9941

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྣམ་པར་གྲོལ་བའི་ལམ་རྣམ་པ་བཅུ་གཅིག
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1. དངོས་པོ་ཡོངས་སུ་རྟོགས་པའི་ལམ་ནི། དེ་ལ་དྲན་པ་ཉེ་བར་གཞག་པ་ནི་དངོས་པོ་ཡོངས་སུ་རྟོགས་པའི་ལམ་མོ། ། དང་པོ་ཉིད་དུ་མི་སྡུག་པ་ལ་སོགས་པའི་རྣམ་པས་ལུས་ཚོར་བ་སེམས་ཆོས་ཡོངས་སུ་རྟོགས་པའི་ཕྱིར་རོ། ། 2. འབད་རྩོལ་གྱི་ལམ་ནི། ཡང་དག་པའི་སྤོང་བ་ནི་འབད་རྩོལ་གྱི་ལམ་མོ། ། དེ་བཞིན་དུ་དངོས་པོ་ཐམས་ཅད་ཡོངས་སུ་བརྟག་སྟེ་ལམ་གྱི་སྒྲིབ་པ་སྤོང་བའི་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། ། 3. ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ནི། རྫུ་འཕྲུལ་གྱི་རྐང་པ་ནི་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་མོ། ། དེ་ལྟར་སྒྲིབ་པ་ཡོངས་སུ་སྔོན་སྦྱངས་པས་ལམ་འདིས་འདུན་པ་བརྩོན་འགྲུས་སེམས་དཔྱོད་པའི་སྒོ་ནས་ཏིང་ངེ་འཛིན་ལས་སུ་རུང་བ་བསྐྱེད་པའི་ཕྱིར་རོ། ། 4. མངོན་པར་རྟོགས་པའི་སྦྱོར་བ་ལས་བྱུང་བའི་ལམ་ནི། དབང་པོ་ལྔ་ནི་མངོན་པར་རྟོགས་པ་ལས་བྱུང་བའི་ལམ་སྟེ། དེ་ལྟར་ལམ་འདིས་ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་བྱས་པས་འཕགས་པའི་ལམ་ཡང་དག་པར་ཐོབ་པའི་ཕྱིར་དྲོད་དང་རྩེ་མོའི་སྦྱོར་བ་ལས་བདག་པོར་གྱུར་པ་ཐོབ་པའི་ཕྱིར་རོ། ། 5. མངོན་པར་རྟོགས་པ་དང་ འབྲེལ་པའི་ལམ་ནི། སྟོབས་ལྔ་ནི་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་སྟེ། དེ་བཞིན་དུ་ལམ་འདིས་བདག་པོར་གྱུར་པ་ཐོབ་པས་དེ་མ་ཐག་ཏུ་བདེན་པ་མངོན་དུ་བྱ་བའི་ཕྱིར་བཟོད་པ་དང་ཆོས་མཆོག་གི་སྦྱོར་བས་མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའི་ཕྱིར་རོ། ། 6. མངོན་པར་རྟོགས་པའི་ལམ་ནི། བྱང་ཆུབ་ཀྱི་ཡན་ལག་ནི་མངོན་པར་རྟོགས་པའི་ལམ་སྟེ། བདེན་པའི་བདག་ཉིད་སོ་སོར་ཡང་དག་པར་རྟོགས་པའི་ཕྱིར་རོ། ། 7. རྣམ་པར་དག་པ་ངེས་པར་འབྱུང་བའི་ལམ་ནི། འཕགས་པའི་ལམ་ཡན་ལག་བརྒྱུད་ནི་རྣམ་པར་དག་པ་ངེས་པར་འབྱིན་པར་བྱེད་པའི་ལམ་སྟེ། དེའི་གོང་དུ་ལམ་དེས་བསྒོམ་པས་སྤོང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་་དང་དག་པར་བྱ་བའི་ཕྱིར་ངེས་པར་འབྱུང་བས་སོ། ། དེ་རྣམས་ཉིད་ནི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དེ་ལྟར་མཐར་གྱིས་རིག་པར་བྱའོ། ། 8. བསླབ་པ་གསུམ་ཡོངས་སུ་དག་པར་བྱེད་པའི་ལམ་ནི་དངོས་པོ་ཆོས་བཞི་སྟེ། (1)འདི་ལྟར་བརྣབ་སེམས་མེད་པ། (2)གནོད་སེམས་མེད་པ། (3)ཡང་དག་པའི་དྲན་པ། (4)ཡང་དག་པའི་ཏིང་ངེ་འཛིན་དང་བཞིའོ། ། 9 – 