9339

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའི་སྒྲུབ་པའི་སྟོབས་བཅུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ།

1. སྦྱིན་པ་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་ཆོས་གང་གིས་སེམས་ཅན་རྣམས་ལ་གནོད་པར་འགྱུར་བ་མ་གཏོགས་པར་སེམས་ཅན་རྣམས་ལ་མི་སྦྱིན་པ་གང་ཡང་མེད་དོ། ། བྱང་ཆུབ་སེམས་དཔའི་སེམས་གང་གིས་སྦྱིན་པ་བྱིན་པའི་སེམས་དེ་ལ་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་མ་གཏོགས་པར་སེམས་ཅན་གཞན་རྣམས་ཀྱིས་དད་པར་སླ་བ་ཡང་མ་ཡིན་ན། ཤེས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་སྒྲུབ་པ་ཞེས་བྱའོ། ། 2. ཚུལ་ཁྲིམས་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་སྒྲུབ་པ་ནི་རྣམ་པ་བཅུ་སྟེ། (1)ཉན་ཐོས་ཀྱི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ། (2)རང་སངས་རྒྱས་ཀྱི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ། (3)བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ། (4)དགེ་བའི་ཆོས་ཐམས་ཅད་སྡུད་པའི་ཚུལ་ཁྲིམས་སྒྲུབ་པ། (5)དགེ་བའི་བཤེས་གཉེན་ཀུན་ཏུ་ཚོལ་བ་མི་གཏོང་བའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ། (6)དམ་པའི་ཆོས་ཡོངས་སུ་འཛིན་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ། (7)རྟག་ཏུ་གཞན་གྱི་དོན་སྒྲུབ་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ། (8)བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ། (9)རྟག་ཏུ་མཉམ་པར་བཞག་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ། (10)བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་བཟོད་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པའོ། ། བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་མི་རྟོག་པའི་ཚུལ་ཁྲིམས་ཅན་ཡིན་ཏེ། དེ་དག་གི་ཚུལ་ཁྲིམས་སྒྲུབ་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་རྣམས་ཀྱིས་ཤེས་པར་སླ་བ་མ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྒྲུབ་པ་ཞེས་བྱའོ། ། 3. བཟོད་པ་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་སྒྲུབ་པ་ནི་རྣམ་པ་གསུམ་སྟེ། (1)སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི་ལས་བདག་གིར་བྱ་བ་ཤེས་པ་ལ་འཇུག་པའོ། ། (2)གཞན་གྱིས་གནོད་པར་བྱས་པ་ལ་མི་མཇེད་པའི་བཟོདཔ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བྱམས་པ་ལ་འཇུག་པའོ། ། (3)ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པ་ལ་འཇུག་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་བཟོད་པ་རྣམ་པ་གསུམ་ཞེས་བྱའོ། ། གང་བཟོད་པ་འདི་དག་སྒྲུབ་པ་འདི་ནི་བྱང་ཆུབ་སེམས་དཔའི་བཟོད་པ་སྒྲུབ་པ་ཞེས་བྱའོ། ། 4. བརྩོན་འགྲུས་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་ནི་གང་དང་། གང་དུ་ཇི་ལྟ་ཇི་ལྟར་དགེ་བའི་ཆོས་རྣམས་ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར་སྦྱོར་བ་དེ་དང་། དེར་འདུ་ཤེས་འདི་ལྟར་སྦྱོར་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཅོས་འདི་ཡོངས་སུ་བསྒྲུབ་པར་བྱའོ་སྙན་པ་འདི་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་སྒྲུབ་པ་ཞེས་བྱའོ། ། 5. བསམ་གཏན་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་ནི་མཉམ་པར་མ་བཞག་པའི་ཆོས་གང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྙོམས་པར་ཞུགས་པ། ཞི་བ་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ། མ་སྐྱེས་མ་འགགས་ཤིང་མི་གཡོ་བ་ཐོབ་པར་མཐོང་ངོ་། ། དེ་བདག་ནི་མཉམ་པར་བཞག་པ། གཞན་ནི་རྣམ་པར་གཡེངས་པའོ་སྙམ་དུ་མི་སེམས་སོ། ། བདག་དང་། གཞན་ལས་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་གཞན་ཡང་དག་པར་རྗེས་སུ་མི་མཐོང་ལ། བྱང་ཆུབ་ཡང་དག་པར་སྒྲུབ་པའི་བརྩོན་འགྲུས་ཀྱང་མི་ཉམས་པ་འདི་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་སྒྲུབ་པའོ། ། 