10670

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་ར་ཆེན་མོ
Tibetan Definition རྗེ་ཙོང་ཁ་པ་ཆེན་པོས་བཙུགས་པའི་གཉལ་གྱི་ལོ་རེའི་ཆོས་འཆད་ཉན་གྱི་དུས་སྟོན་ཅིག་གི་མིང་། གཉལ་གྱི་གསེར་ཕྱེ་འབུམ་པ་ཞེས་པའི་སར་འཚོག་པས་འདི་ལ་གཉལ་གྱི་ལུང་ར་ཆེན་མོ་ཟེར་ཞིང་། འདི་རྗེའི་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་ཞིག་ཀྱང་ཡིན་ནོ། །སྒྲ་བཤད་ནི། ལུང་རའམ་ཆོས་རའི་འདུ་ཚོགས་ཀྱི་དུས་སྟོན་ཁྱད་པར་ཅན་ཡིན་པས་ན་ལུང་ར་ཆེན་མོ་ཟེར་རོ། །རྗེའི་རྣམ་ཐར་ཆེན་མོ་ལས། དེ་སྐབས་མཉལ་དུ་ཆོས་འཁོར་ཞིག་འཛུག་པར་བཞེད་ནས་རབ་གྲོང་མཁན་པོ་ལ་ཞལ་ཏ་གནང་བས་ཁོང་གིས་སྦྱིན་བདག་གི་མཐིལ་ལེན་ཞུས་ཤིང༌། གཞན་ཡང་དད་འབུལ་མང་དུ་བྱུང་བ་ལ་བརྟེན་ནས་མཉལ་ཕྱོགས་དགེ་འདུན་གྱི་སྡེ་ཕལ་ཆེ་བའི་སྡེ་སྣོད་འཛིན་པ་ཐམས་ཅད་བསྡུས་ཏེ་ཆོས་ཀྱི་འཁོར་ལོ་ཞག་མང་པོའི་བར་དུ་མཛད། དེའི་རིང་དགེ་འདུན་ཚོགས་པ་རྣམས་ལ་ཞབས་ཏོག་བསྙེན་བཀུར་ཕུན་སུམ་ཚོགས་པ་སྒྲུབ། དེ་ཡང་མཉལ་གྱི་སྡེ་པ་རྣམས་ཕན་ཚུན་གྲལ་སོགས་ལ་ཡེ་མི་འཆམ་པས་ལྷན་ཅིག་ཏུ་ཚོགས་པ་མི་སྲིད་པ་ཙམ་ཡིན་ནའང༌། དེ་དུས་རྗེ་ཉིད་ཀྱི་ཐུགས་རྗེའི་སྟོབས་དང་ཐབས་མཁས་པའི་དབང་གིས་ཐམས་ཅད་རྩོད་པ་མེད་ཅིང་དམ་པའི་ཆོས་ཀྱི་དགའ་སྟོན་གྱིས་དུས་འདའ་བར་གྱུར་ལ། རྗེ་ཉིད་ནས་དད་ཅན་སོ་སོ་ལ་དད་འབུལ་དང་རྒྱུན་པའི་བསྙེན་བཀུར་ཁས་ལེན་དགེ་བསྐུལ་སོགས་ཀྱི་ཞལ་ཏ་གནང་བར་ཡང་ཐམས་ཅད་སྤྲོ་དགའ་དང་བཅས་པས་ལྷུར་ལེན་པ་གྱུར་སྣང་ཏེ། དེ་ལྟ་བུའི་ཆོས་འཁོར་ལ་མཉལ་གྱི་ལུང་ར་ཆེན་མར་གྲགས་ཤིང༌། དུས་ཕྱིས་ཀྱང་དེའི་ལོ་དུས་ལ་ཆོས་འཁོར་ཞག་མང་པོར་བྱེད་པ་མ་ཆག་པར་ཡོད་ཅིང༌། དེ་དག་གི་ཚེ་ནི་སྔར་ལྟར་ཐམས་ཅད་རྩོད་པ་མེད་ལ་ཆོས་འཁོར་དེ་ལས་གཞན་པའི་སྐབས་སུ་ནི་ཕན་ཚུན་གྲལ་སོགས་ལ་རྩོད་པ་དང་བཅས་པས་ལྷན་ཅིག་ཏུ་འདུ་འགོད་མི་བྱེད་ཅེས་གྲགས་ཏེ་བདག་ཉིད་ཆེན་པོའི་ཐུགས་བསྐྱེད་ཀྱི་ཁྱད་པར་ནི་དེ་འདྲ་བའོ། །ཞེས་གསུངས་སོ། །