8500

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དྲིས་པ་དགུ་དང་དེའི་ལན་དགུ།
Tibetan Alternate
Tibetan Definition དེ་ཡང་། འཕྲུལ་གྱི་མེ་ལོང་དགུའི་འགྲེལ་པ་ལས་བྱུང་བ་སྟེ།

དང་པོ། དྲིས་པ་དགུ། 1. ལོག་རྟོག་བྱང་ཆུབ་ཡུལ་སྣང་བའི། ། ཆོས་ཀུན་སེམས་སུ་གཅིག་མི་གཅིག ། ཅེས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་སྤྱོད་ཡུལ་བྱང་ཆུབ་སེམས་སུ་གཅིག་མི་གཅིག་དྲིས་པ་དང་པོའོ། ། 2. ལྷུན་གྱིས་གྲུབ་པ་གང་ལ་བགྱི། དྲིས་པ་གཉིས་པའོ། ། 3. དེ་ཉིད་སྣང་བ་ཡོད་དམ་མེད། ། ཅེས་པ་ལྷུན་གྲུབ་སྣང་སྟོང་གང་ཡིན་དྲིས་པ་གསུམ་པའོ། ། 4. ཡེ་ནས་སངས་རྒྱས་ཡིན་ནམ་མིན། ། ཞེས་པ་ཆོས་ཀུན་གཞི་ཡི་སངས་རྒྱས་པ་ཡིན་ནམ་མ་རྒྱས་པ་ཡིན་དྲིས་པ་བཞི་པའོ། ། 5. ཁམས་གསུམ་སེམས་ཅན་ཇི་ལྟར་འཁྲུལ། ། ཞེས་པ་དྲིས་པ་ལྔ་པའོ། ། 6. འཁྲུལ་པ་ཉིད་ནི་དོན་ཅི་ལགས། ། ཞེས་པ་འཁྲུལ་པའི་གྲུབ་མཐའ་དྲིས་པ་དྲུག་པའོ། ། 7. རྣལ་འབྱོར་ལྟ་བའི་ངོ་བོ་གང་། ། ཞེས་པ་དྲིས་པ་བདུན་པའོ། ། 8. དེ་དག་དོགས་པའི་ཐེ་ཚོམ་གང་། ། ཞེས་པ་སྐྱོན་དྲིས་པ་བརྒྱད་པའོ། ། 9. དེ་རྣམས་ཁྱད་པར་ཇི་ལྟར་ཆེ། ། བདུན་པོ་ཐེག་པ་གང་ལས་གང་དཔག་དྲིས་པ་དགུ་པའོ། ། གཉིས་པ། དེའི་ལན་དགུ། 1. དང་པོའི་ལན། ། སྒྱུ་མ་རྣམ་གཉིས་སྤྱོད་ཡུལ་ནི། ། སེམས་ཀྱི་ཆོས་ཉིད་ངང་དུ་གཅིག ། ཅེས་པ་ལོག་རྟོག་སྒྱུ་མའི་སེམས་ཅན་དང་། ཡེ་ཤེས་སྒྱུ་མའི་སངས་རྒྱས་ཀྱི་སྤྱོད་ཡུལ་གྱི་སྤྱོད་ཡུལ་འཁྲུལ་ལམ་མ་འཁྲུལ་གཉིས། སེམས་ཀྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གཅིག་པར་ལན་གདབ་བོ། དེའི་དཔེ་ནི། དེའི་དེ་ཉིད་ཇི་ལྟ་བའོ། ། མཁའ་དང་གཞའ་སྣང་ཇི་བཞིན་དུ། ། ཞེས་པ་གཞའ་ཚོན་སྣང་བ་དང་རང་བཞིན་སྟོང་པ་དབྱེར་མེད་པ་བཞིན་ནོ། གཏན་ཚིགས་ནི། ལོག་རྟོག་སེམས་རྒྱུད་ཐ་དད་ཀྱང་། ། རེག་རྒྱུད་མེད་ཕྱིར་དབྱེ་བ་དཀའ། ། ཞེས་པ་ལོག་རྟོག་གི་རྒྱུད་སོ་སོར་རྟོག་པ་དང་། འདུ་ཤེས་ཐ་དད་པས། ཚོར་བ་དང་། འདུ་བྱེད་དེ་ལྟ་བ་དང་། རྒྱལ་བའི་ཐུགས་གསལ་བ་རྟགས་ཀྱིས་ཐ་དད་པ་ལས་མི་མཐུན་པ་ནི་རྒྱལ་བ་དང་། འགྲོ་བ་ལ་རིག་རྒྱུད་རྟག་པར་ངེས་པ་མེད་པའི་ཕྱིར། གཅིག་ཅེས་དགོས་ཆེད་གཉིས་ཀྱི་ཕྱིར་བརྗོད་ཀྱིས་ངོ་བོ་གཅིག་དང་ཐ་དད་ལས་གྲོལ་བའི་ངང་དུ་དབྱེར་མེད་པ་ལ་དེ་སྐད་བརྗོད་པའོ། ། 2. གཉིས་པའི་ལན། སེམས་ཉིད་ནོར་བུ་རིན་པོ་ཆེ། ། ཞེས་པ་ལྷུན་གྲུབ་ཀྱི་དཔེའོ། ། ཇི་ལྟར་དམིགས་ཤིང་བསམས་པར་སྣང་། ། ཞེས་པ་ལྷུན་གྱིས་མ་གྲུབ་པ་རང་མ་གྲུབ་པའི་ཆོས་ཐམས་ཅད་དུ་སེམས་སོ་སོའི་སྣང་བའོ། ། འགྲོ་ལ་སེམས་རྒྱུད་གཉིས་མི་འཆར། ། ཞེས་པ་སེམས་ཀུན་གྱི་སེམས་ཀྱི་ཆོས་ཉིད་ཀྱི་གཞིའམ་དངོས་པོ་ཞེས་པ་སྐད་གཅིག་མ་ནི་བསམ་པའམ་བློ་རྟོག་པ་དང་མི་རྟོག་པའི་སེམས་རྒྱུད་གཉིས་པ་འགྲོ་བ་གཅིག་ལ་མེད་དོ། ། སྐབས་ཀྱིས་མི་བརྗོད་པའོ། ། དེ་ནི་དངོས་མེད་ཀུན་གྱི་གཞི། ། ཞེས་པ་སེམས་ཅན་གྱི་སེམས་གཅིག་པ་དེ་ནི་དངོས་པོ་བརྟག་དཀའ་སྟེ། དགོས་འདོད་བསྐོང་བའི་ནོར་བུ་ལྟ་བུ་ལ་གཅིག་ལ་གཅིག་མ་གྲུབ་པ་དང་། ལྷུན་གྲུབ་ཀྱི་ངོ་བོ་ལ་ནི་ཕྱོགས་གཅིག་པའི་ལྷུན་གྲུབ་ཏུ་ཁས་བླངས་པའོ། ། 