10644

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུ་གུ་རྒྱུད
Tibetan Definition (གསང་སྔགས) ལྕགས་སྒྲོག་གམ། ལྕགས་སྒྲོག་ལྟར་ཕན་ཚུན་སྦྲེལ་ཞིང་འཁྱུད་པའི་རྒྱུན་ལ། ལུ་གུ་རྒྱུད་ཟེར། དཔེར་ན་ལྕགས་སྒྲོག་གི་ཚུལ་དུ་འཁྱུད་པ་ལ། ལུ་གུ་རྒྱུད་དུ་འཁྱུད་ཟེར་བ་བཞིན་ནོ། །རྗེ་ཐམས་ཅད་མཁྱེན་པའི་རིམ་ལྔའི་རྡོར་བཟླས་ཀྱི་ཟིན་བྲིས་ལས། ལུ་གུ་རྒྱུད་ནི་ལྕགས་སྒྲོག་གི་རྣམ་གྲངས། ཞེས་གསུངས་སོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས། རྩ་ཨ་བ་དྷཱུ་ཏཱི་ལ་རོ་རྐྱང་གིས་ལུ་གུ་རྒྱུད་དུ་འཁྱུད་པའི་རྩ་འཁོར་ལུས་ཀྱི་གནད་གང་ན་ཡོད་པའི་དབུས་དེར། ཞེས་གསུངས་སོ། ། བར་མ་ཆད་པ། བར་མ་ཆད་དུ་འོང་བ། ནར་མར་འབྱུང་བ། གཅིག་རྗེས་གཉིས་མཐུད་དུ་འོང་བ། རྒྱུན་མ་ཆད་པར་འོང་བ། རྒྱུད་མར་འོང་བ་བཅས་བཤད། རྗེའི་ལམ་རིམ་ཆེ་འབྲིང་ལས། དེས་ན་རྒོད་པ་དང་རྣམ་པར་གཡེང་བ་སོགས་ཕྲ་མོ་རྣམས་ཐོག་མའི་དུས་སུ་བཅད་ཀྱང་མི་ཆོད་པས་གཅད་པར་མི་བྱའོ་སྙམ་ནས་ཡལ་བར་འདོར་བ་དང༌། དེ་རྣམས་ཤུགས་དྲག་པ་དང་ཧ་ཅང་རྒྱུན་རིང་བའི་ལུ་གུ་རྒྱུད་མེད་ན། ཤུགས་ཞན་པ་དང་རྒྱུན་ཐུང་ངེ་བས་ནི་ལས་མི་གསོག་པས་བཅད་མི་དགོས་སོ་སྙམ་ནས། ཞེས་གསུངས་པ་ལྟར་རོ། །རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས་ཀྱང་། དེད་དཔོན་ཟུང་འདི་ཕན་ཚུན་ལུ་གུ་རྒྱུད་དུ་འཁྱུད་པའི་འབྲེལ་པ་ཡོངས་སུ་ཆད་པ་མེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས། ཐོག་མ་ཉིད་ནས་དཔོན་སློབ་ཤིན་ཏུ་ཐུགས་གཅུགས་པར་གྱུར་ཏོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ལྕགས་སྒྲོག་གི་ཨ་ལོང་ལྟར་ཅིག་གིས་ཅིག་ལ་སྦྲེལ་ཞིང་འཁྱུད་པའི་རྒྱུད་དམ་རྒྱུན་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་འདིའི་ལུ་གུ་ཞེས་པ་ལུག་ཕྲུག་ལ་གོ་རྒྱུ་གཏན་ནས་མིན་པར། བུ་གུའམ་ཨ་ལོང་ལ་གོ་དགོས་ཏེ། འདིའི་ལུ་ནི་རིལ་བུའི་ཚིག་གྲོགས་ཀྱི་བུ་དང་འདྲ་སྟེ། དཔེར་ན་རིལ་བུ་ལ། རི་ལུ་ཞེས་འབྲི་བ་བཞིན་ནོ། །དེས་ན་ཨ་ལོང་མང་པོ་སྦྲེལ་བའི་རྒྱུན་ལ་བུ་གུ་རྒྱུད་དམ་ལུ་གུ་རྒྱུད་ཅེས་བརྗོད་པ་ཡིན་ནོ། །མཁས་པ་སྔ་མའི་གསུང་རྒྱུན་འགའ་ཞིག་ལ། ལུ་གུ་ཐག་པ་ལ་བསྟར་བའི་རྒྱུད་དམ་རྒྱུན་ལྟར་བར་མ་ཆད་པས་ན་དེ་སྐད་ཅེས་བྱའོ། །ཡང་ན། ལུ་གུ་རྒྱུད་ཅེས་པ་ལུ་གུའམ་ལུག་ཟམ་པའི་སྟེང་ནས་འགྲོ་ཚུལ་དང་མཐུན་པར་སྔ་ཕྱི་བར་མ་ཆད་པར་གཅིག་རྗེས་གཉིས་མཐུད་དུ་རྒྱུད་མར་འབྱུང་བས་ན་དེ་སྐད་ཅེས་བྱའོ། །ཞེས་སྣང་ཡང་བརྟག་དཔྱད་ནན་ཏན་བྱས་ཚེ་དོན་ལ་གནས་པར་མི་སེམས་སོ། ། ཕན་ཚུན་འཛིངས་ནས་ཁུག་མདུད་དུ་སོང་བ། གསང་རྫོགས་མི་བསྐྱོད་ཞལ་གྱི་བདུད་རྩི་ལས། ཐུ་མེད་རྡོ་རམས་པ་ཆོས་ཀྱི་སྙིང་པོས་ལུ་གུ་རྒྱུད་ནི་ལུག་ཟམ་པའི་སྟེང་དུ་འགྲོ་བ་དེ་ཡིན་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོས་གསུངས་ཟེར་ཡང༌། རིགས་གྲྭ་ཚང་གིས་མདུད་པ་ལུ་གུ་རྒྱུད་དུ་འགྲོ་བ་ལུག་སྟོར་ཚུལ་རེད། གཡུང་དྲུང་ལུ་གུ་རྒྱུད་ཟེར་བ་དང་འདྲ་གསུངས་པ་ལྟར་ཁུག་མདུད་དུ་སོང་ནས་དབུ་མ་རླུང་གིས་གང་བ་ན་ལྷོད་ཡོང་བ་ཡིན། ཞེས་གསུངས་པ་ལྟར་རོ། ། ལྕགས་སྒྲོག་གི་རྣམ་པ་དང་ཆ་འདྲ་བའི་སྐེད་རྒྱན་ཞིག་གི་མིང་དུའང་བཤད། གསེར་ལས་བྱས་པའི་རྒྱན་ཟླ་གམ་གསུམ་པ་དག་ལས་བྱས་པའི་འོག་པག་གང་ཡིན་པའོ། །ཞེས་སློབ་དཔོན་ཚུལ་ཁྲིམས་བསྐྱངས་གསུང༌། བསྟན་འགྱུར་འདུལ་བ་༼ ཤུ ༽༡༧༤བ༣ལས་ལྕགས་ཀྱི་ལུ་གུ་རྒྱུད་ཅེས་བྱ་བ་ཞིག་འབྱུང་བ་དེ་གང་ཡིན་དཔྱད་པར་བྱའོ། །