9281

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་པ་ཆེན་པོ་བཅུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ།

1. འཁོར་ལོས་བསྒྱུར་བར་འཕྲུལ་པ་ནི། དེ་ལ་ནམ་འཇིག་རྟེན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གཙོ་བོར་བྱེད་ཅིང་ཚུལ་ཁྲིམས་ཡང་དག་པར་འཛིན་པ་དང་། སྤྱོད་པ་གཙོ་བོར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོས་བསྒྱུར་བའི་བཀོད་པ་རྣམས་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་དོ། ། (1)དེ་ལ་འཁོར་ལོ་རིན་པོ་ཆེ་རྩེབས་སྟོང་ཡོད་པ། ལྷ་དང་། མིའི་ལས་ཤིན་ཏུ་འདས་པ། ཛམྦུ་ཆུ་བོའི་གསེར་ལས་གྲུབ་པ། མགར་བས་མ་བརྡུངས་པ། རང་གི་སྨོན་ལམ་དང་། བསོད་ནམས་ཀྱི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བ། བལྟ་བས་མི་ངོམས་པའི་གཟུགས་ཅན་ནམ་མཁའ་ལ་འགྲོ་བ་སྟེ། འཁོར་ལོས་བསྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། ། (2)གླང་པོ་རིན་པོ་ཆེ་ནི། ཆུ་ཞེང་ཕུན་སུམ་ཚོགས་པ། ཐལ་ཀར་མཆེ་བ་དྲུག་ཡོད་པ། བལྟ་བས་མི་ངོམས་པའི་གཟུགས་ཅན། ནམ་མཁའ་ལ་འགྲོ་བ། མགྱོགས་པའི་ཤུགས་ཕུན་སུམ་ཚོགས་པ། ས་སྲུང་གི་བུ་དང་། ནམ་མཁའ་ལྡིང་ལྟར་མགྱོགས་པ། ལེགས་པར་སྤྱད་པའི་ལས་ཀྱི་མཐུ་ལས་བྱུང་བ་སྟེ། འཁོར་ལོས་བསྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། ། (3)རྟ་རིན་པོ་ཆེ་ནི། ཐམས་ཅད་སྔོ་བ། ཅང་ཤེས་པ། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་དང་མཚུངས་པ། རླུང་ལྟར་མགྱོགས་པ། ཡིད་བཞིན་གྱི་ནོར་བུ་ལྟར་བསམས་པ་ཙམ་གྱིས་ཕྱིན་པར་བྱེད་པ། ནམ་མཁའ་ལ་འགྲོ་བ་སྟེ། འཁོར་ལོས་བ་བསྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། ། (4)ནོར་བུ་རིན་པོ་ཆེ་ནི། ཟུར་བརྒྱད་པ། མཁན་བཟོས་མ་བྱས་པ། འོད་ཕུན་སུམ་ཚོགས་པ། མེ་དང་། ཉི་མའི་འོད་ཟིལ་གྱིས་ནོན་པ། གང་དགའ་མགུར་འགྲོ་བ། ཕུན་སུམ་ཚོགས་པ། འདོད་དགུ་ཕུན་སུམ་ཚོགས་པར་སྦྱིན་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་སྟེ། འཁོར་ལོས་བསྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། ། (5)བུད་མེད་རིན་པོ་ཆེ་ནི། ཧ་ཅང་ཡང་མི་དཀར། ཧ་ཅང་ཡང་མི་སྔོ། ཧ་ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཐུང་། ཧ་ཅང་ཡང་མི་སྐེམ། ཧ་ཅང་ཡང་མི་སྦོམ་པ། འདུལ་བའི་ཆོ་ག་ཕུན་སུམ་ཚོགས་པ། བསྟན་བཅོས་དང་། བཟོ་དང་། སྙན་དངགས་དང་། སྒྱུ་རྩལ་སྣ་ཚོགས་མངོན་པར་ཤེས་པ། མཉེན་ཞིང་ཟབ་ལ་སྙན་པའི་སྨྲ་བ་ཕུན་སུམ་ཚོགས་པ། ཡིད་བཞིན་གྱི་ནོར་བུ་དང་མཚོངས་པ། འཛུམ་པ་དང་། ཚུལ་ཕུན་སུམ་ཚོགས་པ། ཆོས་སྤྱོད་པ་ལ་དགའ་བ། མཚུངས་པ་མེད་པའི་གཟུགས་ཅན་ཏེ། འཁོར་ལོས་བསྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། ། (6)ཁྱིམ་བདག་རིན་པོ་ཆེ་ནི། ལག་ན་རྡོ་རྗེ་དང་འདྲ་བ། མཆུ་ཞེང་རྣམ་ཐོས་སྲས་ཀྱི་བུ་དང་། སྲེད་མེད་ཀྱི་བུ་དང