5376

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྤུར་སྦྱོང་བྱ་ཐབས་ལྔ།
Tibetan Alternate
Tibetan Definition 1.མེ་ལ་སྲེག་པ་ནི། སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་རྒྱུད་སྡེའི་གཞུང་ནས་གསུངས་པ་ལྟར། རྡོ་རྗེ་སེམས་དཔའ་དང་། མི་འཁྲུགས་པ། ཀུན་རིག་བཅས་ངན་སོང་སྦྱོང་བའི་ལྷ་གསུམ་གང་རིགས་ཀྱི་ཆོ་ག་ལ་བརྟེན་ནས་རོ་མེ་ལ་སྲེག་པའི་བྱ་ཐབས་རྒྱས་བསྡུས་མང་པོ་ཡོད་ཅིང་། སྤྱིར་ན་ཕུང་པོ་མེ་ལ་སྲེག་སྐབས་ཐོག་མ་དུར་ཁྲོད་གཙང་ས་ཞིག་ཏུ་ཁྱེར་ནས་མར་དང་སྣུམ་བྱུགས་བཞིན་དུ་ཤིང་གཙང་མས་མེ་སྦར་བའི་ནང་དུ་སྲེག་ཏེ་འཚིག་པའི་རུས་པའམ་ཐལ་བ་མཛོད་ཀྱི་ནང་དུ་ཉར་ཚགས་བྱེད་པ་ཡིན།

2.བང་སོའི་ནང་དུ་སྦས་ནས་འཇོག་པ་ནི། བོད་གནའ་རབས་བོན་གྱི་ལུགས་སྲོལ་མང་པོ་ཞིག《རྒྱལ་པོ་བཀའ་ཐང་》ཤ་དང་《དེབ་ཐེར་དཀར་པོ་》ཤ་སོགས་ལས་བཤད་པ་དེ་ཡིན་ཅིང་། ཐོག་མར་བང་སོའི་དབྱིབས་ས་ཕུང་སྤུངས་པ་ལྟ་བུ། རྗེས་སུ་གྲུ་བཞི་བྲེ་ཁ་བུབ་པ་ལྟ་བུ། དེ་རྗེས་ཁང་པ་དང་འདྲ་བ་བཅས་སུ་འགྱུར་བ་བྱུང་ཡོད་ཅིང་། དེ་ཡང་ཕུང་པོ་གཙང་མར་བཀྲུས་རྗེས་དུར་ས་གཙང་མའི་མཐིལ་དང་། མཐའ་སྐོར་དུ་ཤིང་བསྲེག་པའི་སོལ་བས་གཏུམས་པའི་དཀྱིལ་དུ་བཞག་ཏེ་རུལ་སླད་མི་ཡོང་བ་བྱས་ཐོག ཕུང་པོའི་མདུན་དང་མཐའ་སྐོར་དུ་ཟས་གོས་དང་གཤིན་པོའི་རྒྱུན་སྤྱོད་ཡོ་བྱད་སོགས་བཞག་ནས་དེའི་སྟེང་དུ་ས་གཡོགས་ཏེ་ཤིང་སྣ་སོགས་འདེབས་འཛུགས་ཁར་ལོ་དུས་སུ་གཤིན་པོའི་ཉེ་འབྲེལ་རྣམས་དུར་སར་འཛོམས་ནས་དྲན་གསོའི་མཆོད་པ་འབུལ་སྲོལ་ཡོད། རྒྱལ་པོ་དང་བཙུན་མོ། བློན་པོ་བཅས་ཀྱི་བང་སོ་བརྩིགས་པའི་ནང་དུ་མི་གསོན་པོ་བང་སོའི་ནང་དུ་འཇོག་པའི་སྲོལ་ནི་བོད་དུ་གཏན་ནས་བྱུང་མ་མྱོང་ཞིང་། དུར་སྲུང་ནི་རང་ཉིད་མ་ཤི་བར་དུ་བང་སོ་སྲུང་ནས་སྡོད་མཁན་ཞིག་ཡིན་པའི་ཐོག ལོ་རེའི་ལོ་མཆོད་སྐབས་གཤིན་པོའི་ཉེ་འབྲེལ་རྣམས་ཀྱིས་བསྐྱལ་བའི་ཟས་གོས་དང་ཕྱུགས་རིགས་སོགས་ནི་ཁོའི་ཐོབ་སྐལ་ཡིན་པས་ལྟོ་གོས་ལ་སེམས་ཁྲལ་མི་དགོས་པ་དེ་འདྲ་ཞིག་ཡིན། ། 3.བྱ་རྒོད་ལ་སྟེར་བ་ནི། དུས་རབས་བཅུ་གཉིས་པའི་འགོར་ཕ་དམ་པ་སངས་རྒྱས་བོད་དུ་ཐེངས་གསུམ་པ་ཕེབས་སྐབས་ཞི་བྱེད་གཅོད་ཀྱི་ཆོས་སྐོར་དར་སྤེལ་གནང་བ་ནས་གཤིན་པོའི་ཕུང་པོ་རྣམས་དཀོན་མཆོག་སྲི་ཞུའི་མགྲོན་ལ་མཆོད་པའི་ཚུལ་དུ་འབུལ་བ། མགོན་པོ་ཡོན་ཏན་མགྲོན་ལ་གཏང་རག་གི་ཚུལ་དུ་འབུལ་བ། རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པའི་ཚུལ་དུ་གཏོང་བ། གདོན་བགེགས་ལན་ཆགས་ཀྱི་མགྲོན་ལ་བུ་ལོན་གྱི་ཚུལ་དུ་གཏོང་བ་བཅས་ཀྱི་བསམ་ཚུལ་བཅངས་སྟེ་དངོས་སུ་བྱ་རྒོད་ལ་སྟེར་བ་ཡིན་ཅིང་། གཤིན་པོའི་ཕུང་པོ་དུར་ཁྲོད་དུ་བསྐྱལ་ནས་བྱ་གཏོར་བྱེད་མཁན་ལ་རྟོགས་ལྡན་དང་དེང་སང་སྟོབས་ལྡན་དུ་འབོད་སྲོལ་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐུ་དུས་སུ་གོར་ཥ་བཙན་འཛུལ་དམག་བོད་ནས་མཐར་སྐྱོད་གཏོང་སྐབས་སུ་མན་ཆིང་སྲིད་གཞུང་གིས་ཆེད་དུ་མངགས་པའི་བློན་ཆེན་ཧྥུ་ཁང་ཨན་གྱིས་བོད་མིས་གཤིན་པོའི་ཕུང་པོ་དུར་ཁྲོད་དུ་བསྐྱལ་ནས་བྱ་གཏོར་བྱེད་པའི་གནས་ཚུལ་མཐོང་ཐོས་བྱུང་སྟབས་ལུགས་སྲོལ་དེ་ཀླ་ཀློ་མ་རབས་ཀྱི་བྱ་སྤྱོད་ཅིག་ཏུ་རྩིས་ནས་ཕྱིན་ཆད་དེ་འདྲ་མི་ཆོག་པའི་གཏན་འབེབས་བཟོས་ཀྱང་། བློན་ཆེན་རྒྱ་ནག་ཏུ་ཕྱིར་ལོག་རྗེས་སླར་ཡང་ལུགས་སྲོལ་དེ་བསྐྱར་གསོ་བྱས་ཡོད། 4.གདུང་རྟེན་བཞེངས་པ་ནི། མེ་ལ་སྲེག་ཟིན་པའི་ཐལ་བ་དང་། ཚིག་རོ་ལུས་པའི་རུས་པ་བཅས་ལ་ངན་སོང་སྦྱོང་བའི་ཆོ་གའི་སྒོ་ནས་རུས་ཆོག་བྱས་ཏེ་ས་དང་བསྲེས་པའི་སཙྪ་བཏབ་ནས་མཆོད་རྟེན་བཞེངས་པའི་ནང་དུ་འཇོག་པ་དེར་ཟེར། དེ་ནི་རང་གི་བླ་མ་སོགས་སྐྱེ་བོ་སྤྱིར་བཏང་མིན་པའི་རིགས་ལ་རྒྱ་ཁྱབ་ཏུ་ལག་ལེན་བསྟར་སྲོལ་ཡོད་པ་ཞིག་ཡིན། 5.