3. གསུམ་པའི་ལན། ལོག་རྟོག་མུན་པའི་ཡུལ་སྣང་ཀུན། ། ཞེས་པ་འགྲོ་བ་སོ་སོའི་མ་རིག་པའི་སྣང་བ་ཐ་དད་པ་བསྡུའོ། ། སེམས་ཕྱིར་མཐའ་ལ་རྩོད་པ་མེད། ། ཅེས་པ་སྣང་བ་ཡོད་མེད་ཀུན་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་དབྱེར་མེད་པ་ལ་ཡོད་མེད་སྒྲོ་སྐུར་ཏུ་རྩོད་པ་བྱིས་པའི་བློ། ། དཔེ་ནི། གང་ལ་ཡོད་མེད་མེད་པར་ལྟར། ཅེས་པ་དངོས་པོ་གང་ལ་ཕན་པ་འགའ་ཞིག་ཡོད་ཅེའམ། གནོད་པའི་མཐུ་འབའ་ཞིག་ཡོད་ཅེས་ཕྱིར་ནི་མི་བཏུབ་སྟེ། བརྟགས་ན་མི་དམིགས་པར། བསམ་ན་ཕན་གནོད་སོ་སོར་སྣང་ཡང་དབྱེར་མེད་པ་ལྟར། རྟོག་པའི་སྨྲ་བསམ་ཡུལ་ལས་འདས། ཞེས་པ་འཁྲུལ་པའི་སྣང་བ་ཡོད་མེད་དབྱེར་མེད་པ་ནི་ཐུན་མོང་ཆེན་པོའི་སྨྲ་བསམ་ལས་འདས་པ་སྟེ། དོན་དམ་དངོས་པོའམ་གཞི་ལ་མེད། ། ཀུན་རྫོབ་བློའམ་བསམ་པ་ལ་ཡོད་ཅེས་སྨྲ་བ་དག་མི་མཁས་པའི་ཤེས་པས། འདི་སྐད་དུ། སེམས་འདི་ཡོད་དོ་མེད་དོ་ཞེས། ། བྱིས་པ་རྣམས་ནི་རྩོད་པར་བྱེད། ། ཅེས་པ་ལ་སོགས་པས་གསལ་ལོ། ། 4. བཞི་པའི་ལན། དེ་ཕྱིར་དེ་ནི་རྒྱལ་འགྲོ་ཞེས། ། རིས་སུ་བཅད་པ་མེད་པ་ལ། སེམས་སྣང་སྟོང་དབྱེར་མེད་པའི་ལྷུན་གྲུབ་དེ་ནི། ཚིག་སྔ་མ་གཏན་ཚིགས་སུ་གྱུར་པས་ཡེ་སངས་རྒྱས་པས་རྒྱལ་བ་ཞེའམ། འགྲོ་བ་འཁོར་བ་ཡིན་ཞེས་གསུངས་པའི་ཚིག་གཉིས་ཀར། སེམས་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་ལ་མི་བསམ་མི་བརྗོད་དོ། གཙང་དང་མི་གཙང་དངོས་གཅིག་བཞིན། ། ཞེས་པ་གཉིས་སུ་མེད་པའི་དཔེ་སྟེ། ལ་ལའི་གཙང་བ་ལ་ལ་ལའི་མི་གཙང་བར་སྣང་བས་གཙང་མི་གཙང་དངོས་པོ་གཅིག་སྟེ། གཞི་ལ་ངེས་པ་བཞིན་དེ་ཁོ་ན་ཇི་སྙེད་པའི་ཇི་བཞིན་པ་སེམས་ཀྱི་ཆོས་ཉིད་སངས་རྒྱས་སེམས་ཅན་དབྱེ་བ་མེད་པ་ལ། ཕྱོགས་སུ་བལྟས་ན་ནོར་པའི་བློ། ། ཞེས་པ་གཞི་འཁྲུལ་འཁོར་མེད་པའོ། ། རྣམ་དག་ཕྱོགས་གཅིག་ཏུ་བལྟས་ཏེ། གཞི་མེད་ལ་བསམ་བློས་བློ་བུར་དུ་བལྟ་བ་དག་ནི། ཀུན་ནས་ཉོན་མོངས་པ་དག་དང་། ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་སྟེ། གཉིས་མེད་ངང་ལ་གསལ་བ་འདུས་པར་བརྗོད་པ་ཉིད་ཀྱིས་མཁའི་ལྟ་བ་ཁས་བླངས་པའོ། ། འདིར་གཉིས་སུ་ཡོད་མེད་ཉིད་ཀྱང་དབྱེར་མེད་པས་ཐུན་མོང་མ་ཡིན་པའི་གཉིས་སུ་མེད་པ་སྟེ། འདི་སྐད་དུ། གཉིས་མེད་གཉིས་སུ་མེད་མིན་ཞིང་། ། ཞེས་པ་དགོས་བྱེད་གཉིས་ཀྱི་ཕྱིར་བརྗོད་པ་ཙམ་མོ། ། 5. ལྔ་པའི་ལན། ། ཇི་སྙེད་འཇིག་རྟེན་འཁྲུལ་བའི་སེམས། ། ཞེས་པ་ལོག་རྟོག་ཐ་དད་པའི་སེམས་བསམ་ཡས་པའོ། ། མེ་ལོང་གཡའ་དང་མཁའ་སྤྲིན་བཞིན། ། ཞེས་པ་མ་རིག་པ་དང་སེམས་ཡེ་ཤེས་གཉིས་སུ་མེད་པའི་དཔེའོ། ། རིག་དང་མ་རིག་གཉིས་མེད་པས། ། ཞེས་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་མེད་པ་མིན་པའི་ཕྱིར། ཡེ་ཤེས་དང་མ་རིག་པ་དབྱེར་མེད་ཀྱང་། ཕྱོགས་གཅིག་རྐྱེན་གྱིས་དུས་གསུམ་འཁྲུལ། ། ཞེས་པ་ཕྱོགས་གཅིག་ནས་ལྟོས་པས་འཁོར་བའོ། ། དེའི་རྒྱུ་མ་རིག་པས་རྐྱེན་ལས་དང་ཉོན་མོངས་པས་དུས་གསུམ་ཐོག་མཐའ་མེད་པར་རྒྱུན་ཆགས་སུ་འཁྲུལ་པ་ནི། ཐག་སྦྲུལ་ཐོ་མི་སབ་རྟས་མཚོན་ནས་གཞི་མེད་པ་ལས་འབྱུང་བར་སྨྲ་བ་ལྟ་བུ་མ་ཡིན་ཏེ། སྒྲོ་སྐུར་དང་བྲལ་བའི་ངང་ལས་འཁྲུལ་བའོ། ། 6. དྲུག་པའི་ལན། ། འཇིག་རྟེན་བརྟན་གཡོ་ལ་སོགས་པ། ། སྣང་བ་ཉིད་ན་རང་བཞིན་མེད། ། ཅེས་པ་བརྟན་གཡོ་བློ་བརྟགས་ཀྱི་རང་བཞིན་བསམ་པ་ལ་ཡོད་ལ་གཞི་ལ་མེད་པར་སྨྲ་བ་ནི་རང་བཞིན་ལ་སྐུར་པ་སྟེ། འདིར་འཁྲུལ་པ་སྣང་བ་བདོ་བའི་དུས་ཉིད་མཁའ་སྤྲིན་ལྟར་རྣམ་པའི་མཆོག་དང་ལྡན་པའི་སྟོང་པ་ཆེན་པོ་ལ་རང་བཞིན་ཡོད་མེད་དབྱེར་མེད་ལ་དགོས་ཆེད་ཀྱིས་བརྗོད་པའོ། ། རང་བྱུང་ཕྱི་ནང་མེད་སྣང་ཕྱིར། ། ཞེས་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་ཀྱང་ཆུ་ཉིད་རླབས་ལྟ་བུར་འགྲོ་འོང་མེད་པར་སྣང་བའོ། ། དེ་དུས་རང་བཞིན་ཉམས་པ་མེད། ། ཅེས་པ་འཁྲུལ་པ་དེ་སྣང་བའི་དུས་ན་རང་བཞིན་སྟོང་པས་ཇི་བཞིན་ཉིད་ལས་སམ་ཉམས་རང་བཞིན་ཐུན་མོང་མ་ཡིན་པའི་འཁྲུལ་པ་སྟེ། འདི་སྐད་དུ། འཁོར་བ་ཉིད་ན་བདེ་གནས་སོ། ། ཤེས་པ་དང་རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་གསུངས་སོ། ། 7. བདུན་པའི་ལན། ། འཇུག་པའི་རྣམ་ཤེས་དེ་ལྟ་བ། ། ཤེས་རབ་ཐུན་མོང་སྤྱན་ཡིན་ན། ། ཞེས་པ་ལྟ་བའི་ངོ་བོ་འོག་མ་བདག་ཡིད་ཀྱི་རྣམ་པར་ཤེས་པ་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར། འདུ་བྱེད་ཀྱི་ཤེས་རབ་དང་མཚུངས་པར་ཐུན་མོང་གི་ལྟ་བ་ལམ་དུ་རིགས་པའི་ཤེས་པ་ལ་ལྟ་བ་ཞེས་བརྗོད་དོ། ། འདིར། རང་བྱུང་ཡེ་ཤེས་ཚོགས་ཀུན་བདག ། ཤེས་རབ་སྤྱན་གྱི་མཆོག་ཡིན་ནོ། ། ཞེས་ པ་ཚོགས་བརྒྱད་རིག་རྒྱུད་གཟུགས་མཚན་གནས་ཀྱིས་ཐ་དད་མེད་པར་འོད་གསལ་བའོ། ། རྐྱེན་དང་རྒྱུ་མེད་པར་མ་འགགས་པར་ཡེ་རང་གསལ་བར་རང་བྱུང་ཡེ་ཤེས་ཏེ། བལྟོས་པ་མེད་པར་དེ་ཁོ་ན་ཉིད་དུ་གསལ་བ་ལྟ་བའི་ཕུལ་ལོ། ། ལྟ་བའི་ངོ་བོ་དེས་ཇི་ལྟར་མཐོང་སྙམ་པ་ལ། རྡོ་རྗེ་ཡིད་ནི་དབང་མཆོག་ཕྱིར། ། ཞེས་པ་ཡིད་ཡེ་ཤེས་རྡོ་རྗེ་ནི་ཤེས་རབ་ཀྱི་དབང་པོ་མཆོག་སྟེ་གཏན་ཚིགས་ལྟ་བ་མེད་པ་རང་སྤྱིའི་ཆོས། ། དབྱེར་མེད་ཕྱོགས་ལྟའི་འདོད་བྲལ་བ། ཞེས་པ་ཡུལ་དུ་ལྟ་བ་མེད་དེར་རོང་རིག་ཕྱི་ནང་མེད་ཕྱིར་རོ། ། རང་དང་སྤྱིའི་མཚན་ཉིད་ཆོས་སུ་སྣང་བ་ཡང་ཤེས་པ་དང་རྣམ་པ་ཙམ་དུ་དབྱེར་མེད་པས། ནང་ཕྱོགས་ནས་ཕྱི་རུ་བལྟས་པའམ། ཕྱི་ནས་ནང་དུ་བལྟ་བའི་འདོད་ཆགས་དང་བྲལ་བས་དེ་ཁོ་ན་ཉིད་ཡུལ་མེད་པར་རིག་པ་རང་གསལ་བའི་གདེང་རྙེད་པས་ཐམས་ཅད་མཁྱེན་པ་ལ་ཞེས་པས། ཞེ་འདོད་དུ་མེད་པས། མ་ནོར་རང་གི་མཚན་ཉིད་རྟོགས། ། ཞེས་གསུངས་སོ། ། དེ་ལ་གཡོ་ཐབ་བརྟན་མཐར་ཕྱིན་པའི་ལམ་དུ་གྱུར་པའོ། ། 8. བརྒྱད་པའི་ལན། གསུམ་གཉིས་གཅིག་གིས་ཐེ་ཚོམ་སྤང་། ། ཞེས་པ་དྲིས་ལན་བདུན་པའི་ཐེ་ཚོམ་དྲིས་པ་རྗེས་སུ་བསམ་པའི་ཕྱིར། དང་པོ་དངོས་དང་གསལ་བ་དང་། ། ཞེས་པ་ཚིག་ལྔས་གཏར་ཀ་གཉིས་ཀྱི་གེགས་བསལ་བ་ལ། ། སྔ་མ་སངས་རྒྱས་སེམས་ཅན་དག ། སོ་སོ་སེམས་རྒྱུད་ཐ་དད་པ། ། གཅིག་ན་བདུན་ལ་སྔ་རྟོག་སྐྱེ། ། ཞེས་པ་སྤྱིར་སངས་རྒྱས་དང་སེམས་ཅན་རྣམས་ཕྱོགས་གཅིག་པའི་གཅིག་པ་ཡིན་ན་བཀའ་ལུང་ལ་མི་སྣང་བ་དང་། དོན་དང་འགལ་བ་དང་། གཏན་ཚིགས་ཀྱིས་མི་རྒྱས་པ་དང་། རིག་པས་མི་འབྲད་པ་དང་། ཆོས་བརྟགས་པ་བཞི་དང་འགལ་བ་བདུན་པོ་ཀུན་ལ་འབྱུང་ཡོད་ཀྱང་། སྐབས་གཉིས་ཀྱིས་གསང་སྔགས་ནི་སྤྱི་དང་མཐུན་པར་རིགས་པས་མི་འཐད་པའི་སྐྱོན་བརྗོད་དོ། ། སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་ཕྱོགས་གཅིག་པའི་ལྡོག་པ་དང་བཅས་པ་ཡིན་ཞེ་ན། རྒྱལ་བ་བཞིན་དུ་འགྲོ་བས་ཀྱང་ཐམས་ཅད་མཁྱེན་པར་འགྱུར་བ་དང་། རྟོག་པ་མེད་པར་འགྱུར་བ་དང་། ཉོན་མོངས་པའི་སྡུག་བསྔལ་མི་འབྱུང་བར་འགྱུར་བ་དང་། ལམ་གྱི་ཆོས་ལ་རག་ལས་མི་དགོས་པ་དང་། རྒྱལ་བ་ཡང་འགྲོ་བ་བཞིན་ཐམས་ཅད་མི་མཁྱེན་པ་དང་། རྟོག་པ་ཅན་དུ་འགྱུར་བ་དང་། ཉོན་མོངས་པ་སྡུག་བསྔལ་མྱོང་བ་དང་། སྐྱོན་བདུན་འབྱུང་ངོ་། འགྲོ་བ་དྲུག་གི་སེམས་ཅན་ཐ་དད་གཅིག་ན་ཡང་། དེ་བཞིན་སེམས་རྒྱུད་བརྒྱད་ལ་ཟ། ཞེས་པ་ཆོས་ཐ་མའི་སྐྱོན་འབྱུང་སྟེ། འགྲོ་བ་དྲུག་པོ་ཀུན་སེམས་རང་བྱུང་གི་ཡེ་ཤེས་སུ་གཅིག་ན་ཡང་། འགྲོ་བ་གཅིག་སངས་རྒྱས་ན་ཀུན་སངས་རྒྱས་པར་རིགས་པ་དང་། གཅིག་ལྟུང་ན་ཀུན་ལྟུང་བར་རིགས་པ་དང་། གཅིག་ཤེས་པ་ཆེ་ན་ཀུན་ཆེ། གཅིག་ཤེས་པ་ཆུང་ན་ཀུན་ཆུང་། གཅིག་འདུ་ཤེས་རྒྱ་ཆེ་ན་ཀུན་ཆེ། གཅིག་འདུ་ཤེས་ཆུང་ན་ཀུན་ཆུང་། གཅིག་རྣོ་ན་ཀུན་རྣོ། ། གཅིག་རྟུལ་ན་ཀུན་རྟུལ། གཅིག་དོག་ན་ཀུན་དོག ། གཅིག་ཡངས་ན་ཀུན་ཡངས། གཅིག་ཚོར་བ་གསལ་ན་ཀུན་གསལ། གཅིག་མི་གསལ་ན་ཀུན་མི་གསལ། གཅིག་དྲན་པ་གསལ་ན་ཀུན་གསལ། གཅིག་མི་གསལ་ན་ཀུན་མི་གསལ། བརྒྱད་པོ་དེ་ལྟར་ཐེ་ཚོམ་ཟ་བ། ། ཐ་དད་ཞེན་བདུན་གྱིས་འགལ། ། ཞེས་པ་སངས་རྒྱས་གྱི་ཐུགས་དང་འགྲོ་བའི་སེམས་ཐ་དད་ན་ཡང་། སངས་རྒྱས་སེམས་ཅན་གཉིས་རང་བཞིན་ཐ་དད་དུ་འགྱུར། ངོ་བོ་ཐ་དད་དུ་འགྱུར་བས་འབྲེལ་བ་མེད་པས་དོན་བྱར་མི་བཏུབ། འགྲོ་བ་སངས་རྒྱར་མི་བཏུབ། ཉོན་མོངས་པ་སྤང་ཞིང་སྒྲིབ་པ་བྱང་དུ་མི་བཏུབ། རྒྱལ་བ་བསྟེན་པ་ལ་དགོས་པ་མེད། སོ་སོར་རྟོག་པའི་མཐར་འགྱུར་བ་དང་བདུན་ནོ། ། སེམས་ཅན་ཀུན་གྱི་རང་གི་ཡེ་ཤེས་ཐ་དད་ན་ཡང་། ། རང་བྱུང་གི་ཡེ་ཤེས་སོ་སོ་ན་ཡོད་པའི་ཕྱིར། གཅིག་གིས་གཅིག་རེག་ན་གཞན་འབྱུང་དུ་འགྱུར་བ་དང་། ངེས་ཚིག་མེད། གཅིག་གིས་གཅིག་མ་རིག་ན། ཡེ་ཤེས་སུ་མི་འགྱུར་རོ། ། ཡུལ་མེད་པར་རིག་ན་དམ་བཅའ་ཉམས། ཤེས་པའི་རྣམ་པ་ཡེ་ཤེས་གཞན་དུ་སྣང་ངོ་ཞེ་ན། བདག་གཞན་གྱི་ཕྱོགས་ནས་རྣམ་པ་ཆ་གཉིས་ཡོད་པས་གཟུང་འཛིན་དུ་འགྱུར་རོ། ། ཡེ་ཤེས་ལ་རིགས་རྒྱུད་ལ་སོགས་པ་ཐ་དད་བདུན་འོང་བས་དུ་མའི་མཐར་འགྱུར་རོ། ། དེ་བསལ་བ་ནི། ། དེ་བས་དགག་དང་སྒྲུབ་མེད་པའི། ། གཅིག་དང་དུ་མར་བྲལ་བའོ། ། ཞེས་པ་སངས་རྒྱས་དང་སེམས་ཅན་གཅིག་དང་དུ་མའི་མཐའ་མ་བཀག་ལ་བྲལ་བ་སྒྲུབ་ཏུ་མེད་པ་ནི་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་གཅིག་དང་དུ་མ་དང་བྲལ་བ་དང་མ་བྲལ་བ་ཀུན་ཡིན་པས། བྲལ་མ་བྲལ་དབྱེར་མེད་པ་ལ་ཤུགས་སྣང་ལ་དགག་སྒྲུབ་ལྟར་སྣང་ཡང་ཞེས་འདོད་ལ་ལྷག་པའི་དགག་པ་སྒྲུབ་མེད་པས་སྐྱོན་དེ་དག་མི་འབྱུང་ངོ་། ། གསུམ་པ་འཁྲུལ་སྣང་གཞི་ལ་ཡོད་མེད་སྟོན་པའི་ཕྱིར། ། གསུམ་པའི་སྔ་མ་རྟོག་སྐྱོན་དགུ། ། ཞེས་པ་འཁྲུལ་སྣང་གཞི་ལ་ཡོད་ན་གཞི་འཁོར་བ་རང་རྒྱུད་རྟོག་པའི་སྐྱོན་གྱིས་སྒྲིབ་པ་མི་འབྱོང་། ། འཆིང་བུ་དཔེས་སངས་མི་རྒྱ། རྒྱལ་བ་དང་། འགྲོ་བ་རིགས་རྒྱུད་ཐ་དད་འབྱུང་། བསྟན་པ་གསུངས་པ་ལ་དགོས་ཆེད་མེད། མྱ་ངན་འདས་པའི་སྣང་བ་འགག ། འཁོར་བ་མཐར་འགྱུར་འགྲེལ་པ་མེད་པས་དོན་བྱར་མི་བཏུབ། གཞིའི་ཆོས་དྲི་མ་ཅན་དུ་འགྱུར་བའོ། ། ཕྱི་མ་མེད་པའི་ཐེ་ཚོམ་དག་སྐྱོན་གྱི་དངོས་པོ་བཅུ་གཉིས་གཞིའོ། ། ཞེས་པ་གཞི་ལ་འཁྲུལ་པ་མེད་པ་ཡིན་ནའང་། ལྷན་ཅིག་སྐྱེས་པའི་མ་རིག་པ་མེད་པའི་སྐྱོན་དང་། རང་བཞིན་ཆད་པའི་སྐྱོན་དང་། མྱ་ངན་ལས་འདས་པ་མཐར་འགྱུར། འཁྲུལ་སྣང་འགག་གཞི་མེད་པ་ལ་འཁོར་བ་སྣང་ན། འཁོར་བ་ལ་ཐོག་མ་འབྱུང་། རྒྱུད་དག་པ་ཡང་འཁོར་སྒྲིབ་པ་སྦྱང་མི་དགོས། བསྟན་པ་པ་ལ་དགོས་ཆེད་མེད། ཡེ་ནས་གཞི་ལ་མེད་པ་ལས་སྣང་ན། མུ་སྟེགས་ཆད་པའི་སྣང་བར་འགྱུར། ། སྔ་ན་མེད་པའི་སྐྱོན་དང་། གཅིག་ལ་གཅིག་མེད་པའི་སྐྱོན་དང་། ཡེ་ནས་མེད་པ་དང་བཅུ་གཉིས་འབྱུང་ངོ། ། གཞི་ནི་འཁྲུལ་སྣང་ཡོད་མེད་གཉིས་སུ་མེད་པའི་དོན་དང་འགལ། བཀའ་ལུང་ལས་མི་སྣང་བ། གཏན་ཚིགས་ཀྱིས་མ་རྒྱས་པ། དེ་ལྟར་རིགས་པས་མི་འཐད་པའོ། ། ཞོར་ལ་ཤེས་པའི་ཁྱད་པར་བསྟན་པ་ནི། མི་མཁས་མཁས་པའི་བསམ་པ་ནི། ། ཞེས་པ་དབྱེ་ན། མི་མཁས་ཤིན་ཏུ་མི་མཁས་པ། ཞེས་པ་མི་མཁས་པའི་བསམ་པ་ལ་གཉིས་ཏེ། གང་ཞེ་ན་ཤིན་ཏུ་མི་མཁས་མཐར་ལྟ་པའོ། ། ཞེས་པ་མུ་སྟེགས་པ་དང་སྐྱེ་བོ་དག་གོ ། མི་མཁས་ཡོད་མེད་རྩོད་བྱེད་ཅིང་། དགག་དང་སྒྲུབ་པ་གང་བྱེད་པ། ། དེ་དེ་དེ་ལ་ཆགས་སྡང་སྐྱེ། ། ཞེས་པ་ལྟོས་པའི་མི་མཁས་པ་དག་ནི། ཚད་མ་ཚུལ་ཡོད་པ་རྩོད། སེམས་ཙམ་རྣམ་པ་ཡོད་མེད་ལ་རྩོད། དབུ་མ་སྣང་བ་ཡོད་མེད་ལ་རྩོད་པ་བྱེད་ཅིང་། ། རིག་པ་མ་ཡིན་པའི་ཤེས་པའི་ཡུལ་ཆེད་དུ་འགེགས། རིག་པའི་ཤེས་པའི་ཡུལ་སྒྲུབ་པར་བྱེད་པ་དེ་ནི། སྒྲུབ་པའི་དོན་ལ་བློ་ཆགས། དགག་བྱ་ལ་ཞེ་སྡང་བསྐྱེད་པས། བླང་དོར་མེད་པའི་དོན་མ་མཐོང་བའི་ཕྱིར་མི་མཁས་པའོ། ། འོ་ན་མཁས་པ་གང་ཞེ་ན། མཁས་དང་ཤིན་ཏུ་མཁས་པ་ནི། ཞེས་པ་མཁས་པའི་བསམ་པ་དབྱེ་བ་ཉེ་བར་བསྟན་པའོ། ། མཁས་པ་ཕལ་པ་དགག་སྒྲུབ་ཅན། ། སྒྲུབ་པའི་དོན་ལ་བརྟེན་པར་བྱེད། ། ཅེས་པ་ཐེག་པ་ཆེན་པོ་དབུ་མ་དང་སེམས་ཙམ་པའོ། ། དེ་ཡང་གསང་སྔགས་ལ་ལྟོས་ན་འཁྲུལ་པའི་ཕྱིར། བྱས་པའི་གཟུང་འཛིན་དབང་གྱུར་པའི། མ་ནོར་ལམ་དང་བྲལ་བ་ཡིན། ། ཞེས་པའོ། ། ཆེད་དུ་དགག་སྒྲུབ་བྱེད་པའི་ངེས་པ་འཇོག་པའི་རྟོག་པོ་སྐྱེས་པས། གསང་སྔགས་ཀྱི་ལྟ་བ་དང་བྲལ་བའོ། ། གསང་སྔགས་ནི། ཤིན་ཏུ་མཁས་པ་ཐམས་ཅད་ལ། སེམས་ཕྱིར་དགག་དང་སྒྲུབ་པ་མེད། ། ཅེས་པ་གསང་སྔགས་པ་ནི་ཤིན་ཏུ་མཁས་པའི་བསམ་པ་སྟེ། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་དགག་སྒྲུབ་ཆེད་དུ་མི་བྱེད་པ་ཡང་རྟོགས་བྱེད་ཀྱི་ཐབས་དམ་པ་སྟེ། ཞོར་ལ་དགག་སྒྲུབ་ཅན་གྱི་ལྟ་བ་འགེགས་པ་དང་། དགག་སྒྲུབ་མེད་པའི་དོན་སྒྲུབ་པ་ཡོད་མོད་ཀྱང་། དགག་སྒྲུབ་མེད་པའི་ཕྱོགས་གཅིག་པུར་ཁས་མི་ལེན་ཏེ། དོན་ནི། དེ་དང་རང་རིག་རང་སྣང་ཕྱིར། ། དགག་སྒྲུབ་བྲལ་ལ་ཡིད་མི་རྟོན། ། ཞེས་པ་དགག་སྒྲུབ་ཡོད་མེད་ཀྱི་ཆོས་ཐམས་ཅད་རང་རིག་པ་ཡིན་པས། དགག་སྒྲུབ་མེད་པའི་དོན་ཆེད་དུ་དམིགས་པ་ཡུལ་དུ་མི་བྱེད་དོ། ། དགག་སྒྲུབ་གཏན་ལ་འབེབས་པའི་དུས་དང་། མཉམ་པ་ལ་བཞག་པའི་དུས་གཉིས་ཀ་ཆེད་དུ་བྱེད་པ་འཁྲུལ་པའི་ཕྱིར། དེ་ཕྱིར་སོ་སོར་དགག་སྒྲུབ་ཅན། བསྒྲུབ་པའི་ཕྱོགས་ལ་ཞེན་པའི་ཕྱིར། ། དེ་དེ་མེད་པ་ག་ལ་མཐོང་། ། དེ་བས་རང་གི་བརྟགས་མཐོང་ཡིན། ། ཞེས་གསུངས་སོ། ། 9. དགུ་པའི་ལན། དེ་དེ་སྐས་གདང་ཇི་ལྟ་བ། ། ཁྱད་པར་གྲངས་དང་དོར་བ་མེད། ཞེས་པ་རྒྱུའི་ཐེག་པ་དེ་སྙེད་འབྲས་བུ་དེ་སྐས་གདངས་ལྟར་ཁྱད་ཡོད་པའི་གྲངས་མི་འདོར་བས། བདུན་པོའི་སྐྱོན་རྒྱུའི་ཐེག་པ་ལ་གྲངས་ཇི་པ་ལྟར་བརྗོད་པ་ལྟར་འབྱུང་གི ། འབྲས་བུའི་ཐེག་པ་ལ་སྐྱོན་མི་འབྱུང་བར་སྨོས་པའོ། ། དགོས་ཆེད་ནི། ཆ་ཡོད་དུག་ལ་མི་བཏུང་བཞིན། ། ལོག་ལྟ་གཉིས་སུ་ག་ལ་འགྱུར། ། ཞེས་པ་དེས་དེ་བཞིན་དུ་རང་བཞིན་ལོག་པ་དང་། ལྟོས་པའི་ལོག་པ་ལྟར་གསང་སྔགས་མི་འགྲོ་བའོ། ། གཉིས་པ་ཐེ་ཚོམ་བསལ་བའི་ཕྱིར། ། གཉིས་པོ་དེ་ལྟར་དེ་ཉིད་ལ། ། ཞེས་པ་གྲངས་ཀྱི་གཉིས་པ་དེ་ལྟ་བུར་ལྷུན་གྲུབ་དྲིས་པ། གྲུབ་པའི་ཐ་སྙད་ཇི་ལྟར་མཚོན། ། ཞེས་པ་ལྷུན་གྱིས་གྲུབ་པ་ཕྱོགས་གཅིག་པའམ། ཕྱོགས་མེད་པ་གང་ཡིན་དྲིས་པའོ། ། མ་གྲུབ་གྲུབ་ན་ངེས་ཚིག་མེད། ། ཅེས་པ་ཕྱོགས་མེད་ན་གྲུབ་པའི་ངང་ལ་རྟ་ལ་གླང་མ་གྲུབ་པ་ལ་སོགས་པ་ཡང་གྲུབ་པས། གྲུབ་པ་གཅིག་པུའི་ངེས་ཚིག་མེད་པར་འགྱུར་རོ། ། དེ་མ་གྲུབ་ན་དེ་བཞིན་ནོ། ། ཞེས་པ་མ་གྲུབ་པར་གྲགས་པའི་ཆོས་ལྷུན་གྱིས་མ་གྲུབ་ནའང་། མ་གྲུབ་པའི་ཆོས་མ་རྫོགས་པས་ངེས་ཚིག་མེད་དོ། ། གཞན་ཡང་མ་གྲུབ་བ་ཕྱོགས་གཅིག་པར་འགྱུར་བས་ཡོད་མཐར་ལྟ་བ་དང་། བདེན་པ་མཐོང་བ་ཡང་འཁོར་བ་དང་། ཞེན་པས་འཚང་རྒྱ་བ་དང་། དགེ་སྡིག་འབྲས་བུ་བསྣོལ་མར་འགྱུར་བ་ཡང་གྲུབ་དགོས་པའི་སྐྱོན་དུ་འགྱུར་རོ། ། དེ་བསལ་བའི་ཐབས་ནི