9220

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བུད་མེད་ཀྱི་མཚན་རྟགས་བཅུ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་བཅུ་གཉིས་པ་རིག་པའི་གནས་ལས་ཟློས་གར་དང་། སྐྱེས་པ་བུད་མེད་བརྟགས་པའི་སྐོར་ལས་བྱུང་བ་སྟེ།

1. རྐང་པའི་སོར་མོ་སོགས་བརྟག་པ་ནི། པདྨ་ལྟ་བུར་དམར་བ་སྣུམ་པོ་དང་། ། རྐང་པ་ཆུང་བའི་བུད་མེད་བདེ་བར་འཚོ། ། འཁོར་ལོ་གདུགས་དང་པད་མ་རྒྱལ་མཚན་དང་། ། རལ་གྲི་འདྲ་བའི་རི་མོ་གང་ཡོད་པ། ། རྒྱལ་པོའི་བཙུན་མོར་འགྱུར་བ་རྒྱ་མཚོས་བཤད། ། རྐང་པའི་སོར་མོའི་འོག་ཏུ་གྱེན་ཐུར་ལ། ། རི་མོ་ཡོད་ན་དཔོན་པོའི་ཆུང་མར་འགྱུར། ། རྐང་པ་སྲབ་མོ་ཆེ་ན་གཡོག་ཏུ་འགྱུར། རྐང་པ་སྐམས་པ་ལྟོ་པར་འགྱུར་བ་ཡིན། ། འགྲོ་ན་བྱ་བྲན་ལྟ་བུའང་དེ་བཞིན་དུ། ། དེ་ལ་རང་གི་རིགས་དང་ཚུལ་ཁྲིམས་མེད། ། མཐེ་ཆུང་ས་ལ་མི་འབྱར་ཁྱོ་བོ་འཆི། ། གུང་མོ་ས་ལ་མི་འབྱར་བུད་མེད་ནི། ། སྐྱེས་པ་ལྟ་བུའི་སྤྱོད་པ་བྱེད་པར་འགྱུར། ། མཛུབ་མོ་ཟླུམ་པ་ས་ལ་མི་རེག་པ། ། ཁྱོ་བོ་སྤངས་ཤིང་སྐྱེས་པ་གཞན་དང་སྤྱོད། ། སོར་མོ་སོ་སོར་གྱེས་པ་སྡུག་ཅིང་གསོན། ། དེ་ནི་གཞན་གྱི་གཡོག་མོ་བྱེད་པར་འགྱུར། ། སོར་མོ་སྦོམ་པོ་བདེ་བ་མེད་པར་བྱེད། ། སོར་མོ་སྐམས་པ་རྩ་དང་བཅས་པ་ནི། ། སྡུག་བསྔལ་འཛིན་པར་བྱེད་པའི་བུད་མེད་ཡིན། ། རིང་བ་སྙོམས་པ་གཙང་བ་བདེ་བར་འགྱུར། ། སོར་མོ་སྙོམས་པ་བར་མེད་ཤ་དྭངས་པ། ། རྟག་ཏུ་བདེ་བར་འགྱུར་བའི་བུད་མེད་ཡིན། ། རང་གི་ཁྱོ་བོས་ཆོག་པར་འཛིན་པར་བྱེད། ། སོར་མོ་མཐོ་བ་ཟླུམ་པ་པད་མའི་མདངས། དེ་ལ་བུ་དང་ནོར་རྣམས་བརྟན་པར་འགྱུར། ། སོར་མོ་ཆུང་བ་ས་ལ་རེག་པར་བྱེད། ། སྐམས་ལ་རྡུལ་དང་བཅས་པའི་བུད་མེད་དེ། ། རྟག་ཏུ་སྡུག་བསྔལ་འབའ་ཞིག་སྤྱོད་པར་བྱེད། ། མཐིབ་ཆེན་གས་པ་སེན་མོ་ངན་པ་ཅན། ། དེ་ཡི་སྤུན་ཟླ་ཉམས་པར་འགྱུར་བ་ཡིན། ། རྒྱ་མཚོས་བསྟན་པ་ལས་བུད་མེད་གྱི་མཚན་བསྟན་པ་གཅིག་པའོ། ། 