10566

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད
Tibetan Definition རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ཅེས་བྱ་བ་འདི། རྗེ་ཙོང་ཁ་པ་ཆེན་པོ་བྱང་རྭ་སྒྲེང་གི་བྲག་སེང་གེ་འདྲ་བའི་ཞོལ་དུ་བཞུགས་དུས་སུ་ལྗགས་རྩོམ་མཛད་དེ་ཇོ་བོའི་འདྲ་སྐུ་དབུ་ཡོན་མ་ (འབྲོམ་སྟོན་པ་ཉིད་ཀྱིས་བཞེངས་པའི་ཇོ་བོའི་སྐུ་བྱིན་རླབས་ཅན་དབུ་ཡོན་མ་ཆེ་ཆུང་དུ་གྲགས་པའི་སྐུ་ཐང་ཆེ་བ་དེ་དབུ་སྔས་སུ) གདན་དྲངས་ཏེ་གསོལ་འདེབས་མཛད་པའི་ཚེ། ལམ་རིམ་བརྒྱུད་པའི་བླ་མ་ཀུན་གྱི་ཞལ་གཟིགས། ཆོས་ཀྱི་བགྲོ་གླེང་མཛད། ཁྱད་པར་ཇོ་འབྲོམ་གཉིས། པོ་ཏོ་བ། ཤ་ར་བ་བཞིས་ཟླ་བ་གཅིག་གི་བར་དུ་ཞལ་གཟིགས། མཐར་གཞན་གསུམ་ཇོ་བོ་ལ་ཐིམ། ཨ་ཏི་ཤས་ཕྱག་སྤྱི་བོར་བཞག་སྟེ་བསྟན་པ་ལ་བྱ་བ་གྱིས་ཤིག་དང༌། དེའི་གྲོགས་བདག་གིས་བྱའོ་གསུངས་པ་དོན་གྱིས་ལམ་རིམ་ཆེན་མོ་རྩོམ་པར་བསྐུལ་ནས་ལམ་རིམ་ཆེན་མོའི་ཞི་གནས་ཡན་ཆད་མཛད་ཅེས་དང༌། ཕྱིས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྩོམ་པར་བསྐུལ་ནས་ལྷག་མཐོང་ཆེན་མོ་མཛད་ཅེས་གསུང་སྲོལ་འདུག་ཀྱང༌། དངོས་སུ་སྐུལ་མཁན་ནི་བཤེས་གཉེན་སེམས་དཔའ་ཆེན་པོ་སྐྱབས་མཆོག་དཔལ་བཟང་ཡིན། ལམ་རིམ་ཆེན་མོ་ལྗགས་རྩོམ་མཛད་ས་ཡང་གོང་གི་གསོལ་འདེབས་མཛད་ས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་ཡང་དགོན་བྲག་སེང་གེའི་ཞོལ་གྱི་རི་ཁྲོད་ཉིད་ཡིན་ནོ། །ལམ་མཆོག་སྒོ་འབྱེད་ཀྱི་འདོན་དབྱངས་ད་ལྟ་རྣམ་རྒྱལ་གྲྭ་ཚང་གི་ཕྱག་བཞེས་ལ་ཡོད་པ་འདི། ཆུ་བཟང་གི་ཕྱག་སྲོལ་ཡིན་ཞིང་། དེའི་རྩ་བ་ཡང་མཉམ་མེད་དྭགས་པོ་གྲྭ་ཚང་གི་རྟ་དབྱངས་ལ་ཐུག དྭགས་པོ་གྲྭ་ཚང་གི་རྟ་དབྱངས་རྣམས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་བསླབས་ཤིང་སྲོལ་བཏོད་ཅེས་བཤད་སྲོལ་ཡོད་ཅིང་། བྱིན་རླབས་ཆེ་བ་ཡིན། མངའ་རིས་གྲྭ་ཚང་རྒྱལ་བ་དགེ་འདུན་རྒྱ་མཚོ་སྐུ་ན་བགྲེས་སོང་སྐབས་ཕྱག་བཏབ་པས། འདོན་པའི་ཚིག་མཇུག་རྣམས་ཐུང་ཞིང་མི་གསལ་བ་འབྱུང་བ་འདི་ལྗགས་དབུགས་ཐུང་ཐུང་ཆགས་པའི་རྐྱེན་གྱིས་ཡིན་ཞེས་གསུང་སྲོལ་ཡོད་ལ། མཇུག་གི་ལམ་རིམ་སྨོན་ལམ་གྱི་འདོན་དབྱངས་འདི་ཡང་དྭགས་པོ་གྲྭ་ཚང་གི་ཕྱག་བཞེས་ཡིན། ཞེས་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོས་༢༠༠༥ལོའི་ལམ་རིམ་ཆེན་མོའི་སྔོན་འགྲོའི་གསུང་བཤད་སྐབས་གསུངས་སོ། །