། དེ་བས་སྲིད་དང་མི་སྲིད་ཀུན། ། ལྷུན་གྲུབ་ཕྱོགས་སུ་གྲུབ་པ་མེད། ཅེས་པ་ལྷུན་གྲུབ་ཀྱི་གཏན་ཚིགས་ཀྱིས་དགེ་བས་མཐོ་རིས་སུ་སྲིད་པ་ལ་སོགས་པ་དང་། དགེ་བ་ངན་སོང་དུ་མི་སྲིད་པ་ཀུན་ཡོད་མེད་གྲུབ་མ་གྲུབ་དབྱེར་མེད་པ་ལ་དགོས་ཆེད་ཀྱིས་ལྷུན་གྲུབ་ཏུ་བརྗོད་ཀྱིས། ། དོན་གྲུབ་གྲུབ་པོར་བརྗོད་པ་མེད་པས། ལྷག་པའི་ལྷུན་གྲུབ་ལ་སྐྱོན་དེ་དག་མི་འབྱུང་། བཞི་པའི་སྔ་མ་སྐྱོན་དྲུག་གཉིས། ། ཞེས་པ་ཡེ་སངས་རྒྱས་པ་ཕྱོགས་གཅིག་པ་ཞིག་རིན་ཆེན་གླིང་དང་། ཉི་མས་མཚོན་པ་སྒྲ་ཇི་བཞིན་དུ་བརྟགས་ན། མྱ་ངན་ལས་འདས་པ་མཐར་འགྱུར། སངས་རྒྱས་རིགས་རྒྱུད་ཅན་དུ་འགྱུར། སྒྲིབ་པ་སྦྱང་མི་དགོས། རྒྱལ་བས་དོན་བྱར་མེད། སྒྲུབ་པའི་གང་ཟག་མེད་པས་ལམ་མི་དགོས། བསྟན་པ་གསུངས་པ་ལ་དགོས་ཆེད་མེད། འཁོར་བའི་སྣང་བ་འགག ། གལ་ཏེ་ན་བརྒྱུད་པ་ཡང་འཁོར། འཁོར་བ་ལ་ཐོག་མ་འགྱུར། གཞི་ལ་འཁོར་བ་མེད་ལ་བློ་ལ་ཡོད་ན་བློ་དང་གཞི་ཐ་དད་པའི་སྐྱོན་འོང་། ཐ་མི་དད་ན་བློ་ལ་ཡོད་པ་བཞིན་དུ་གཞི་ལ་ཡོང་བར་འགྱུར། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཞེ་ན། དེ་ཉིད་མ་ཡིན་པས་གཞི་ལ་མེད་ཀྱང་། གཞན་དུ་བརྗོད་དུ་མེད་པའི་ཚུལ་གྱིས་གཞི་ལ་ཡོད་པར་འགྱུར། སྒྲུབ་སྔགས་གཉིས་པ་དེས་ཡེ་ནས་སངས་རྒྱས་པའི་ཕྱོགས་ཀྱང་མིན་ནོ། ། དེ་བཞིན་ཕྱི་མ་རྗེས་སུ་མཐུན། ཞེས་པ་གཞི་སངས་རྒྱས་མ་ཡིན་པར་འཁོར་བ་ཡིན་ཞེ་ན། སྐྱོན་གྲངས་ཕྱི་མའང་སྔ་མའི་མཐུན་ཏེ། གཞི་འཁོར་བའི་མཐར་འགྱུར། གཞི་དྲི་མ་ཅན་དུ་འགྱུར། འགྲོ་བ་རང་རྒྱུད་པར་འགྱུར། དོན་བྱེད་པ་པོ་མེད་པར་འགྱུར། མྱ་ངན་འདས་པ་འགག ། གལ་ཏེ་མྱ་ངན་འདས་པ་ལ་ཐོག་མ་འབྱུང་། འཁོར་བ་མཐའ་མ་འབྱུང་སྟེ། མཐའ་སྟོང་པར་འགྱུར། སྒྲིབ་པ་མི་འབྱངས་པར་འགྱུར། འཁོར་བ་རྟགས་པའི་སྐྱོན། འབྲེལ་བ་མེད་པས་དོན་བྱར་མེད་པ། བསྟན་པ་གསུངས་པ་ལ་དགོས་ཆེད་མེད། གཞི་ལ་འཁོར་བ་ཡོད་ན། ཞེན་བློ་དང་ཁྱད་མི་འབྱུང་བར་འགྱུར་བ་དང་བཅུ་གཉིས་སོ། ། གཉིས་མེད་ཞེ་ན་དུས་གསུམ་ལ། ། ཞེས་པ་ཡེ་སངས་རྒྱས་པ་ཡིན་མིན་གཉིས་ཀ་མ་ཡིན་ནའང་། ཕུང་པོ་གསུམ་པ་དང་། ལུང་དུ་མ་བསྟན་པ་དང་། འགལ་བ་འདུས་པ་འབྱུང་ངོ་ཞེ་ན། དེ་བསལ་བ་ནི་གཉིས་མེད། ཞེས་པ་རང་རིག་པ་ནི་སངས་རྒྱས་དང་སེམས་ཅན་དབྱེར་མེད་ནའང་། འདི་སྐད་དུ། བཅིངས་མེད་རྣམ་པར་གྲོལ་མེད་པའི། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། ། ཞེས་གསུངས་པའི་དོན་ལ། དཔེ། སྨན་ཉིད་ཕན་གནོད་བདག་གནས་ལྟར། ། ཞེས་པ་སྨན་གཅིག་ཀྱང་ཕན་གནོད་གཉིས་ཀའི་ངོ་བོའི་གནས་པ་ལྟར། ངོ་བོ་ཐ་དད་འགྱུར་བ་མེད། ཅེས་པ་སེམས་རྒྱལ་འགྲོ་གང་གི་ཕྱོགས་སུ་མ་གྱུར་པས། ཡིན་མིན་ལུང་དུ་མ་བསྟན་པའི་སྐྱོན་མི་འབྱུང་ངོ་། ། ལྔ་པ་འཁྲུལ་གཞི་ཡོད་མེད་པའི། ། ཞེས་པ་ཆོས་ཉིད་ངང་ལ་འཁོར་གཞི་ཡོད་མེད་གཉིས། གཉིས་མེད་དང་གསུམ་ལ་གསུམ་པ་མཚོན་པ་སྒོ་སོ་སོར་བསྟན་ཀྱང་། དོན་ལ་གཅིག་པར་མ་ཤེས་པ་དག་ཡོད་པ་རང་རྒྱུད་པ། མེད་པ་རྣམ་དག་ཕྱོགས་གཅིག་པ། ཕྱོགས་ཀྱི་གཉིས་མེད་ལ་འཁྲུལ་པར་སྨྲ་ན། སྐྱོན་ནི་གསུམ་པ་ཇི་ལྟར་གྲངས། ཤེས་པ་འཁྲུལ་སྣང་ཡོད་མེད་སྐབས་སུ་བཤད་པ་དང་མཐུན་པར་བགྲང་ངོ་། ། དེ་བསལ་བ་ནི། མིག་ཡོར་གསུམ་ལ་དངོས་མེད་འདྲའི། ། ཆོས་ཡོད་བཞིན་པས་ཤེས་པ་འཁྲུལ་ཏུ་བཏུབ་པའི་དཔེ་ནི། ཐོ་ཡོར་དང་སོམ་མོ་དང་ཐག་པ་ལ། ཡང་དག་པའི་རྟ་སྤྲུལ་གྱི་ཤ་ཁྲག་མེད་ཀྱང་། མི་རྟ་སྤྲུལ་དང་འདྲ་བའི་ཆོས་ཡོད་པས་འཁྲུལ་དུ་བཏུབ་པའི་རྐྱེན་བཞིས་བཏུབ་པ་བཞིན། རང་སེམས་ལ། དེ་དངོས་མེད་ཀྱང་རྒྱུ་རྐྱེན་དྲུག ། རང་བཞིན་ལྷུན་གྲུབ་དཔག་བསམ་བཞིན། ། སོ་སོར་སྣང་བ་ཞེས་པ། སེམས་ལ་འཁོར་བ་རང་རྒྱུད་མེད་ཀྱང་མེ་ལོང་གི་གཡའ་བཞིན་འཁོར་བའི་རྒྱུ་གཉིས་རྐྱེན་བཞིས་གནས་པས་སྣང་དུ་བཏུབ་ལ། དཔག་བསམ་ཤིང་ལ་བསོད་ནམས་ཆེ་ཆུང་གིས་སོ་སོར་སྣང་བ་ལྟར། དག་དང་མ་དག་པའི་སྤྱོད་ཡུལ་དུ་སྣང་ངོ་། ། གཞི་མ་རིག་པ་ཡང་དག་པར་རང་སྣང་བ་དང་། ལྷན་ཅིག་སྐྱེས་པའི་མ་རིག་མཚུངས་པར་ཡོད་པ་དང་། ཡོད་མེད་དབྱེར་མེད་པས་འཁྲུལ་གཞི་མེད་དོ་ཡོད་དོ་གཉིས་སུ་མེད་དོ་ཞེས་པ་བསྟན་པ་དོན་གཅིག་གོ ། དུས་གསུམ་དུ། རྒྱུན་དུ། འཁྲུལ་པ་ལྷུན་གྲུབ་པས། ཤེས་པ་དུས་དང་འཁྲུལ་གཞིའོ། ། འགྲོ་འོང་འབྱུང་འཇུག་མེད་སྣང་བ། གཞི་ཡོད་མེད་དང་དབྱེར་མེད་མཚུངས། ། ཞེས་པ་ཆུ་རླབས་ཀྱི་ཚུལ་དུ་འགྲོ་འོང་མེད་པར་འཁོར་བར་སྣང་བའི་གཞི་ཡོད་མེད་དབྱེར་མེད་དུ་གཅིག་པ་ལ་སྐྱོན་མེད་དེ། དྲུག་པ་དེ་ལྟར་དེ་བདེན་ན། དེ་ལ་སྐྱོན་དུ་བྱ་བ་བདུན། ། ཞེས་པ་གོང་དུ་འཁྲུལ་ཚུལ་བསྟན་པ་ལྟར་བདེན་ཏེ། ཡོད་མེད་ཕྱོགས་ཅན་ལས་འཁྲུལ་ཏུ་བཏུབ་ན། ཐོ་ཡོར་ལ་རྟ་རུ་འཁྲུལ། སམ་མོ་ལ་མིར་འཁྲུལ། ཐག་པ་ལ་རྟར་འཁྲུལ་པར་རིགས། མི་སྲིད་པའི་ཆོས་གཞི་འབྱུང་བར་རིགས་ཏེ་དཔེ་སྐྱོན་བདུན་ནོ། ། དེ་བས་འཁྲུལ་པའི་རང་བཞིན་འཁྲུལ་བ་ཉིད་དུ་རྟོགས་ནའང་། འཁོར་བ་གཞི་ལ་གྲུབ་ནས། འཁྲུལ་པའི་རྒྱུ་རྐྱེན་གཉིས་ལ་མི་ལུས་པའི་སྐྱོན་གཉིས། འཁྲུལ་པ་མི་སངས་པའི་སྐྱོན། གང་ཟག་དགོས་པ་ཅན་དུ་འཁོར་བ་ལ་མཐའ་མི་འོང་། བདེན་པ་མཐོང་དུ་མི་བཏུབ་ཆོས་ཉིད་དུ་མ་འདུས་ཤིང་མི་ཁྱབ་པའི་སྐྱོན་འབྱུང་ངོ་། དེ་བསལ་བའི་ཐབས། ཐམས་ཅད་འཆིང་གྲོལ་དབྱེར་མེད་ལ། ཞེས་པ་གཞི་ལ་འཁྲུལ་མ་འཁྲུལ་ཡོད་མེད་ཀྱི་སྒྲོ་སྐུར་མེད་པའོ། ། གཉིས་མཐོང་འཁྲུལ་པར་བལྟ་བའོ། ། འཁྲུལ་ཞེས་པ་རང་བཞིན་མ་ཉམས་པར་བལྟ་བའོ། ། འཁྲུལ་པའོ། ། དེ་བས་བླང་དང་དོར་མ་བྱེད། ། བདེ་སྡུག་གནས་སུ་རིས་མ་བལྟ། ། ཞེས་པ་དོན་གཉིས་མོད་ལ་ལྟ་སྤྱོད་ཀྱི་གདམས་ངག་དག་གོ ། བདུན་པ་རང་རིག་ཅན་ཡིན་ན། ། དེ་ལ་སྐྱོན་བཅུ་འབྱུང་བར་འགྱུར། ། ཞེས་པ་རང་བྱུང་ཡེ་ཤེས་ལྟ་བའི་ངོ་བོ་ཡིན་ན། རང་བྱུང་ཡེ་ཤེས་གཅིག་པས་གཅིག་གིས་རྟོགས་ན་ཀུན་གྱི་སྐྱོན་འབྱུང་། སྐྱེ་མི་འབྱུང་། རྒྱལ་བ་དང་འགྲོ་བ་ཁྱད་པར་མེད་པར་འགྱུར། ལམ་ཆད། ད་ལྟ་ཉིད་ནས་ཐམས་ཅད་མཁྱེན་པར་ཐལ། གཞིར་ཐལ། སྒོམ་མི་དགོས། ཚིག་དང་ཡི་གེ་ལ་ལ་དགོས་པ་མེད། གཏན་ལ་དབབ་མི་དགོས། མངོན་ཤེས་མ་བསྒོམ་པར་འཆར་བར་འགྱུར་བ་དང་བཅུའོ། ། དེ་བསལ་བ། དེ་བཞིན་ཉིད་ཀྱི་ཡེ་ཤེས་འདི། ། མི་ལྔ་བདག་པོ་ཀུན་གྱི་སེམས། ཞེས་པ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། མི་གནས་པ་དང་། རང་བྱུང་དང་། ལྷུན་གྱིས་རྫོགས་པའི་ཡེ་ཤེས་དང་ལྔའོ། ། ངོ་བོ་འགྲོ་བ་ཀུན་གྱི་སེམས་སོ། ། རང་སྤྱི་ཇི་སྙེད་ཇི་ལྟ་བ། ། རང་ཡུལ་མེད་པར་ངེས་གསལ་བ། ། ཞེས་པ་ལྟ་བའི་དོན་ནི། ། དཔེ་ནི། ནམ་མཁའི་སྤྲིན་མཐོངས་འོད་བཞིན་དུ། ། ཞེས་པ་སྤྲིན་གང་དག་པ་ན། ། ཉི་མའི་འོད་དང་ནམ་མཁའ་གསལ་བ་ལྟར། རབ་རིབ་གང་དག་ཤེས་རབ་སྣང་། ། ཞེས་པ་ལོག་རྟོག་ཐ་དད་པའི་བསམ་རྒྱུད་གང་དག་པ་ལ་རིམ་པར་རང་བྱུང་ཡེ་ཤེས་སྣང་བས། སྟོབས་རྫོགས་མ་རྫོགས་ཀྱི་སྐྱོན་མེད་དོ། ། བརྒྱད་པ་ངེས་མཐོང་སྒྲིབ་པའི་གྲངས། ། བརྒྱད་པ་བསྙད་པ་ཡན་ལག་བཅས། ། ཞེས་པ་དོན་མཐོང་བ་ལ་སྒྲིབ་པའི་ཐེ་ཚོམ་སྟེ། རྒྱས། འཐད་སྦྱར་ཞེས་པས་དོན་ངོས་གཟུང་ངོ་། ། ལ་བཟླ་བ་ནི། མ་རིག་པ་ཉིད་ཡེ་ཤེས་གསལ། ཐེ་ཚོམ་ཉིད་ཀྱང་ངེས་པའི་སྤྱན། ། ལོག་རྟོག་ཉིད་ཀྱང་མ་ནོར་ལམ། དེ་ལ་མི་མཐུན་ཤེས་དང་བྲལ། ། ཞེས་པ་གསུམ་པོ་རིམ་པ་རང་སྣང་ཕྱིར། དེ་དག་གཉིས་སུ་མེད་པར་བསྟན་པ་ལ་འགལ་བ་འདུས་པར་བརྟག་ཏུ་མེད་པའོ། ། དགུ་པ་འཇིག་རྟེན་འདས་དང་འཇིག་རྟེན་པའི། ། ཐེག་པའི་ལྟ་བ་གྲལ་བགོད་པ། ། སྐས་གདང་ལྟ་བུར་བསྟན་པ་དག་གོ ། ཀུན་དང་བདག་དང་བྲལ་བའི་ཕྱིར། ། འཇིག་རྟེན་ཤེས་འཕགས་ཅི་སྨོས་ཏེ། ། ཞེས་པ་ཉན་ཐོས་ཡན་ཆད་ཀུན་འཇིག་རྟེན་པའི་བདག་ཉིད་མེད་པར་འཕགས་མོད་ཀྱང་། དེ་དག་ཉིད་ནི་དགག་དང་སྒྲུབ་ཞེས་པ། ཐེག་པ་ཆེ་ཆུང་ནང་པ་གོལ་བ་མན་ཆོད་ལ་ཡོད་པས་ཁྱད་པར་ནི། རིམ་པ་ཡོད་མེད་ཁྱད་པར་དང་། ། ལྟོས་པས་ཕྱེ་བའི་ཁྱད་པར་ནི། ། ཞེས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྣམས་ལྟ་བ་རྣམས་ལྟ་བ་གཏན་ལ་འབེབས་པའི་ཚེ། འདི་སྐད་དུ། བདག་སྤང་བདག་མེད་བསྒྲུབ་པ་དང་། ། གཟུགས་སྤང་ཕྱི་སྟོང་བསྒྲུབ་པ་དང་། ། དོན་འགོག་སེམས་ཙམ་བསྒྲུབ་པ་དང་། ། མཐའ་སྤོང་མཐའ་བྲལ་བསྒྲུབ་པ་དང་། ། དྲི་སྤོང་དག་པ་བསྒྲུབ་པ་དང་། ། མཚན་འགག་མཚན་མེད་བསྒྲུབ་པ་དང་། ། བླང་དོར་འགག་མེད་བསྒྲུབ་པ་དང་། ། རྩོལ་སྤོང་རྩོལ་བྲལ་བསྒྲུབ་པ་དང་། ། དེ་དག་ཀུན་ཀྱང་ཡོད་མེད་ཕྱིར། ། དགག་བསྒྲུབ་རང་གིས་མི་བྱེད་པའོ། ། རིམ་པར་ཕྱེ་བའི་ཁྱད་པར་སྟོན། ། མཐོང་བ་དག་དང་མ་དག་པའི། ། རིམ་པས་དོན་གཅིག་ཁྱད་པར་སྣང་། ཞེས་པ་ལྟ་བ་མ་དག་པའི་བྱིས་པ་གཉིས་སོ། ། ལྟོས་པའི་མ་དག་པའི་རྗེས་སུ་རྣལ་འབྱོར་མན་ཆད་དོ། ། འོ་ན་དག་པ་ཆེན་པོ་གང་ཞེ་ན། མཐོང་བ་དག་པ་ཀུན་མཐོང་བ་འདི། ཞེས་པ་ཐམས་ཅད་མཁྱེན་པའི་ལྟ་བའོ། ། དེ་ཡང་འདི་སྐད་དུ། སྣ་ཚོགས་ཐེག་པའི་ལྟ་བ་དང་། ། ཇི་སྙེད་བསྡོམ་པའི་ལྟ་བ་རྣམས། ། དཔྱད་པར་བྱ་བ་མ་ཡིན་ཡང་། ། མ་འདྲེས་ཡོངས་སུ་རྫོགས་པར་གསལ། ། ཞེས་འབྱུང་བས། ། ངོ་བོ་རང་བྱུང་ཐམས་ཅད་མཁྱེན་པ་དང་། ། རང་བཞིན་ལྟ་བ་ཐམས་ཅད་དང་། ། མཚན་ཉིད་ལྟ་བ་གང་དང་ཡང་མ་འདྲེས་པ་དང་། རྩལ་ལྟ་བའི་སྒྲིབ་པ་ཀུན་བཅོམ་པ་དང་། བྱིན་རླབས་ལྟ་བ་ཀུན་འབྱུང་བ་དང་། ཡོན་ཏན་ལྷག་པའི་ལྷ་དང་། སངས་རྒྱས་ཐོབ་པས་གོ་འཕང་བླ་ན་མེད་པའོ། ། བསྔོ་བ་ཚོགས་ཀྱི་ལུང་ནི། ཀུན་ཤེས་བཞིན་འདྲ་རབ་རིབ་དྲི་མ་ཉིད། ། ཅེས་པ་འགྲོ་བ་ཀུན་གྱི་ཤེས་རབ་ཀྱིས་རང་གི་བཞིན་རང་གིས་མ་མཐོང་བ་ལྟར། མ་རིག་པས་སྒྲིབ་པ་ནི། བསྟན་པའི་མེ་ལོང་མཐོང་བསྒོམ་རང་དག་པར། ། འགྱུར་བས་མ་འོངས་དོན་ཅན་ཆེད་བགྱིད་པའི། ། དགེ་རྩིས་བདག་དང་མཐའ་ཡས་གྲོལ་བར་བསྔོ། ། ཞེས་པ་བཞིན་ལ་མེ་ལོང་བསྟན་པས་དྲི་མ་མཐོང་ནས་འདག་པར་བྱས་པ་བཞིན། འཕྲུལ་གྱི་ཚིག་དགུས་བསྟན་པའི་ཚིག་གི་སྒྲོན་མས། ལྟ་བ་རྟོགས་པ་ལ་བསྒོམས་པས་སྒྲིབ་པ་འདག་པར་འགྱུར་བས། མ་འོངས་པ་བདག་པས་བློ་དམན་པའི་དོན་དུ། འཕྲུལ་གྱི་མེ་ལོང་བརྩམས་པའི་དགོས་ཀྱི་སྦྱིན་པའི་དགེ་རྩེས། མཐའ་ཡས་པ་ཐེག་པ་ཆེན་པོར་གྲོལ་བར་དམིགས་པའོ། ། འཕྲུལ་གྱི་མེ་ལོང་དགུ་སྐོར་ལ། རིག་པའི་མེ་ཏོག་གིས་འགྲེལ་པའོ། ། སློབ་དཔོན་ཆེན་པོ་བི་མཱ་ལས་མཛད་པ་རྫོགས་སོ། ། དེའི་རྩ་བ་བདུན་ལ་སྐྱོན་གྱི་གྲངས་བརྗོད་ཟིན་པ་དེ་བསྡུ་ན། ཕྱག་རྒྱ་བཞི་པའི་གཞིར་གྱུར་པ། ། ངེས་པར་ངོས་ཟིན་བྱ་བར་བསྙད། ཅེས་པ་འདི་སྐད་དུ། བཀའ། དོན། གཏན་ཚིགས། རིགས་པ་གཞི། སྣང་དང་། མི་འགལ།

Tibetan Source 《བསྟན་འགྱུར་སྣ་ཚོགས་ནོ་པ་》ཤ་365བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number