2. རྐང་པའི་བོལ་བརླ་བརྟག་པ་ནི། རྐང་པའི་མཐིལ་གྱིས་ཤ་རྒྱུད་མཛེས་ཤིང་ཀོང་། ། དེ་ནི་སྨད་འཚོང་བྱེད་པར་འགྱུར་བ་ཡིན། ། ཤིན་ཏུ་སྦོམས་ན་སྡུག་བསྔལ་འབའ་ཞིག་འཐོབ། ། ས་ལ་རེག་ཅིང་སྙོམས་པ་བདེ་བར་འཚོ། ། བོལ་ཚིགས་མ་ཧེ་ལྟ་བུ་འཆི་བར་འགྱུར། ། བོལ་ཚིགས་སྙོམས་པའི་བུད་མེད་བདེ་བར་འཚོ། ། བརླ་ཡི་ཤ་རྒྱས་སྙོམས་པ་སྣུམ་པ་དང་། ། རྩ་མེད་སྤུ་དང་བྲལ་བའི་བུད་མེད་དེ། ། འགྲོ་བ་འདུག་པ་ཀུན་ཏུ་བདེ་བར་འཚོ། ། བརླ་ལ་གྱེན་ཐུར་རི་མོ་གཉིས་ཡོད་ན། ། སྨད་འཚོང་བྱེད་དེ་ཚུལ་ཁྲིམས་ཉམས་པ་ཡིན། ། རི་མོ་ཆུང་ན་ཁྱོ་བོ་འཆི་བར་འགྱུར། ། གྱེན་དུ་རི་མོ་གཅིག་པ་བདེ་བར་འཚོ། ། རྒྱ་མཚོས་བསྟན་པ་ལས་མཚན་གཉིས་པའོ། ། 3. བརླ་དང་མཚན་མ་ཚང་ར་བརྟག་པ་ནི། བརླ་འོག་རི་མོ་ཕྱི་ལ་ཡོད་པ་ནི། ། ཕྱི་རོལ་སྐྱེས་པ་གཞན་རྣམས་འཚོ་བར་བྱེད། ། བརླ་སྟོད་ཤིན་ཏུ་ཤ་རྒྱས་བདེ་བའི་མཚན། ། ནང་ནས་ཕྱི་རོལ་ཤིན་ཏུ་གནག་པའི་སྤུ། ། ཆུང་ངུ་སྙོམས་པར་སྐྱེས་པའི་བུད་མེད་ནི། ། མི་ཡི་བདག་པོའི་བཙུན་མོ་བྱེད་པར་འགྱུར། ། མཚན་མ་རུས་སྦལ་རྒྱབ་ཅན་སྣུམ་ཞིང་རྒྱས། ། བ་སྤུ་ལྟ་བུའི་སྤུ་དང་བཅས་པ་ནི། ། ནོར་དང་དོན་འདོད་བུ་དང་ལྡན་ཞིང་བདེ། ། དེ་ནི་ཁྱོ་ལ་བསྙེན་བཀུར་བྱེད་པར་འགྱུར། ། ཤ་སྐམས་ཆེན་མོ་རྩ་ཡིས་གང་བ་ནི། ། ལྟོགས་ཤིང་སྡུག་བསྔལ་ཆེན་པོ་སྐྱེས་པར་འགྱུར། ། གཡས་གྱི་ཤ་རྒྱས་བུ་དང་ལྡན་པ་ཡི། ། གཡོན་པ་མཐོ་ན་བུ་མོ་སྐྱེ་བར་འགྱུར། ། དམར་སེར་སྤུ་ཅན་ལྟོགས་པར་འགྱུར་བ་ཡིན། ། སྤུ་ནང་སྐྱེས་པ་བདེ་བ་འཚོ་བར་བྱེད། ། བ་སྤུ་ལྟ་བུ་མང་པོ་རྒྱས་པའི་སྤུ། ། གནག་པ་མ་ཡིན་ཉུང་བ་མ་ཡིན་པས། ། ཤིན་ཏུ་བདེ་བ་མང་པོས་གང་བར་འགྱུར། ། ཤིན་ཏུ་དཀྱིལ་འཁོར་གང་བ་མཐའ་མ་ལ། ། སྙོམས་ཤིང་མཛེས་པར་གྱུར་པའི་སྤུ་དང་ལྡན། རུས་སྦལ་རྒྱབ་བམ་གླིང་ཆེན་སྤྱི་བོ་ལྟར། ། འགྲམ་གྱི་ཤ་རྒྱས་ཁྱོ་དང་བཅས་པ་བདེ། ། མཚན་མ་སྐམས་པ་ཀོང་པ་ངན་པའི་མཚན། ། གང་ལ་ཡོད་པ་ལྟོགསས་དང་སྡུག་བསྔལ་འབྱུང་། ། འགྲོ་ཚེ་ཚང་ར་འགུལ་ཞིང་ཕྱིན་ནས་སྙོགས། ། ཚུལ་ཁྲིམས་ཉམས་པར་བྱེད་པའི་འོས་སུ་འགྱུར། ། མི་འགྱུར་བརྟན་པ་བདེ་བ་ཐོབ་པར་བྱེད། ། ཚང་ར་སྦོམ་པ་གྲུ་བཞི་གཙང་བ་ནི། ། བ་སྤུ་ཅུང་ཟད་ཡོད་པ་བདེ་བར་འགྱུར། ། རྒྱ་མཚོས་བསྟན་པ་ལས་མཚན་གསུམ་པའོ། ། 4. ལྟེ་བ་འགྲོས་གསུས་པ་ནུ་མ་བརྟག་པ་ནི། ལྟེ་བ་ཟབ་པ་སྐྱེས་པས་ཕོངས་པ་མེད། ། པད་མ་གེ་སར་ལྟ་བུའི་ལྟེ་བ་ཅན། ། བདེ་བར་འཚོ་ཞིང་བཟང་པོའི་མཚན་དུ་བཤད། ། ལྟེ་བ་མཐོ་བ་རྒྱས་པ་རྡུལ་དང་སྤུ། ། མེད་པ་སྡུག་བསྔལ་མང་པོ་འཛིན་པར་འགྱུར། ། ཤ་སྐམས་རིང་པོ་རྡུལ་དང་སྤུ་ཡིས་གང་། ། ལེགས་པ་མེད་པ་གང་ཞིག་འཇིགས་པར་སྐྱེས། ། གླང་ཆེན་འགྲོས་དང་བ་ལང་ངང་པ་དང་། ། རྨ་བྱ་ནེ་ཙོའི་འགྲོས་ཅན་བཟང་པོའི་མཚན། ། འགྲོ་ཞིང་སྨྲ་དང་ཅེ་སྤྱང་སྐད་ཅན་ནི། ། བདེ་སྤོང་སྡུག་བསྔལ་ཆེན་པོ་འཛིན་པར་བྱེད། ། རྐུབ་ཚོས་རྩ་ཡིས་གང་དང་མདུད་པ་ཅན། ། བུད་མེད་ཁྱོ་དང་བྲལ་བར་ཆགས་པ་ཡིན། ། ཚུལ་ཁྲིམས་ཉམས་པ་དེ་ནི་སྨད་འཚོང་འགྱུར། ། གསུས་པ་ཆུང་ན་བུད་མེད་སྨད་འཚོང་འགྱུར། ། གསུས་པ་ཤ་ཡིས་གང་བ་རྩི་དང་བྲལ། ། རྟག་ཏུ་ལྟོགསས་ཤིང་ནོར་མེད་སྡུག་བསྔལ་འགྱུར། ། གསུས་པ་གཙང་ཞིང་སྣུམ་པ་ལེགས་པ་སྟེ། ། ནུ་མ་གཡས་པ་རྒྱས་པ་བུ་དང་བཅས། ། གཡོན་པ་མཐོ་ན་བུ་མོ་འབྱུང་བར་འགྱུར། ། འཁྱོག་ཅིང་ཡོ་བ་བུ་དང་བྲལ་བར་འགྱུར། ། སྐམས་དང་རྩ་བ་ཡོ་བར་འགྱུར་བ་ལ། ། རྩེ་མོ་སྐམས་པ་སྡུག་པའི་མཚན་མ་སྟེ། ། དེ་ཡི་ཁྱོ་འཆི་བདེ་བ་བྲལ་བ་ཡིན། ། ནུ་མ་རྒྱས་པ་ཤ་ཡི་གང་བ་ཡི། ། རབ་ཏུ་དར་རྒྱས་པ་ནི་མདངས་དང་ལྡན། ། དེ་ལ་བུ་དང་ནོར་དང་བུ་མོ་འབྱུང་། ། རྒྱ་མཚོས་བསྟན་པ་ལས་མཚན་བཞི་པའོ། ། 