་འདྲ་བ། རྟག་ཏུ་མཉེན་ཞིང་སྙན་ལ་འཇམ་ཞིང་ཡིད་དུ་འོང་བའི་ཚིག་འབྱིན་པ། ཤའི་མིག་སྒྲིབ་པ་མེད་པ་དང་ལྡན་པ། བྱམས་པ་དང་། སྙིང་རྗེ་མང་བ། ཡིད་བཞིན་གྱི་ནོར་བུ་ལྟར་འདོད་དགུར་འཛུད་པ། མིག་རིན་པོ་ཆེ་དགེ་བའི་རྩ་བ་བསྐལ་བ་མཉམ་པས་གྲུབ་པ་སྟེ། འཁོར་ལོས་བསྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། ། (7)བློན་པོ་ཡིན་པོ་ཆེ་ནི། རིན་པོ་ཆེའི་རིགས་མ་ལྟ་བུ། དགེ་བའི་རྩ་བ་རྣམས་ཀྱི་གཟུགས་བརྙན་དུ་གྱུར་པ། སྔར་ལྡང་ཞིང་བསམ་པ་དགེ་བ། བལྟས་པ་དང་། མིག་རིག་རིག་བྱས་པས་དོན་གོ་བ། ལས་བཟང་པོ་དང་། རྒྱས་པ་དང་། རྫོགས་པ་དང་། མ་སྨད་པ་བྱེད་པ། ནམ་མཁའ་ལ་འགྲོ་བ་འབྱོར་པ་སྟེ། འཁོར་ལོས་བསྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། ། དེ་ལ་སོགས་པ་འཁོར་ལོས་བསྒྱུར་བའི་རིན་པོ་ཆེ་བཀོད་པ་ཐམས་ཅད་སྤྲུལ་ནས་བྱང་ཆུབ་སེམས་དཔའ་སེམས་ལ་དབང་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ལྷག་པའི་བསམ་པ་ཅན། མི་རིན་པོ་ཆེ་ཁ་ན་མ་ཐོ་བ་མེད་པ་ཟབ་པ། སྣུམ་པ། ཕན་པའི་ལྷག་པའི་བསམ་པ་དམ་པ། ཆོས་ཆེན་པོ་ལ་གཞོལ་བ། འཁོར་ལོས་བསྒྱུར་བ་ཆེན་པོ་། དགེ་བ་བཅུའི་ལས་ཀྱི་ལམ་ལ་བསྟེན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་འཁོར་ལོས་བསྒྱུར་བར་འཕྲུལ་པ་ཆེན་པོ་ཞེས་བྱའོ། ། 2. བརྒྱ་བྱིན་དུ་འཕྲུལ་པ་ནི། ནམ་འཇིག་རྟེན་བརྒྱ་བྱིན་གྱི་གཙོ་བོར་བྱེད་པ་དེ་ན་བརྒྱ་བྱེན་གྱི་གཟུགས་སུ་སྤྲུལ་ནས་སུམ་ཅུ་རྩ་གསུམ་གྱི་ཁང་པར་ཞུགས་ཏེ། བག་ཡོད་པའི་གཏམ་གྱིས་ལྷ་རྣམས་སྨིན་པར་བྱེད་དོ། ། 3. ཚངས་པར་འཕྲུལ་པ་ནི། ནམ་འཇིག་རྟེན་ཚངས་པ་གཙོ་བོར་བྱེད་པ་དེ་ན་ཚངས་པའི་གཟུགས་སུ་སྤྲུལ་ནས་རབ་ཏུ་ཞི་བའི་གཏམ་དང་། ཚད་མེད་པའི་བསམ་གཏན་དང་། ཚད་མེད་པའི་བསམ་གཏན་གྱིས་ཚངས་པའི་རིས་ཀྱི་ལྷ་རྣམས་ཡོངས་སུ་སྨིན་པར་བྱེད་དོ། ། 4. ཉན་ཐོས་སུ་འཕྲུལ་པ་ནི། ནམ་སེམས་ཅན་རྣམས་ཉན་ཐོས་ཀྱིས་འདུལ་བ་ཡིན་གྱི། རང་སངས་རྒྱས་ཀྱིས་འདུལ་བ་མ་ཡིན། སངས་རྒྱས་ཀྱིས་འདུལ་བ་མ་ཡིན་པ་དེ་ན་ཉན་ཐོས་ཀྱི་གཟུགས་སུ་སྤྲུལ་ནས་སྡུག་བསྔལ་ཟད་པར་བྱ་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། ། 5. རང་སངས་རྒྱས་སུ་འཕྲུལ་པ་ནི། ནམ་སེམས་ཅན་རྣམས་རང་སངས་རྒྱས་ཀྱིས་འདུལ་བ་ཡིན་གྱི། ཉན་ཐོས་ཀྱིས་འདུལ་བ་མ་ཡིན། སངས་རྒྱས་ཀྱིས་འདུལ་བ་མ་ཡིན་པ་དེ་ན་རང་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ནས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་རབ་ཏུ་སྟོན་ཏེ། དབེན་པའི་གཏམ་དང་། འདོད་ཆགས་དང་བྲལ་བའི་གཏམ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། རྫུ་འཕྲུལ་གྱི་རྐང་པའི་གཏམ་དང་། སྦྱིན་གནས་ཆེན་པོར་གབང་བསྒྱུར་བའི་གཏམ་དང་། རྟེན་པའི་གཏམ་དང་། རྣམ་པར་ཐར་པའི་ཚུལ་གྱིས་སེམས་རྣམས་ཡོངས་སུ་སྨིན་པར་བྱེད་དོ། ། 