། དེ་ལ་གཞུང་ནི། སྐྱེས་ཚོམ་དད་པའི་གཞུང་། ས་རྒྱན་ཏིང་ངེ་འཛིན་གྱི་གཞུང་། བསླབ་སྤྱོད་སྤྱོད་པའི་གཞུང་སྟེ་གཞུང་དྲུག་གི་བཤད་སྲོལ་འཛིན་པ་པོ་ཏོ་བ་རིན་ཆེན་གསལ་ལ་སློབ་མ་གླིང་ཤར་ཉི་ཟླ་ཟུང་འབྲེལ་སོགས་བྱོན་ཅིང་། ཤར་པའི་སློབ་མའི་ནང་ནས་གཏུམ་སྟོན་བློ་གྲོས་གྲགས་ཀྱིས་དཔལ་སྣར་ཐང་གི་དགོན་པ་བཏབ། འདི་དག་གི་བཤད་སྲོལ་གཙོ་བོར་བསྐྱངས། གདམས་ངག་ནི་བདེན་པ་བཞི་གདམས་ངག་ཏུ་སྟོན་པའི་བཤད་སྲོལ་ཏེ་སྤྱན་སྔ་ཚུལ་ཁྲིམས་འབར་གྱི་སློབ་མ་བྱ་ཡུལ་པ་སོགས་ལས་སྤྱན་སྔ་བཀའ་བརྒྱུད་ཅེས་ཁྱད་པར་དུ་འཕགས་པ་བྱོན་ཅིང་སྒྲུབ་བརྒྱུད་གཙོ་བོར་བསྐྱངས། དེང་སང་དེའི་བཀའ་དྭགས་པོ་བཀའ་བརྒྱུད་པ་ལ་བབས་པར་བཞེད། མན་ངག་ནི་ཐིག་ལེ་བཅུ་དྲུག་གི་དབང་ཁྲིད་རྒྱབ་བརྟེན་གླེགས་བམ་རིན་པོ་ཆེ་བཅས་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ལ་བཀའ་བབས། དེས་སྟབས་ཀ་བ་རིན་ཆེན་རྒྱལ་མཚན་ལ་གནང་། ཕྱིས་སྣར་ཐང་པ་གཞོན་ནུ་བློ་གྲོས་ཀྱི་བར་ཆིག་བརྒྱུད་དུ་མཛད། དེ་ནས་རྒྱ་བཀྲོལ་ཏེ་རིམ་པར་བརྒྱུད་པ་ལ་སྨྱུག་པ་པཎ་ཆེན་ལས་དཔལ་གཙུག་ལག་ཕྲེང་བས་གསན་ཏེ་སྒྲུབ་བརྒྱུད་ཀཾ་ཚང་གི་ཕྱོགས་སུ་བྱོན་པ་དང་། ལོ་ཆེན་ཐུགས་རྗེ་དཔལ་བ་ལས་རྒྱལ་བ་དགེ་འདུན་གྲུབ་ཀྱིས་གསན་ནས་དགེ་ཕྱོགས་ལ་རྒྱུན་བྱུང་ངོ་། ། (3) བཀའ་གདམས་གསར་མ་ནི། ལུགས་དེ་གྲུབ་མཐའ་ཡོངས་ལ་ཁྱབ་མོད་ཀྱང་། ། ཕྱིས་དུས་འཇམ་དབྱངས་རྣམ་འཕྲུལ་ཙོང་ཁ་པས། ། གཞུང་ལམ་གཙོར་བཏོན་བཀའ་གདམས་གསར་མར་གྲགས། ། ཞེས་ལུགས་སྲོལ་དེ་འཛིན་པའི་དགེ་བའི་བཤེས་གཉེན་གྱིས་དུས་དེ་ཙམ་ན་བོད་ཁམས་ཡོངས་ལ་ཁྱབ་ཅིང་དགོན་གནས་ཀྱང་ཁམས་དབུས་ཀུན་ཏུ་རྒྱ་ཆེར་འཕེལ་བས། བློ་ལྡོག་རྣམ་བཞི་སོགས་ལམ་རིམ་གྱི་གདམས་པ་གསར་རྙིང་ཁྲིད་སྲོལ་ཐམས་ཅད་ཀྱི་ཐོག་མར་འབྱུང་བས་མཚོན་གངས་ཅན་གྱི་གྲུབ་མཐའ་ཀུན་ལ་ཁྱབ་མོད་ཀྱང་། ཕྱི་དུས་རང་རྐང་འཛིན་པའི་སྡེ་ཅུང་ཟད་འགྲིབ་པ་ལྟར་སྣང་བ་ན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་པར་འཕྲུལ་པ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་དེས་བཀའ་གདམས་གཞུང་པའི་ལུགས་ཀྱི་བཤད་སྲོལ་གཙོར་བཏོན། ལུགས་གསུམ་གྱི་ཟབ་དོན་མན་ངག་ཏུ་དྲིལ་བ་བྱང་ཆུབ་ལམ་རིམ་ཆེན་པོ་ལ་གདམས་པའི་སྲོག་ཏུ་བཟུང་བ་ནི་བཀའ་གདམས་གསར་མ་སྟེ་ད་ལྟ་དགེ་ལྡན་པར་ཡོངས་སུ་གྲགས་པ་འདི་ཡིན་ལ། དམ་པ་འདིའི་སྐུ་ཆེ་བའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ་བླ་མ་དབུ་མ་པ་དང་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་འཇམ་དཔལ་དང་གསང་བའི་བདག་པོའི་ཞུས་ལེན་རྣམས་ལས་གསལ་ཞིང་། མ་ཅིག་ལབ་སྒྲོན་གྱིས་ཀྱང་ཐུབ་པའི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྒྱལ་དབང་ཀརྨ་པ་དང་དམ་པ་འདི་གཉིས་འདྲ་བའི་གང་ཟག་གཞན་མི་འབྱུང་བར་ལུང་གིས་གསལ་བར་བསྟན་པར་སྣང་། མཛད་པ་ཕྲིན་ལས་ཀྱང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་པོ་གཙོ་བོར་གྱུར་པའི་མཛད་ཆེན་བཞིས་མཚོན་སོ་སྐྱེའི་བློས་དཔག་པར་དཀའ་བ་དང་། སློབ་མ་སྡེ་སྣོད་འཛིན་པ་དགོན་སྡེ་ཐེབས་པའང་བརྒྱ་དང་བཞི་བཅུ་ལྷག་ཙམ་བྱོན་པའི་ཕྲིན་ལས་ཀྱི་རྒྱུན་ད་ལྟ་མིག་གིས་མཐོང་དུ་ཡོད་པ་སོགས་མདོར་ན་སངས་རྒྱས་ཀྱི་བསྟན་པའི་གཞུག་འདིར་ལུང་གི་བསྟན་པ་ལ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན་ནོ། ། དེ་ལྟར་བཀའ་གདམས་པ་ནི་ཇོ་བོ་རྗེའི་དུས་སུ་བསྟན་པའི་དབུ་བརྙེས། སྟོན་པ་རིན་པོ་ཆེས་སྲོལ་ཕྱེ། སྐུ་མཆེད་གསུམ་གྱི་རིང་ལ་དར་ཞིང་རྒྱས། གླང་ཤར་བྱ་ཡུལ་པ་སོགས་ཀྱི་དུས་ཤིན་ཏུ་འཕེལ་བར་གྲགས་སོ། ། |
Tibetan Source | 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤ་516.18ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |