6758

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བར་དོའི་རང་བཞིན་བཤད་པ་ལས་དབང་པོའི་མངོན་ཤེས་ཀྱི་འབྱུང་ཚུལ་དྲུག
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་བཞི་པ་འབྲིང་དང་ཐ་མ་བར་དོ་དང་རང་བཞིན་སྤྲུལ་པའི་ཞིང་དུ་གྲོལ་བའི་རིམ་པ་ལས་བྱུང་བ་སྟེ།

1. མིག་གི་མངོན་ཤེས་ལ་བཞི་སྟེ། (1)ཐོག་མ་མིག་གི་མངོན་ཤེས་འཆར་བ་ལ་དྲུག་སྟེ། [1]ཆུ་བུར་གྱི་མིག་རྣམ་པར་དག་པ་ལས། མིག་ཕྱེ་བཙུམས་མེད་པར་དངོས་པོ་རྣམས་ཟང་ཐལ་དུ་མཐོང་བ། [2]ཤའི་དག་པས་ལྐོག་ཏུ་གྱུར་པ་རགས་པའི་དངོས་པོ་དཔག་ཚད་ལྔ་ཚུན་ཆད་ན་གནས་པ་རྣམས་མཐོང་བ། [3]ཤའི་རྣམ་པར་དག་པས་གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ། [4]ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་མཐོང་བ། [5]ཤིན་ཏུ་རབ་ཏུ་རྣམ་པར་དག་པས་ཁྲི་དང་འབུམ་ཚུན་ཆད་མཐོང་བ། [6]མཆོག་ཏུ་རོབ་ཏུ་དག་པས་བྱེ་བ་དང་ས་ཡ་གྲངས་མེད་པ་རྣམས་ཕྱིན་ཅི་མ་ལོག་པར་མཐོང་བའོ། ། (2)དེ་ནས་ཡེ་ཤེས་ཀྱི་མིག་གིས་མཐོང་བ་ལྔ་སྟེ། [1]ཡེ་ཤེས་མིག་གིས་སྤྲུལ་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ། [2]རྣམ་པར་དག་པས་སྐྲུལ་སྐུའི་ཞིང་འབུམ་ཕྲག་བརྒྱད་མཐོང་བ། [3]ཤིན་ཏུ་རྣམ་པར་དག་པས་འབུམ་ཕྲག་?མཐོང་བ། [4]ཤིན་ཏུ་རབ་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ། [5]མཆོག་ཏུ་རབ་ཏུ་དག་པས་ས་ཡ་དགུ་བཅུ་རྩ་གཅིག་མཐོང་བའོ། ། (3)དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་མཐོང་བ་བཞི་སྟེ། [1]ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ། [2]རྣམ་པར་དག་པས་འབུམ་ཕྲག་ལྔ་མཐོང་བ། [3]ཤིན་ཏུ་རྣམ་པར་དག་པས་བྱེ་བ་ཕྲག་ལྔ་མཐོང་བ། [4]རབ་ཏུ་རྣམ་པར་དག་པས་བྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། ། (4)རྣམ་པ་ཐམས་ཅད་མཁྱེན་པའི་མིག་གིས་མཐོང་བ་བཞི་སྟེ། [1]རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་ཀྱི་སྐུའི་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ། [2]རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ། [3]ཤིན་ཏུ་དག་པས་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ། [4]རབ་ཏུ་དག་པས་སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་མཐོང་བའོ། ། 2. རྣ་བའི་མངོན་ཤེས་ལ་གཉིས་ཏེ། (1)དེ་ནས་རྣ་བའི་མངོན་ཤེས་ཀྱིས་ཐོས་པ་བརྒྱད་ནི། [1]ལྷའི་རྣ་བས་དངོས་སུ་གྲགས་པ་ཐོས་པའི་སྟེང་དུ་འགྲོ་བ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ། [2]རྣམ་པར་དག་པས་དཔག་ཚད་སྟོང་ཚུན་ཆད་ཀྱི་སྒྲ་ཐོས་པ། [3]ཤིན་ཏུ་རྣམ་པར་དག་པས་དཔག་ཚད་ལྔ་སྟོང་གི་སྒྲ་ཐོས་པ། [4]རབ་ཏུ་དག་པས་འབུམ་ཕྲག་གཉིས་ཀྱི་སྒྲ་ཐོས་པ། [5]ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཕྲག་གཅིག་ཚུན་ཆད་ཀྱི་སྒྲ་ཐོས་པ། [6]རྣམ་པར་དག་པས་ལྷ་མིན་རྣམས་ཀྱི་སྒྲ་ཐོས་པ། [7]ཤིན་ཏུ་རྣམ་པར་དག་པས་ལྷ་རྣམས་ཀྱི་སྒྲ་ཐོས་པ། [8]རབ་ཏུ་དག་པས་གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། ། (2)རྣམ་པར་གྲོལ་བའི་རྣ་བས་ཐོས་པ་བཞི་སྟེ། [1]རྣམ་པར་གྲོལ་བའི་རྣ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྒྲ་ཐོས་པ། [2]རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀའ་བགྲོ་མཛད་པ་ཐོས་པ། [3]ཤིན་ཏུ་དག་པས་སངས་རྒྱས་གྲངས་མེད་པའི་གསུང་ཐོས་པ། [4]རབ་ཏུ་རྣམ་པར་དག་པས་སངས་རྒྱས་གྲངས་མེད་བདུན་གྱི་བཀའ་བགྲོ་མཛད་པ་ཐོས་པའོ། ། གྲངས་མེད་ནི་གྲངས་ཀྱི་གནས་གཞན་དྲུག་ཅུའི་ཐ་མའི་མིང་ཡིན་ནོ། ། 3. སྣའི་མངོན་ཤེས་ལ་གཉིས་ཏེ། (1)དེ་ནས་སྣའི་མངོན་ཤེས་ཀྱིས་ཚོར་བ་བཞི་སྟེ། [1]ལྷའི་སྣས་མི་སྣང་བའི་དྲི་ཚོར་བ། [2]རྣམ་པར་དག་པས་བེམ་པོ་རྣམས་ཀྱི་དྲི་ཚོར་བ། [3]ཤིན་ཏུ་དག་པས་གཟུགས་མེད་པ་རྣམས་ཀྱི་དྲི་ཚོར་བ། [4]རབ་ཏུ་དག་པས་མཁའ་ལ་གནས་ཀྱི་དྲི་ཚོར་བའོ། ། (2)དཔེ་བྱད་དང་ལྡན་པའི་སྣས་ཚོར་བ་བཞི་སྟེ། [1]དཔེ་བྱད་དང་ལྡན་པའི་སྣས་འགྲོ་བ་རིགས་དྲུག་གི་དྲི་དུས་གཅིག་ལ་ཚོར་བ། [2]རྣམ་པར་དག་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་དྲི་ཚོར་བ། [3]ཤིན་ཏུ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའི་དྲི་ཚོར་བ། [4]རབ་ཏུ་དག་པས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲི་ཚོར་བའོ། ། 4. ལྕེའི་མངོན་ཤེས་ལ་གཉིས་ཏེ། (1)ལྕེའི་མངོན་ཤེས་ཀྱིས་མྱོང་བ་བཞི་སྟེ། [1]ལྕེའི་མངོན་ཤེས་འབྱུང་བའི་ལྕེ་དག་པས་ལྷའི་བདུད་རྩིའི་རོ་ལ་མྱོང་བ། [2]རྣམ་པར་དག་པས་བདུད་རྩི་སྟོང་ཕྲག་བདུན་གྱི་རོ་མྱོང་བ། [3]ཤིན་ཏུ་དག་པས་མཁའ་འགྲོ་མའི་དངོས་གྲུབ་ཀྱི་བདུད་རྩི་ཆེན་པོའི་རོ་མྱོང་བ། [4]རབ་ཏུ་དག་པས་ཁ་བདུད་རྩི་འཁྱིལ་བའི་དཔའ་བོ་རྙེད་པའོ། ། (2)ཉེར་ལེན་རྣམ་པར་དག་པའི་ལྕེས་རོ་མྱོང་བ་གསུམ་སྟེ། [1]ཉེར་ལེན་རྣམ་པར་དག་པའི་ལྕེས་བཀོད་པ་ཆེན་པོའི་ཏིང་ངེ་འཛིན་གྱི་རོ་མྱོང་བ། [2]ཤིན་ཏུ་དག་པས་སངས་རྒྱས་སྟོང་ཕྲག་ལྔས་ཕྱག་མཛད་པའི་བདུད་རྩིའི་རོ་མྱོང་བ། [3]རབ་ཏུ་དག་པས་བསྐལ་པ་འབུམ་ཕྲག་བདུན་གྱི་སངས་རྒྱས་ཀྱིས་ཕྱག་མཛད་པའི་རོ་མྱོང་བའོ། ། 5. ལུས་ཀྱི་མངོན་ཤེས་ལ་གཉིས་ཏེ། (1)ལུས་ཀྱི་མངོན་ཤེས་ཀྱིས་རེག་པ་བརྒྱད་ལས། རྡུལ་ཕྲ་རབ་ཀྱི་མཐའ་དག་པའི་ལུས་ཀྱིས་རེག་པ་བཞི་སྟེ། [1]རྡུལ་ཕྲ་རབ་ཀྱི་མཐའ་དག་པའི་ལུས་འཇམ་པའི་དབྱངས་ཀྱི་ས་རེག་པ། [2]རྣམ་པར་དག་པས་འཇམ་མགོན་དྲི་མ་མེད་པའི་སྐུ་ལ་རེག་པ། [3]ཤིན་ཏུ་རྣམ་པར་དག་པས་ཉི་མ་སྟོང་གིས་བརྒྱན་པའི་ཐུགས་དང་བརྒྱན་པའི་ཐུགས་དང་མཉམ་པར་རེག་པ། [4]རབ་ཏུ་དག་པས་ཀུན་བཟང་མཐའ་ཡས་པའི་ཐུགས་ཀྱི་དཀྱིལ་འཁོར་ལ་རེག་པའོ། ། (2)དྲི་མ་ཟད་པའི་ལུས་ཀྱིས་རེག་པ་བཞི་སྟེ། [1]དྲི་མ་ཟད་པའི་ལུས་ཀྱིས་འདས་པའི་སངས་རྒྱས་རྣམས་ཀྱི་ཐུགས་རེག་པ། [2]རྣམ་པར་དག་པས་ད་ལྟ་རེག་པ། [3]ཤིན་ཏུ་རྣམ་པར་དག་པས་མ་འོངས་པ་རེག་པ། [4]རབ་ཏུ་དག་པས་དུས་གསུམ་གཅིག་ཏུ་གྱུར་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ་རེག་པའོ། ། 6. ཡིད་ཀྱི་མངོན་ཤེས་ལའང་གཉིས་ཏེ། (1)ཡིད་ཀྱི་མངོན་ཤེས་ཀྱིས་དབང་བ་བཞི་སྟེ། [1]ཐ་མ་ལ་རང་དག་པའི་ཡིད་ཀྱིས་ཏིང་ངེ་འཛིན་བཅུ་ལ་དབང་བ། [2]རྣམ་པར་དག་པས་བརྒྱ་ལ་དབང་བ། [3]ཤིན་ཏུ་རྣམ་པར་དག་པས་སྟོང་ལ་དབང་བ། [4]རབ་ཏུ་དག་པས་ཁྲི་ལ་དབང་བའོ། ། (2)གཟུགས་ཀྱི་མཐའ་ལས་གྲོལ་བའི་ཡིད་ཀྱིས་ནུས་པ་བཞི་སྟེ། [1]གཟུགས་ཀྱི་མཐའ་ལས་གྲོལ་བའི་ཡིད་ཀྱིས་འབྱུང་བཞིའི་ནུས་པ་སོ་སོར་བསྒྱུར་ནུས། [2]རྣམ་པར་དག་པས་སེམས་ཅན་མཐུན་པའི་གནས་སྤོ་ནུས། [3]ཤིན་ཏུ་དག་པས་འགྲོ་བ་དྲུག་གི་གནས་ཕན་ཚུན་བསྒྱུར་ནུས། [4]རབ་ཏུ་དག་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་མཐུ་སྟོབས་འཕྲོགས་ནུས་པའོ། ། དེ་ལྟར་དབང་པོ་མིག་རྣ་བ་སྣ་ལྕེ་ཡིད་དྲུག་ལ་རིམ་པས་མིག་ལ་དྲུག་རྣ་བ་ལ་གསུམ། ལྷག་མ་བཞི་ལ་གཉིས་གཉིས་ཏེ་བཅུ་བདུན་ལ། ཆོས་བཞི་བཞི་བརྩིས་པས་དྲུག་ཅུ་རྩ་བརྒྱུད་(སྐབས་འདིར་ཞིབ་ཆ་བརྩི་སྐབས་དྲུག་ཅུ་རྩ་གཉིས་ལས་མི་ཡོང་བ་དཔྱད།)

Tibetan Source 《མདོ་རྒྱུད་མཛོད་ཝི་པ་》ཤ་455.4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number