དམར་གདུང་དུ་འཇོག་པ་ནི། རང་གི་རྩ་བའི་བླ་མ་དང་སྐྱེས་ཆེན་དམ་པ་ནུས་ལྡན་དམིགས་བསལ་ཅན་འགའ་ཞིག་དགོངས་པ་རྫོགས་རྗེས་ཕྱིས་འབྱུང་གི་དགོས་པ་མང་པོའི་དོན་དུ་སྐུ་གདུང་མ་ཉམས་པར་འཇོག་པ་དེར་ཟེར་ཞིང་། དེ་ཡང་སྐུ་གདུང་ནང་གི་མི་གཙང་བ་རྣམས་བཤལ་སྦྱོང་གི་སྨན་སྦྱོར་ལ་བརྟེན་ནས་རྩ་བཤལ་ཆུ་བཤལ་བྱས་ཏེ་སྐམ་ཐོག་མ་ཆོད་བར་དུ་ཚྭ་ཡི་ནང་དུ་བཞག བཤུལ་སྦྱོང་གཙང་མར་བྱུང་བ་དང་སྐམ་ཐག་ཆོད་རྗེས་ཞལ་རས་ཀྱི་བཟོ་དབྱིབས་རྣམས་སྨན་སྦྱོར་བསྲེས་པའི་འཇིམ་པས་ལེགས་པར་གསོས་ཏེ་འདྲ་སྐུ་བཞེངས་ཐོག་ཤིང་ཙན་དན་ལས་བཟོས་པའི་ཕྱི་སྒྲོམ་རིམ་པ་གསུམ་ཡོད་པ། རིམ་པ་རེ་རེའི་བར་དུ་སྟོང་ཆ་སོར་ལྔ་ཡས་མས་བཞག་པའི་ནང་མའི་ནང་དུ་དམར་གདུང་གི་འདྲ་སྐུ་དེ་འཇོག་ཅིང་། སྒྲོམ་བར་མའི་ནང་དུ་བཞག་པའི་བར་སྟོང་རྣམས་དྲི་བཟང་ཞིང་བསིལ་བའི་རིགས་ཀྱི་སྨན་སྣས་བྱུར་བུར་བཀང་། སྒྲོམ་བར་མ་དང་ཕྱི་མའི་བར་སྟོང་རྣམས་སུ་དྲི་བཟང་པོ་ཤིང་བསྲེགས་པའི་སོལ་ཕྱེ་དང་སོལ་བས་བཀང་སྟེ་སྒྲོམ་ཕྱི་ནང་ཚང་མར་ཁ་ཁེབས་ལེགས་པར་གཡོགས་པའི་སྲུབས་རྣམས་སྤྲ་ཚིལ་གྱིས་དམ་པོར་བཀག་དགོས་པ་སོགས་སྐུ་གདུང་རུལ་སུངས་དང་འབུ་སྐྱོན་མི་འབྱུང་བའི་སྔོན་འགོག་བྱ་ཐབས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་མང་པོ་ཡོད། དེ་སྔོན་བོད་དུ་རྙིང་མ་དང་། བཀའ་གདམས། བཀའ་བརྒྱུད། ས་སྐྱ། དགེ་ལུགས་པ་སོགས་ཀྱི་སྐྱེས་ཆེན་དམ་པ་སུམ་ཅུ་ལྷག་ཙམ་གྱི་དམར་གདུང་ཡོད་ཅིང་། འགའ་ཞིག་ནི་ལོ་ཆིག་སྟོང་ལྷག་ཙམ་སོང་ཞིང་། མང་ཆེ་བ་ལོ་བདུན་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ཡོད་པ་དེ་འདྲ་ཡིན་ཀྱང་ཕལ་ཆེ་བ་རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་ཕོག་ནས་དེང་སྐབས་ལྷག་མར་ལུས་པ་བརྒྱད་ཙམ་ལས་མེད་ཅིང་། དེ་ཚོ་ཡང་རེ་གཉིས་མ་གཏོགས་ཕལ་ཆེ་བ་ལོ་ལྔ་བརྒྱ་ནས་ལོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་ཤ་སྟག་ཡིན།

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1296.5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number