10671

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་རྣམ་འབྱེད
Tibetan Definition (འདུལ་བ) འདི་ལ། ཕའི་རྣམ་འབྱེད་དང་། མའི་རྣམ་འབྱེད་གཉིས་ཡོད། འདི་ལ་རྣམ་འབྱེད་ཅེས་པ་ནི་རྣམ་འགྲེལ་ཞེས་པའི་དོན་ཏེ། ལུང་རྣམ་འབྱེད་༼ ཅ ༽༢༡ན༧ལས། འདུལ་འདི་སོ་སོར་ཐར་པ་དེའི། །རྣམ་འབྱེད་ཡིན་པར་དགོངས་པས་ན། །ཞེས་གསུངས་སོ། །1 དང་པོ་ཕའི་རྣམ་འབྱེད་ནི། དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད་ཤློ་ཀ་ཉི་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་རྩ་གསུམ་པ་གླེགས་བམ་བཞིའི་བདག་ཉིད་ཅན་གྱི་འདུལ་བའི་མདོ་ཞིག (འདིའི་མིང་བྱང་ལ་འདུལ་བ་རྣམ་པར་འབྱེད་པ་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་བིབྷང་ག་ཞེས་ཟེར) བཀའ་འགྱུར་འདུལ་བའི་གླེགས་བམ་༼ ཅ་པའི ༽ཤོག་གྲངས་༢༡ན༡ན་ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་ལས་དབྱེན་བྱེད་པའི་ལྷག་མ་ཡན་ཆད་བམ་པོ་ཉེར་གཅིག་པའི་བར་བཞུགས། ༼ ཆ་པ་ལ ༽ལྷག་མའི་འཕྲོ་གསུམ་དང༌། མ་ངེས་པའི་ཆོས་གཉིས། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལས་བཅུ་གཅིག་པ་ཡན་བམ་པོ་ཉེར་གཉིས་པ་ནས་བམ་པོ་བཞི་བཅུ་རྩ་གཉིས་པའི་བར་བཞུགས།༼ ཇ་པ་ལ ༽ ལྟུང་བྱེད་བཅུ་གཉིས་པ་ནས་བདུན་ཅུ་རྩ་གཉིས་པ་ཡན་བམ་པོ་ཞེ་གསུམ་པ་ནས་བམ་པོ་རེ་གཉིས་པའི་བར་བཞུགས། ༼ ཉ་པ་ལ ༽ ལྟུང་བྱེད་བདུན་ཅུ་རྩ་གསུམ་པ་མན་ཚང་བ། སོར་བཤགས་བཞི། བསླབ་པའི་ཆོས་མང་པོ། རྩོད་པ་ཞི་བྱེད་ཀྱི་ཆོས་མང་པོ་སྟེ་ཕའི་རྣམ་འབྱེད་ཡོངས་སུ་རྫོགས་པ་བམ་པོ་རེ་གསུམ་པ་ནས་བམ་པོ་གྱ་གསུམ་པ་རྫོགས་པའི་བར་བཞུགས་སོ། །སློབ་དཔོན་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཏོ། །འདུལ་བ་རྣམ་པར་འབྱེད་པ་དང་དོན་གཅིག དེ་ལ་གཟིགས། 2 མའི་རྣམ་འབྱེད་ལ་གླེགས་བམ་གཅིག་ཡོད། (འདིའི་མིང་བྱང་ལ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བྷིཀྵུ་ཎཱི་བིན་ཡ་བིབྷང་ག་ཞེས་ཟེར) བཀའ་འགྱུར་འདུལ་བའི་གླེགས་བམ་༼ ཏ་པའི ༽༢༥བ ༡ན་བཞུགས་ཤིང་། དགེ་སློང་མའི་སོ་ཐར་གྱི་མདོ་འདིའི་དབུར་བཞུགས་སོ། །