10466

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རླུང་རོ་དགུ་ཕྲུགས་སུ་བསལ་བ
Tibetan Definition སྟན་བདེ་བ་ལ་སྐྱིད་ཀྲུང་གང་བདེ་བྱ་ལ་རྐེད་པ་བསྲང༌། ལག་པ་གཉིས་པུས་མོ་ལ་དགབ། རླུང་སྣ་བུག་གཡས་ནས་ཐེན་ནས་གཡོན་དུ་བལྟས་ཏེ། དེ་ངོས་ཀྱི་སྣ་བུག་ནས་དལ་བུས་རིང་བར་ལྷག་མ་མེད་པར་བུད། ཡང་གཡོན་ནས་ཐེན་ནས་གཡས་སུ་བལྟས་ཏེ། དེ་ངོས་ཀྱི་སྣ་བུག་ནས་སྔར་བཞིན་དུ་བུད། དེ་ནས་དབུས་ནས་སྣ་བུག་གཉིས་ཀ་ན་ཐེན་ཏེ། ཐད་ཀར་ལན་ཅིག་སྔར་བཞིན་བུད། དེ་འདྲ་བའི་ཚུལ་གྱིས་སླར་ཡང་གསུམ་ཚན་གཉིས་ཏེ། དགུ་ཕྲུགས་སུ་རླུང་རོ་བསལ་ཏེ། དེ་ཡང་ཕར་ལ་འབུད་པ་དང༌། ཚུར་ལ་འདྲེན་པའི་དུས་གཉིས་ཀར་ཁ་ནས་འགྲོ་འོང་མེད་པར་བྱའོ། །རྗེ་ཙོང་ཁ་པའི་གསུང་ལྟར་བཀོད། སྒྲ་བཤད་ནི། ལུས་ཀྱི་ནང་གི་རླུང་རོ་སྟེ་རླུང་རྙིང་པ་རྣམས་ཕྱི་རོལ་དུ་སེལ་བ་སྟེ་འདོན་པའི་གདམས་པ་ཡིན་པས་དེ་སྐད་ཅེས་བྱའོ། །དེའི་དགོས་པ་ནི། རླུང་ཆམ་ལ་ཕབ་པ་དང༌། རླུང་རོ་བསལ་བ་དེ་ཡིན་ནོ། །