6. ཤེས་རབ་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་ནི་གང་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་རྣམ་པར་གྲོལ་བ་དང་། གང་སྟོང་པ་ཉིད་ལས་རྣམ་པར་གྲོལ་བ་དང་། གང་མཚན་མ་མེད་པ་ལས་རྣམ་པར་གྲོལ་བ་དང་། གང་སྨོན་པ་མེད་པ་ལས་རྣམ་པར་གྲོལ་བ་དང་། གང་ནམ་མཁའ་ལས་རྣམ་པར་གྲོལ་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ལ། བྱང་ཆུབ་ཀྱི་ལམ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་བརྩོན་འགྲུས་ཀྱང་མི་ཉམས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་སྒྲུབ་པའོ། ། 7. ཐབས་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་ནི་བདག་ཀྱང་མི་དམིགས་ལ་རྟག་ཏུ་བདག་ཉིད་ཀྱིས་སྦེད་པའང་སྤྱོད་དོ། ། སེམས་ཅན་ཡང་མི་དམིགས་ལ་རྟག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བརྩོན་པའང་སྤྱོད་དོ། ། ཉོན་མོངས་པའང་མི་དམིགས་ལ་རྟག་ཏུ་དབང་པོ་རྣམས་སྦེད་པའང་སྤྱོད་དོ། ། དེ་ལ་གང་སངས་རྒྱས་ཀྱི་གཟུགས་མ་ཡིན་པའི་གཟུགས་ཅུང་ཟད་ཀྱང་སྣང་བར་མི་འགྱུར་ལ་རྟག་ཏུ་སངས་རྒྱས་མཐོང་བར་འདོད་པའང་ཡིན་ནོ། ། དེ་ལ་གང་ཆོས་ཀྱི་སྒྲ་མ་ཡིན་པའི་སྒྲ་གང་ཡང་གྲག་པར་མི་འགྱུར་ལ་རྟག་ཏུ་ཆོས་ཉན་པས་ངོམས་མི་མྱོང་བ་ཡང་ཡིན་ནོ། ། འཁོར་བའང་མི་དམིགས་ལ་རྟག་ཏུ་འཁོར་བས་འཇིགས་པའི་ཡིད་དང་ལྡན་པའང་ཡིན་ནོ། ། མྱ་ངན་ལས་འདས་པའང་ཡང་དག་པར་རྗེས་སུ་མི་མཐོང་ལ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་ཡང་བྱེད་དོ། ། སངས་རྒྱས་དང་བྱང་ཆུབ་ཀྱང་མི་དམིགས་ལ་སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨོན་ལམ་བརྒྱ་སྟོང་མང་པོའང་མངོན་པར་སྒྲུབ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཐབས་སྒྲུབ་པ་ཞེས་བྱའོ། ། 8. སྨོན་ལམ་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་ནི་ཆོས་གང་ཡང་འབྲི་བའམ་འཕེལ་བར་ཡང་དག་པར་རྗེས་སུ་མི་མཐོང་ལ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་ལའང་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། ། རང་གི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག བདག་གིས་སངས་རྒྱས་ཀྱི་ཞིང་འདི་འདྲ་བར་གྱུར་ཅིག འཁོར་ཕུན་སུམ་ཚོགས་པ་ནི་འདི་འདྲ་བར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དོ། ། དེའི་སྨོན་ལམ་དེའང་ཡང་དག་པར་འགྲུབ་པ་སྟེ་མི་འགྲུབ་པར་མི་འགྱུར་རོ། ། དེ་ཚུལ་ཁྲིམས་མ་ཞིག་པ། མ་ཉམས་པ། འདྲིན་མ་མ་ཡིན་པ། སྲ་བསྲེར་མ་གྱུར་པ། མཁས་པས་བསྔགས་པ་བསྲུང་ངོ་། ། དེ་ཚུལ་ཁྲིམས་དེ་ལ་རབ་ཏུ་གནས་པས་སེམས་ཀྱིས་སྨོན་པ་འགྲུབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་སྒྲུབ་པ་ཞེས་བྱའོ། ། 9. སྟོབས་སྒྲུབ་པ་ནི། གལ་ཏེ་ལ་ལ་ཞིག་སངས་རྒྱས་ཀྱི་གཟུགས་སུ་བསྒྱུར་ནས་བྱང་ཆུབ་སེམས་དཔའི་གན་དུ་འོངས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལས་ཟློག་པར་བྱེད། འདུན་པ་ཟློག་པར་བྱེད། དབྲལ་བར་བྱེད་ཀྱང་བྱང་ཆུབ་སེམས་དཔའ་དེ་འདུན་པ་ལྡོག་པར་མི་འགྱུར་ཏེ། བྱང་ཆུབ་ཉིད་རྗེས་སུ་དྲན་ནོ། ། བྱང་ཆུབ་ཀྱི་སྙིང་པོ་རྗེས་སུ་དྲན་ནོ། ། བདུད་འདུལ་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའོ། ། སེམས་ཅན་གང་བྱང་ཆུབ་སེམས་དཔའ་དེ་འདུན་པ་ཟློག་པར་བྱེད། དབྲལ་བར་བྱེད། རྣམ་པར་ཟློག་པར་བྱེད་ན། སེམས་ཅན་དེ་ལའང་བྱང་ཆུབ་སེམས་དཔའ་ཁོང་ཁྲོ་བར་མི་འགྱུར་གྱི། སེམས་ཅན་དེ་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་སྐྱེད་དེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ལས་ཀྱང་མི་ཉམས་ཏེ། དེའི་ཕྱིར་མི་ལྡོག་པའི་སྟོབས་དེས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འགོད། རབ་ཏུ་འཛུད་དེ། འདི་ནི་བྱང་ཆུབ་སེམས་དཔའི་སྟོབས་སྒྲུབ་པ་ཞེས་བྱའོ། ། 10 .ཡེ་ཤེས་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་ནི་འདི་ལ་སྐྱེ་བའམ། འཆི་བའམ། རྒ་བ་གང་ཡང་མེད་དོ། ། འདི་དག་ནི་ཆོས་ཅམ་དུ་ཟད་དེ། བདག་དང་། བདག་གི་དངབ་བྲལ་བའོ་ཞེས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ཡེ་ཤེས་ཀྱི་སྟོབས་དེ་ཉིད་ཀྱིས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཡེ་ཤེས་ཀྱི་སྟོབས་དེ་ལ་རབ་ཏུ་འགོད་དོ། ། དེ་སེམས་ཅན་ཐམས་ཅད་ཀྱིས་ཆོས་ཉིད་དེ་ལས་རྣམ་པར་བཟློག་ནས་འཇིག་རྟེན་གྱི་ཆོས་རྣམས་ལ་རབ་ཏུ་འཇོག་མི་ནུས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲུབ་པའོ། ། འདི་ནི་སྒྲུབ་པ་རྣམ་པ་བཅུའོ། །

Tibetan Source 《མདོ་ཛ་པ་》ཤ་56ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number