9423

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མྱ་ངན་ལས་འདས་པར་ཡོད་པར་གསུངས་པའི་ཆོས་རྣམ་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ལས་ལས་བྱུང་བ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མྱ་ངན་ལས་འདས་པར་ཡོད་པར་གསུངས་པའི་ཆོས་རྣམ་པ་བཅུ་ལ་ཁག་གསུམ་ཡོད་པ་སྟེ།

ཁག་དང་པོ། 1. དེ་བཞིན་གཤེགས་པ་རྣམས་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་ཤིང་ཟད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 2. དེ་བཞིན་གཤེགས་པ་རྣམས་སེམས་ཅན་ངོ་བོ་ཉིད་མེད་པ་དང་། ཆོས་ངོ་བོ་ཉིད་མེད་པར་ལེགས་པར་ཐུགས་སུ་ཆུད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 3. ལུས་ཀྱི་གནས་དང་། ཆོས་ཀྱི་གནས་ཡོངས་སུ་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 4. སེམས་ཅན་རྣམས་ལ་དོན་མཛད་པའི་རྒྱུ་དང་། རྐྱེན་རང་གི་ངང་གིས་ཉེ་བར་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 5. དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཐ་དད་པ་མེད་པ་མཉམ་པ་ཉིད་ཀྱི་ཆོས་ཀྱི་སྐུ་མངོན་སུམ་དུ་བརྙེས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 6. འཁོར་བ་དང་། མྱ་ངན་ལས་འདས་པ་ལ་ངོ་བོ་ཉིད་གཉིས་སུ་མེད་པར་ཐུགས་སུ་ཆུད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 7. ཆོས་ཐམས་ཅད་ཀྱི་རྩ་བ་ཐུགས་སུ་ཆུད་ནས་རྣམ་པར་དག་པ་མངོན་སུམ་དུ་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 8. ཆོས་ཐམས་ཅད་ལ་སྐྱེ་བ་མེད་ཅིང་འགག་པ་མེད་པར་རྣལ་འབྱོར་ལེགས་པར་བསྒོམས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 9. དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་མཉམ་ཉིད་ཀྱི་ཡང་དག་པའི་མཐའི་ཡེ་ཤེས་བསྙེས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 10 .ཆོས་རྣམས་ཀྱི་ངོ་བོ་ཉིད་དང་། མྱ་ངན་ལས་འདས་པའི་ངོ་བོ་ཉིད་ལ་བྱེ་བྲག་མེད་པ་བརྙེས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། ཁག་གཉིས་པ། 1. ཉོན་མོངས་པ་ཐམས་ཅད་ནི་འདོད་པས་གཞི་བྱས་པ་ཡིན་པས་འདོད་པ་ལས་སྐྱེས་པ་ཡིན་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདོད་པ་ཡོངས་སུ་བཅད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 2. དེ་བཞིན་གཤེགས་པ་རྣམས་ཉོན་མོངས་པའི་འདོད་པ་རྣམས་ཡོངས་སུ་བཅད་པས་ཆོས་འགའ་ཡང་ལེན་པར་མི་མཛད་ལ། ལེན་པར་མི་མཛད་པའི་ཕྱིར་གཤེགས་པའང་མི་མངའ་བྱོན་པ་ཡང་མི་མངའ་ཞིང་ལེན་པ་མི་མངའ་བའི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 3. དེ་བཞིན་གཤེགས་པ་ལ་གཤེགས་པ་དང་། བྱོན་པ་མི་མངའ་ཞིང་ལེན་པ་མི་མངའ་བ་གང་ཡིན་པ་དེ་ཆོས་ཀྱི་སྐུ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཡིན་པས་སྐྱེ་བ་དང་། འགག་པ་མེད་པར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 4. སྐྱེ་བ་དང་། འགག་པ་མེད་པ་གང་ཡིན་པ་དེ་ནི་ཚིག་གིས་བརྗོད་པར་བྱ་བ་མ་ཡིན་ཏེ་ཚིག་གི་ལམ་ཡོངས་སུ་ཆད་པར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 5. བདག་དང་། གང་ཟག་མེད་ཀྱི་ཆོས་ཙམ་འབའ་ཞིག་སྐྱེ་འགག་ཏུ་གྱུར་པའི་གནས་སུ་གྱུར་པ་བརྙེས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 6. ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ཐམས་ཅད་གློ་བུར་གྱི་རྡུལ་ཡིན་ལ་ཆོས་ཉིད་གང་ཡིན་པ་དེ་ནི་བདག་པོ་ཡིན་ཏེ། འགྲོ་བ་མེད་ཅིང་། འོང་བ་མེད་པར་སངས་རྒྱས་རྣམས་ཀྱིས་ཐུགས་སུ་ཆུད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 7. དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཡང་དག་པ་ཡིན་ལ་གཞན་ཐམས་ཅད་ནི་ཡང་དག་པ་མ་ཡིན་པས་ཡང་དག་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཡིན་པ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཡིན་པས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 8. ཡང་དག་པའི་མཐའི་ངོ་བོ་ཉིད་གང་ཡིན་པ་དེ་ལ་སྤྲོས་པ་མེད་དེ། དེ་བཞིན་གཤེགས་པ་ཉག་ཅིག་གིས་ཡང་དག་པའི་མཐའི་ཆོས་མངོན་སུམ་དུ་གྱུར་ནས་སྤྲོས་པ་གཏན་དུ་བཅད་པས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 9. སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་ཡང་དག་པ་ཡིན་ལ། སྐྱེ་བ་གང་ཡིན་པ་དེ་ནི་མི་བདེན་པ་ཡིན་པས་བྱིས་པ་བླུན་པོ་རྣམས་འཁོར་བར་བྱིང་ཞིང་འདོད་པས་ཁྱེར་བ་ཡིན་ནོ། ། དེ་བཞིན་གཤེགས་པའི་སྐུ་ལ་ནི་ཡང་དག་པར་མི་བདེན་པ་མི་མངའ་བས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 10 .ཡང་དག་པའི་ཆོས་མ་ཡིན་པ་གང་ཡིན་པ་དེ་ནི་རྐྱེན་ལས་བྱུང་བ་ཡིན་ལ། ཡང་དག་པའི་ཆོས་གང་ཡིན་པ་དེ་ནི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཡང་དག་པ་ཡིན་པས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བའོ། ། ཁག་གསུམ་པ། 1. དེ་བཞིན་གཤེགས་པས་སྦྱིན་པ་དང་། སྦྱིན་པའི་འབྲས་བུ་ལ་བདག་དང་། བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཆུད་པས་སྦྱིན་པ་དང་། སྦྱིན་པའི་འབྲས་བུ་དེ་ལ་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 2. དེ་བཞིན་གཤེགས་པས་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་བདག་དང་། བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་དེ་ལ་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 3. དེ་བཞིན་གཤེགས་པས་བཟོད་པ་དང་། བཟོད་པའི་འབྲས་བུ་ལ་བདག་དང་། བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཆུད་པས་བཟོད་པ་དང་། བཟོད་པའི་འབྲས་བུ་དེ་ལ་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 4. དེ་བཞིན་གཤེགས་པས་བརྩོན་འགྲུས་དང་། བརྩོན་འགྲུས་ཀྱི་འབྲས་བུ་ལ་བདག་དང་། བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཆུད་པས་བརྩོན་འགྲུས་དང་། བརྩོན་འགྲུས་ཀྱི་འབྲས་བུ་དེ་ལ་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 5. དེ་བཞིན་གཤེགས་པས་བསམ་གཏན་དང་། བསམ་གཏན་གྱི་འབྲས་བུ་ལ་བདག་དང་། བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཆུད་པས་བསམ་གཏན་དང་། བསམ་གཏན་གྱི་འབྲས་བུ་དེ་ལ་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 6. དེ་བཞིན་གཤེགས་པས་ཤེས་རབ་དང་། ཤེས་རབ་ཀྱི་འབྲས་བུ་ལ་བདག་དང་། བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཆུད་པས་ཤེས་རབ་དང་། ཤེས་རབ་ཀྱི་འབྲས་བུ་དེ་ལ་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 7. དེ་བཞིན་གཤེགས་པས་སེམས་ཅན་དང་། སེམས་ཅན་མ་ཡིན་པ་ཐམས་ཅད་དང་། ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པ་ཐུགས་སུ་ཆུད་པས་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 8. གང་གིས་བདག་ཉིད་ལ་སྲེད་ཅིང་མངོན་པར་ཞེན་པ་དེ་ནི་ཡོངས་སུ་ཚོལ་བར་བྱེད་པ་ལ་ཡོངས་སུ་ཚོལ་བའི་ཕྱིར་ནི་སྡུག་བསྔལ་མང་པོ་མྱོང་བར་འགྱུར་བ་ཡིན་ན། དེ་བཞིན་གཤེགས་པ་རྣམས་ནི་བདག་ ཉིད་ལ་སྲེད་པ་སྤངས་པའི་ཕྱིར་ཡོངས་སུ་ཚོལ་བ་གཏན་དུ་བཅད་དེ་ཡོངས་སུ་ཚོལ་བ་མི་མངའ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 9. འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་གྲངས་དང་། ཚད་ཡོད་པ་ཡིན་ལ་འདུས་མ་བྱས་ཀྱི་ཆོས་གང་ཡིན་པ་དེ་ནི་གྲངས་དང་། ཚད་སྤངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་འདུས་བྱས་སྤངས་ཤིང་། འདུས་མ་བྱས་ཀྱི་ཆོས་མངོན་དུ་མཛད་པས་གྲངས་དང་། ཚད་མི་མངའ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། 10 .དེ་བཞིན་གཤེགས་པས་སེམས་ཅན་དང་། ཆོས་ཀྱི་ངོ་བོ་ཉིད་ཐམས་ཅད་སྟོང་ཞིང་སྟོང་པ་ཉིད་ལས་གུད་ན་སྟོང་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ཉིད་ལ་ཡང་དག་པའི་ཆོས་ཀྱི་སྐུ་ཡིན་པར་ཐུགས་སུ་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བའོ ། །

Tibetan Source 《རྒྱུད་ད་པ་》ཤ་19ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number