10573

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་རིམ་མཆན་བཞི་སྦྲགས
Tibetan Definition 1 རྗེའི་ལམ་རིམ་ལ་མཆན་བཞི་བཏགས་པས་ན་མཆན་བཞི་སྦྲགས་ཟེར། མཆན་བཞི་ནི། ནག་མཆན། སེར་མཆན། དམར་མཆན། བྲ་སྟིའི་མཆན་དང་བཞི་ལ་ཟེར། ལམ་རིམ་ཆེན་མོའི་བརྡ་བཀྲོལ་ལས། ཐོག་མར་ནག་མཆན་འདེབས་པ་པོ་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་སྐུ་བ་སོ་ལྷ་དབང་རྒྱལ་མཚན་ཡིན་གསུངས། བ་སོ་ཆོས་ཀྱི་རྒྱལ་མཚན་དུ་གསུངས་པ་ནི་ལྷ་དབང་ཞེས་པ་ཆད་པའི་ཡིག་ནོར་ཡིན་ནམ་སྙམ། གཙང་གི་བ་སོའི་རི་ཁྲོད་ལྷུན་གྲུབ་བདེ་ཆེན་དུ་བཞུགས་པས་བ་སོ་བ་ཞེས་གྲགས། དེ་མཆན་གྱི་དང་པོ་སྣག་ཚས་བྲིས་པས་ནག་མཆན་དུ་གྲགས། མཆན་གཉིས་པ་ནག་མཆན་དང་མི་ནོར་བའི་ཕྱིར་སེར་གྱིས་ཕྱེ་བས་སེར་མཆན་ཟེར། དེ་འདེབས་པ་པོ་ནི་སྡེ་དྲུག་མཁན་ཆེན་བློ་བཟང་དར་རྒྱས་ཡིན་ཞེས་ཀུན་མཁྱེན་སྐུ་འཕྲེང་གཉིས་པས་གསུངས་ཀྱང་། ཁེ་གསུམ་ཆོས་མཛད་བློ་བཟང་བསྟན་འཛིན་ཞེས་པ་དང་། ཁ་རོག་མཁན་ཆེན་ངག་དབང་རབ་བརྟན་ཞེས་པ་མཚན་གྱི་རྣམ་གྲངས་ཡིན་ནམ་དཔྱད། གང་ལྟར་སྟག་ལུང་བྲག་པས་གུང་རི་ཆོས་འབྱུང་ལ་གསན་ནས་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་ལ་གནང་། དེའི་གསུང་བཤད་གནང་བ་ལྟར་བྲིས་པས་གུང་རིའི་མཆན་དང་། སྟག་ལུང་བྲག་པའི་མཆན་ཞེས་ཀྱང་གྲགས། མཆན་གསུམ་པ་ནི་མཆན་སྔ་མ་གཉིས་དང་མི་ནོར་བའི་ཕྱིར། སྐག་དང་མཚལ་གྱིས་བྲིས་པས་དམར་མཆན་དུ་གྲགས། མཆན་འདི་ནི་གཙོ་བོ་ས་བཅད་དང་། དཀའ་གནད་ལ་མཆན་བུ་ཕྲན་ཚེགས་ཡོད་པ་འདེབས་པ་པོ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཡིན་པར་མཛད་བྱང་ལས་གསལ་ཀྱང་། ཕྱིས་མཛད་བྱང་ནག་མཆན་གྱིས་བྲིས་པ་ནི་མ་དག་པ་ཡིན་པར་མཁས་པ་རྣམས་ཞལ་འཆམ་པར་སྣང་། དམར་མཆན་འདི་ཉིད་གཞིར་བཞག་ནས་བྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་སུམ་རྟགས་སོགས་སྒྲའི་འཇུག་པ་དང་མཐུན་པར་མཆན་ཟུར་དུ་བཏབ་པ་ལྟར་ཡིན་ཀྱང་། ད་ལྟ་མཆན་བཞི་བསྲེས་པར་དུ་བཀོད་པར་བ་སོའི་མཆན་ལ་༼ བ ༽ཡིག། ཁ་རོག་མཁན་ཆེན་གྱི་མཆན་ལ་༼ ང ༽ཡིག། ཀུན་མཁྱེན་བླ་མའི་མཆན་ལ་༼ ཇ ༽ཡིག། བྲ་སྟིའི་མཆན་ལ་༼ ར ༽ཡིག། གསུང་ཕྱོགས་གཉིས་གཅིག་ཏུ་བབས་པའི་མཆན་ལ་རྟགས་ཉིས་འདེབས་ཡོད་ཀྱང་དཔེ་རྙིང་དང་བསྡུར་ན་མ་དག་པ་མང་དུ་སྣང་། བྲ་སྟི་དགེ་བཤེས་ཆུན་བའི་མཚན་བློ་བཟང་དཔལ་ལྡན་དང་བློ་བཟང་དགེ་ལེགས་ཡང་ཟེར་བ་ཡིན་པས་ཐུགས་ལ་དགོངས་པར་ཞུ། ཞེས་རཏྣ་དྷཱ་ཛས་གསུངས་པ་ལྟར་རོ། །རཏྣ་དྷཱ་ཛ་ཞེས་པ་ནི། རཏྣ་ནི་རིན་ཆེན། དྷཱ་ཛ་ཞེས་པ་རྒྱལ་མཚན་དང་ཏོག་སོགས་དོན་མང་པོ་ལ་འཇུག་པར་བཤད་པས། རིན་ཆེན་རྒྱལ་མཚན་ནམ་རིན་ཆེན་ཏོག་ཅེས་པ་ཡིན་ནམ་སྙམ་མོ། །