5. སྐེད་པ་བྲང་ཤ་བརྟག་པ་ནི། རྐེད་པ་སྒུར་པ་གཞུ་འདྲ་གཡོག་མོར་འགྱུར། ། སྐེད་པ་གྱོང་པོ་ཁྱོ་བོ་འཆི་བར་འགྱུར། ། ཤ་སྐམ་རྩ་གང་བ་ནི་སྡུག་པར་འགྱུར། ། སྐེད་པ་སྤུ་ཅན་ཤུ་བ་འདྲ་བས་གང་། ། དེ་ལ་སྡུག་བསྔལ་ཆེན་པོ་ཐོབ་པར་འགྱུར། ། བྱ་བྲང་བྱུང་བ་སྡུག་པའི་མཚན་མ་ཡིན། ། བྲང་ཞིང་སྙོམས་པ་སྤུ་ཡིས་གང་བ་དང་། ། ཤ་ཡིས་རྒྱས་པ་ཁྱོ་བོ་བཟང་པོ་ཐོབ། ། བྲང་ཞིང་སྲབ་པ་ཁྱོ་བ་འཆི་བར་བཤད། ། སྐམ་པའི་བྲང་ཡང་དེ་བཞིན་ཁྱོ་བོ་འཆི། ། རྒྱ་མཚོས་བསྟན་པ་ལས་མཚན་ལྔ་པའོ། ། 6. ལག་པའི་རི་མོ་སེན་མོའི་མདོག་བརྟག་པ་ནི། ལག་པ་སྤུ་མེད་དྲི་འཛིན་ཟངས་ཀྱི་མདོག ། སྣུམ་པ་བདེ་ཞིང་ཤ་རྒྱས་ནོར་དང་ལྡན། ། ལག་པ་གཡས་པའི་སེན་མོ་གས་པ་དང་། ། ཤིན་ཏུ་སྲབ་པ་སྤུ་ཡིས་གང་བ་ནི། ། རྡུལ་ཅན་རྩ་དང་བཅས་པ་ངན་པ་ཡིན། ། པད་མ་འདབ་མ་ལྟ་བུ་སྙོམས་ཤིང་དག ། གཤིབས་ནས་བསླང་ན་བར་དུ་མཐོང་བ་མེད། ། དེ་འདྲའི་བུད་མེད་བདེ་བར་འགྱུར་བའི་མཚན། ། ལྟེ་བའི་དཀྱིལ་དུ་གོས་ཀྱིས་གཡོགས་ཤིང་གནས། ། ནོར་བུ་དང་ནི་ལྡན་པར་འགྱུར་བ་ཡིན། ། ལག་པ་སྲབ་མོ་རྣ་བ་ཆེན་མོ་ཅན། ། ཚེ་ཐུང་མྱུར་དུ་འཆི་བར་འགྱུར་བ་ཡིན། ། མཛུབ་མོ་ཆེན་མོའམ་རྣ་བ་ཆེན་མོ་ཅན། ། སྲིན་མོའི་རིགས་ཏེ་བདག་པོ་ཟ་བར་བྱེད། ། ལག་པའི་རི་མོ་རྒྱང་ནས་གསལ་པོར་མཐོང་། ། སྣུམ་པ་མཐོ་བ་དེ་ནི་བདེ་བར་འཚོ། ། ལག་པ་ཆུང་བ་སྣུམ་པ་དེ་འདྲ་བ། ། བདེ་ཞིང་གསོན་པར་འགྱུར་བའི་མཚན་མ་ཡིན། ། ལག་པ་མཐུག་པ་རི་མོ་རྡུལ་དང་བཅས། ། དམར་བ་སྣུམ་པ་རིང་བ་མཆོག་ཏུ་བཟང་། ། དེ་འདྲའི་ལག་པ་གང་ལ་ཡོད་གྱུར་ན། ། རིགས་ངན་ཡིན་ཡང་རྒྱལ་པོའི་བཙུན་མོར་འགྱུར། ། ཤ་ཡིས་གང་ལ་བཀྲ་ཤིས་མཚན་མ་ཅན། ། དཔོན་པོའི་ཆུང་མ་ནོར་གྱི་དབང་ཕྱུག་འགྱུར། ། སྤུ་མེད་དཀར་པོ་གནས་པ་ཟངས་ཀྱི་མདོག ། སྣུམ་པ་དེ་ཡང་བདེ་བར་འཚོ་བའི་མཚན། ། སེན་མོ་གས་པ་རྡུལ་ཅན་བུ་གས་ཅན། ། སྤུ་དང་བཅས་པ་དེ་ནི་སྡུག་པར་འགྱུར། ། ལག་པ་བཀྲ་ཤིས་རྟགས་ཅན་སྣུམ་པ་ནི། ། བུ་དང་ནོར་རྣམས་ཐོབ་པར་བྱེད་པ་ཡིན། ། ལག་པ་དམར་པོ་སྣུམ་པ་གཙང་བ་ནི། ། ཡོད་པ་དེ་ནི་རྒྱལ་པོའི་བཙུན་མོར་འགྱུར། ། མེ་ཏོག་གདུགས་དང་བུམ་པ་བཀྲ་ཤིས་མཚན། ། རྔ་མ་རལ་གྲི་ཡོད་པ་དོན་གསུམ་འགྲུབ། ། གཙང་མ་པད་མོ་རྒྱལ་མཚན་ཡོད་གྱུར་ན། ། དེ་ལ་སྐྱེས་པ་རྒྱལ་པོ་འདྲ་བར་འགྱུར། ། རྒྱ་མཚོས་བསྟན་པ་ལས་མཚན་དྲུག་པའོ། ། 7. མགྲིན་པ་ཤ་མཚན་ལ་སོགས་པ་བརྟག་པ་ནི། ཧ་ཅང་ལག་ཆུང་ཉོན་མོངས་སྐྱེ་བར་འགྱུར། ། ནན་ཏུར་ཆེ་བ་བདག་པོ་འཆི་བར་འགྱུར། ། སྤུ་ཡིས་གང་བའང་དེ་བཞིན་འགྱུར་བ་ཡིན། ། རིང་བ་སྙོམས་པ་བདེ་བ་ཐོབ་པར་བྱེད། ། མཆོག་ཏུ་མགྲིན་པ་སྦོམ་པའང་དེ་བཞིན་ནོ། ། གང་ཞིག་མདུན་དུ་སྒུར་བ་སྡུག་པ་ཡིན། ། གཡོན་ན་ཤ་མཚན་ནག་པོ་ཡོད་པ་ན། ། དེ་ཡི་ཁྱོ་བོ་འཆི་བར་འགྱུར་བ་ཡིན། ། ཤ་མཚན་དཀར་པོ་གཙང་བ་ཡོད་པ་ནི། ། དཔོན་པོའི་ཆུང་མ་བྱེད་པར་འགྱུར་བ་ཡིན། ། མགྲིན་པ་ཤ་སྐམ་རྩ་ཡིས་གང་བ་ནི། ། སྡུག་བསྔལ་མང་པོ་སྒྱེ་བར་འགྱུར་བ་ཡིན། ། རྒྱ་མཚོས་བསྟན་པ་ལས་མཚན་བདུན་པའོ། ། 8. མཆུ་དང་སོ་སོགས་བརྟག་པ་ནི། མཆུ་ལ་སེར་ཀ་མང་པོ་ཤུ་བ་ཅན། ། མཆོག་ཏུ་མཐུག་པ་སྨད་འཚོང་བྱེད་པར་འགྱུར། སྐམ་པའི་མཆུ་ཅན་ཁྱོ་བོ་འཆི་བར་འགྱུར། ། རྩ་བའི་མཐའ་ཅན་སྣུམ་པ་སྙོམས་པ་ནི། ། བུ་དང་བྲལ་བ་དམར་བ་ནོར་དང་བུ། ། རྒྱས་ཤིང་རྟག་ཏུ་བདེ་བ་ཐོབ་པར་འགྱུར། ། མཆུ་སྒྲོས་ཐད་ཀར་གྱེན་དུ་རི་མོ་ཅན། ། ཤིན་ཏུ་བདེ་ཞིང་སྐྱེད་པའི་མཚན་མ་ཡིན། ། ནག་པོའི་མཆུ་ཅན་ཀུན་དང་འཁོན་པར་བྱེད། ། སྐམ་པ་རྡུལ་ཅན་མཐུག་པ་སྡུག་པའི་མཚན། ། སྙོམས་པ་དཀར་པོ་སྣུམ་པ་བདེ་བར་བྱེད། ། མ་སོ་འཁྱོག་པ་བུ་མོ་འཆི་བར་བྱེད། ། ཡ་སོ་འཁྱོག་པ་བུ་རྣམས་འཆི་བར་འགྱུར། ། བརྫུན་ཅན་སྨད་འཚོང་བྱེད་པའི་རིགས་སུ་འགྱུར། ། སོ་ལ་རེག་ན་རྟག་པར་ལྟོགས་པ་དང་། ། བཅུ་དྲུག་ལོ་ནས་སྐྱེས་པ་འཚོལ་བར་འགྱུར། ། རྒྱ་མཚོས་བསྟན་པ་ལས་མཚན་བརྒྱད་པའོ། ། 9. ལྕེ་རྐན་སྐད་འགྲམ་འོག་སྣ་གོང་བརྟག་པ་ནི། ལྕེ་མདོག་དམར་པོ་ནོར་དང་ལྡན་པར་འགྱུར། ། སྲབ་མཐུག་སྙོམས་པའི་ལྕེ་ཡང་དེ་བཞིན་ནོ། ། མཆོག་ཏུ་སྲབ་པ་དཀར་བ་ནད་དང་བཅས། ། ཤིན་ཏུ་མཐུག་པའི་ལྕེ་ཡང་དེ་བཞིན་ནོ། ། དེ་ནི་ཀུན་དང་འཁོན་པར་བྱེད་པ་ཡིན། ། རིང་བར་སླེབ་ཅིང་དམར་བ་སྣུམ་པ་ནི། ། དེ་ཡིས་བདེ་བ་ཆེན་པོ་ཐོབ་པ་ཡིན། ། རྐན་གྱི་ཁ་དོག་དཀར་བ་ལྟོགས་པ་ཡིན། ། རྡུལ་ཅན་རྐན་ནི་ཆོས་ལ་རྟོན་པར་འགྱུར། ། སེར་མོ་མཆོག་ཏུ་སྡུག་བསྔལ་ཆེན་མོ་འཐོབ། ། པད་མའི་འདབ་ཅན་བདེ་བ་ཐོབ་ཅིང་མཆོད། ། ཆུ་བྱའི་སྐད་ཅན་རིང་བ་ཁུ་བྱུག་གི། ། གདངས་ཅན་རྒྱལ་པོའི་བཙུན་མོ་བྱེད་པར་འགྱུར། ། འགྲམ་འོག་སྣུམ་པ་ཤ་རྒྱས་བདེ་བར་འགྱུར། ། སྐམ་པ་རྡུལ་ཅན་ཤུ་བ་མང་བ་དང་། ། རྩ་ཡིས་གང་བ་སྡུག་བསྔལ་མང་པོ་ཐོབ། ། དེ་ལ་བུ་དང་འབྲལ་བ་རྒྱ་མཚོས་བཤད། ། སྣ་གོང་རིང་བ་ཁྲོ་བར་འགྱུར་བ་ཡིན། ། ནན་ཏུར་ཆུང་ན་གཡོག་པོར་འཁོལ་བར་འགྱུར། ། སྣ་གོང་སྲབ་པ་ཁྱོ་བོ་འཆི་བར་འགྱུར། ། རིང་པོའི་རྡུལ་དང་ཚུལ་ཁྲིམས་ཉམས་པ་ཡིན། ། ཆེ་ཆུང་སྙོམས་པ་བུད་མེད་བདེ་བ་ཆེ། ། སྣ་གོང་མཐོ་བ་བདེ་བ་ཆེན་པོ་བཤད། ། རྒྱ་མཚོས་བསྟན་པ་ལས་མཚན་དགུ་པའོ། ། 10 .མིག་སྨིན་མ་རྣ་བ་དཔྲལ་རིས་སྐྲ་བརྟག་པ་ནི། ། དམར་སེར་མིག་ལ་རྩ་དང་ལྡན་པ་ནི། ། བུ་དང་བདེ་བ་མང་པོ་འཐོབ་པར་བྱེད། ། གཡོན་པ་མཐོ་བ་བདེ་བ་མེད་པར་འགྱུར། ། གཡས་པ་མཐོ་ན་བུད་མེད་དོན་དང་བྲལ། ། སྦྲུལ་དང་བྱི་བའི་མིག་ཅན་དགེ་བ་མེད། ། དམར་སེར་མིག་ཅན་གྱོས་པའམ་བུ་དང་ནི། ། ཕ་ལ་སོགས་པ་རྣམས་ལ་སྦྱོར་བར་བྱེད། ། པད་མའི་འདབ་མ་ལྟ་བུ་སྙོམས་ཤིང་སྡུག ། སྣུམ་པ་རིང་ཞིང་ཞིབ་པའི་མདངས་ཅན་དང་། ། རྨ་བྱ་ངང་པ་རི་དྭགས་ལྟ་བུ་ཡང་། ། བུད་མེད་མཆོག་ཏུ་གྱུར་པའི་མཚན་མ་ཡིན། ། མིག་གི་རྫི་མ་མང་བ་སྣུམ་ཞིང་གཙང་། ནོར་ཅན་ནོར་གྱི་བདག་པོ་བྱེད་པར་འགྱུར། ། སྨིན་མ་མཐོ་ནག་རིང་ཞིང་སྙོམས་ལ་གཙང་། ། རྣ་བ་ཆེན་མོ་ཤ་ཅན་ཞུམ་ཞིང་གཙང་། ། སྐྲ་མང་ཆུང་བ་གནས་ནི་བདེ་བའི་མཚན། ། དཔྲལ་བར་རི་མོ་གསུམ་པ་རྩ་དང་སྤུ། ། སྙོམས་པ་ཐུག་པ་ཚེ་རིང་བདེ་བའི་མཚན། ། ཆེ་ཆུང་སྙོམས་པ་རིང་ཐུང་མེད་པ་ནི། ། རི་མོ་ལེགས་པར་མཐོང་བ་རྒྱལ་པོ་དང་། ། ལྷན་ཅིག་གནས་པར་གྱུར་པ་རྒྱ་མཚོས་བཤད། ། བུད་མེད་དྲེད་ཀྱི་སྐྲ་ཅན་སྦོམ་ཞིང་རིང་། ། དེས་ནི་ཁྱོ་བོ་ཟ་བར་འགྱུར་བ་ཡིན། ། བུད་མེད་ཕག་གི་གཟུགས་ལྟར་སྦོམ་ཞིང་རིང་། ། སེར་སྐྱའི་སྐྲ་ཅན་ཁྱོ་དང་ཁོན་པར་བྱེད། ། རྡུལ་ཅན་སྐྲ་ཚོགས་སྲ་བ་སྡུག་བསྔལ་ཐོབ། ། རིང་ཐུང་ལག་པའི་མཚན་ཅན་སྣུམ་པ་དང་། ། རྨ་བྱའི་མདངས་ཅན་རྒྱལ་པོས་སྦྱོར་བར་འགྱུར། ། རྒྱ་མཚོས་བསྟན་པ་ལས་བུད་མེད་ཀྱི་མཚན་བཅུ་པ་རྫོགས་སོ། ། (སྐབས་འདིར་བརྟག་པ་སོ་སོ་བདེ་བླག་ཏུ་རྟོགས་ཆེད་བརྟག་པའི་འགོ་བརྗོད་གོང་དུ་གསལ་བ་རྣམས་མདོ་རྒྱུད་མཛོད་ཀྱི་དཔེ་རིས་སུ་འཁོད་པའི་སྡོམ་ཚིག་འདིར་དྲངས་པ་ལགས་སོ།)

Tibetan Source 《མདོ་རྒྱུད་མཛོད་ས་པ་》ཤ་650.18ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number