10. ཡོན་ཏན་ཐམས་ཅད་མངོན་པར་སྒྲུབ་པར་བྱེད་པའི་ལམ་ནི་གཉིས་ཏེ། (1)ཞི་གནས་ནི་སེམས་ཀྱི་གནས་པ་དགུ་སྟེ། [1]དེ་ནི་ཅི་ལྟར་ཡང་ནང་དུ་སེམས་འཇོག་པར་བྱེད་པ་ནི། དེ་ལ་ཕྱི་རོལ་གྱི་དམིགས་པ་ལས་སོ་སོར་བསྡུས་ཏེ་ནང་དུ་སེམས་མངོན་པར་བསྡུས་ནས་ཉེ་བར་འཆིང་བ་ནི་འཇོག་པའོ། ། [2]ཡང་དག་པར་འཇོག་པར་བྱེད་པ་ནི། དེ་ལྟར་དང་པོ་ཉིད་དུ་ཉེ་བར་བཅིངས་པ་སེམས་དེ་ནི་གཡོ་བ་རགས་པ་སྟེ། དམིགས་པ་དེ་ཉིད་ལ་བརྟེན་པའི་སྦྱོར་བས་ཕྲ་བར་བྱེད་པའི་མངོན་པར་སྡུད་པ་ནི་ཡང་དག་པར་འཇོག་པ་བྱེད་པའོ། ། [3]རྣམ་པར་འཇོག་པར་བྱེད་པ་ནི། དེ་ལྟར་བཞག་པའི་སེམས་དེ་ནི་དྲན་པ་ཀུན་ཏུ་རྨོངས་པས་ཕྱི་རོལ་དུ་རྣམ་པར་གཡེང་བ་ན། ཡང་སོ་སོར་སྡུད་པ་ནི་རྣམ་པར་འཇོག་པའོ། ། [4]ཉེ་བར་འཇོག་པར་བྱེད་པ་ནི། དང་པོ་ཉིད་དུ་སེམས་དེ་དག་ཕྱི་རོལ་དུ་རྣམ་པར་མི་འབྱམས་པའི་ཕྱིར་དྲན་པས་ཉེ་བར་གནས་པ་ནི་ཉེ་བར་འཇོག་པའོ། ། [5]དུལ་བར་བྱེད་པ་ནི། སྔོན་གྱི་མཚན་ཉིད་ལ་རྣམ་པར་གཡེང་བ་ནས་གཟུགས་ལ་སོགས་པའི་ཉེས་སྐྱོན་གྱིས་འདུ་ཤེས་གཙོ་བོར་བྱས་ཏེ་སེམས་གཡེང་བར་མི་བྱ་བ་ནི་དུལ་བའོ། ། [6]ཞི་བར་བྱེད་པ་ནི། སེམས་ཀུན་ཏུ་འཁྲུགས་པར་བྱེད་པ་སེམས་ཀྱི་རྣམ་པར་རྟོག་པ་ཉེ་བའི་ཉོན་མོངས་པ་རྣམས་ལ་ཉེས་སྐྱོན་དུ་བལྟས་ནས་རབ་ཏུ་མི་གཡེང་བ་ནི་ཞི་བའོ། ། [7]ཉེ་བར་ཞི་བར་བྱེད་པ་ནི། དྲན་པ་ཀུན་ཏུ་རྨོངས་པས་རྣམ་པར་རྟོག་པ་ལ་སོགས་པ་ཀུན་ཏུ་སྤྱོད་པ་ན། དེ་དག་ལྷག་པར་ཞི་བར་བྱེད་པ་ནི་ཉེ་བར་ཞི་བའོ། ། [8]གཅིག་ཉིད་དུ་བྱེད་པ་ནི། མངོན་པར་འདུ་བྱེད་པས་མ་ཉམས་ཤིང་བར་མེད་པར་ཏིང་ངེ་འཛིན་རྒྱུན་དུ་རྣམ་པར་གནས་པ་ནི་གཅིག་ཉིད་དུ་བྱེད་པའོ། ། [9]མཉམ་པར་འཇོག་པར་བྱེད་པ་ནི།. ཤིན་ཏུ་གོམས་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་ཅིང་རྩོལ་བ་མེད་པས་སེམས་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་ངང་གིས་རྣམ་པར་གཡེང་བ་མེད་པས་རབ་ཏུ་འཇུག་པ་ནི་མཉམ་པར་འཛིན་པར་བྱེད་པ་དང་དགུའོ། ། (2)ལྷག་མཐོང་ནི། རྣལ་འབྱོར་པ་ཤེས་རབ་གང་གིས་བརྩོན་པས་ཆོས་ལ་དམིགས་པ་ན་ཤེས་པར་བྱ་བ་ཅི་རྙེད་པར་གཞིག་པ་དང་། ཤེས་པར་བྱ་བ་ཅི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པ་དང་། ཤེས་རབ་དང་ལྷན་ཅིག་པའི་རྣམ་པར་མི་རྟོག་པའི་ཡིད་ལ་བྱེད་པས་རྒྱུ་མཚན་དུ་བྱེད་པ་དང་ཡོངས་སུ་རྣམ་པར་རྟོག་པར་བྱེད་པ་དང་། ཡང་དག་པར་སེམས་པ་ཡོངས་སུ་སྤྱོད་པ་ཀུན་ཏུ་སྐྱེ་བའོ། ། 11. ལམ་བསྡུས་པའི་ལམ་ནི་དབང་པོ་གསུམ་སྟེ། (1)ངེས་པར་འབྱེད་པའི་ཆ་དང་མཐུན་པས་བ་པས་བསྡུས་པ་དང་། མཐོང་བའི་ལམ་སེམས་སྐད་ཅིག་མ་བཅོ་ལྔ་ལ་ནི་སྔོན་མ་ཤེས་པའི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་རབ་ཏུ་ཞུགས་པས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ། (2)མཐོང་བའི་ལམ་སེམས་སྐད་ཅིག་མ་བཅུ་དྲུག་མ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་སློབ་པའི་ལམ་དེ་རྣམས་ལ་སྔོན་མ་ཡིན་པའི་ཤེས་པར་བྱ་བ་མེད་པས་ཀུན་ཤེས་པའི་དབང་པོ། (3)ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་དགྲ་བཅོམ་པའི་དབང་པོ་ཞེས་བྱ་བ་སྟེ། དེ་ནི་མི་སློབ་པའི་ལམ་ལ་ནི། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་269ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number