6. བྱང་ཆུབ་སེམས་དཔར་འཕྲུལ་པ་ནི། ནམ་སེམས་ཅན་རྣམས་བྱང་ཆུབ་སེམས་དཔས་འདུལ་བར་འགྱུར་བ་དེ་ན་རང་གི་གཟུགས་སུ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱིན་གྱི་རླབས་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། གཟུངས་དང་། དབང་དང་། བཟོད་པ་དང་། སའི་གཏམ་གྱིས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། ། 7. སངས་རྒྱས་སུ་འཕྲུལ་པ་ནི། ནམ་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གྱི་དབང་པོ་དང་། ཁམས་རྒྱ་ཆེ་ཞིང་རྒྱས་པར་གྱུར་པ་དེ་ན་སངས་རྒྱས་ཀྱི་གཟུགས་སུ་བསྒྱུར་ནས་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་གཏམ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་རྣམས་ཀྱིས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། ། 8. སངས་རྒྱས་ཀྱི་ཞིང་དུ་འཕྲུལ་པ་ནི། ནམ་སེམས་ཅན་རྣམས་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོས་འདུལ་བར་འགྱུར་བ་དེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟར་མཉམ་པ། འཇམ་པ། ཀ་ཙ་ལིནྡི་ཀ་ལྟར་རེག་ན་བདེ་བ། བཻཌཱུརྱ་སྔོན་པོར་གྱུར་ལ། ཤེལ་དུ་གྱུར་པ། ཙནྡན་སྦྲུལ་གྱི་སྙིང་པོར་གྱུར་པ། ཛམྦུ་ཆུ་བོའི་གསེར་དུ་གྱུར་པ། རྡོ་དང་། གསེག་མ་དང་། གྱོ་མོ་མེད་པ། མཐོ་དམའ་མེད་པ། ངན་སོང་ལོག་པར་ལྟུང་བ་མེད་པ། བུད་མེད་རྒྱུ་བ་མེད་པ། རི་ནག་པོ་མེད་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། ཚེར་མ་དང་། ངམ་གྲོགས་དང་། གཡང་ས་མེད་པ། རིན་པོ་ཆེའི་ཤིང་ལྗོན་པ་དང་། སྤོས་ཀྱི་ཤིང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་སྤྲུལ་ནས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། ། 9. བྱང་ཆུབ་ཀྱི་སྙིང་པོར་འཕྲུལ་པ་ནི། ནམ་སེམས་ཅན་རྣམས་བྱང་ཆུབ་ཀྱི་སྙིང་པོ་རྒྱ་ཆེན་པོས་འདུལ་བར་འགྱུར་བ་དེ་ན་བྱང་ཆུབ་ཀྱི་ཤིང་དཔག་ཚད་བཅུ་གཉིས་ཀྱི་ཚད་མངོན་པར་སྤྲུལ་ཏེ། རྩ་བ་ཤིན་ཏུ་ཟུག་པ། སྡོང་པོ་ནི་ཛམྦུའི་ཆུ་བོའི་གསེར། ཡལ་ག་ནི་གསེར་དང་། དངུལ་དང་། བཻཌཱུརྱ་དང་། ཤེལ་དང་། རིན་པོ་ཆེ་ཐ་དད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ལོ་མས་མཛེས་པར་བྱས་པ། ལྷའི་བུ་མོ་བརྒྱ་སྟོང་དུ་མ་གནས་པ་སྤྲུལ་ནས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། ། 10 .འཁོར་རྒྱ་ཆེན་པོར་འཕྲུལ་པ་ནི། ནམ་སེམས་ཅན་རྣམས་འཁོར་རྒྱ་ཆེན་པོས་འདུལ་བར་གྱུར་པ་དེ་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་སྤྲུལ། ཉན་ཐོས་སོ་སོ་ཡང་དག་པར་རིག་པ་ཐོབ་པ། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དང་། བྱང་ཆུབ་སེམས་དཔའི་ས་བཅུ་ལ་གནས་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ་རྣམས་སྤྲུལ་ནས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་པའོ། །

Tibetan Source 《མདོ་ཛ་པ་》ཤ་32ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number