10675

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུམྦི་ནི
Tibetan Definition (འདུལ་བ) ལུམྦི་ནི་ཞེས་བྱ་བ་བདག་ཅག་སྟོན་པ་སྐུ་འཁྲུངས་པའི་གནས་དེའི་ལོ་རྒྱུས་ནི། དིང་སང་འདིའི་མིང་ལ་ “རུ་མན་དི” ཟེར། ལེགས་སྦྱར་དུ་ लुम्बिनी ལུམྦི་ནི་ཞེས་པ་ནི། lovely མཛེས་སྡུག་ལྡན་པ་ཞེས་པའི་དོན་ཡིན་པར་བཤད། དེ་ནི་སྟོན་པ་སྐུ་འཁྲུངས་པའི་གནས་ཡིན་ཞིང༌། རྒྱ་བལ་གྱི་ས་མཚམས་ཀྱི་ཉེ་འདབས་སུ་དེ་སང་བལ་པོའི་མངའ་ཁོངས་སུ་ཡོད་ཅིང་། དེར་ཡུམ་སྒྱུ་འཕྲུལ་མའི་སྐུ་བརྙན་དང༌། ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ལ་རྒྱལ་པོ་ཁྲི་ལོ་ཉེར་གཅིག་པར་ཕྱོགས་དེར་སླེབས་ཤིང༌། ཕྱོགས་འདིར་སངས་རྒྱས་འཁྲུངས་སོ། །ཞེས་རྡོ་རིང་བསླང་བ་ཡིན་བྱ་བའི་ཡི་གེ་ཅན་ཡོད། ལུམྦི་ནིའི་ནུབ་ཕྱོགས་མེ་ལི་ལྔ་དྲུག་ཙམ་ན་ “ཀཔིལ་བསྟུ” སེར་སྐྱའི་གྲོང་ཁྱེར་གྱི་ཤུལ་ཡོད་ཅིང་དིང་སང་མིང་ལ་ “ཏི་ལོ་ར་ཀོ་ཊི” ཟེར་ཞེས་དགེ་འདུན་ཆོས་འཕེལ་གསུང༌བ་ལྟར་རོ། །འདི་ལ་ལུམྦི་ནི་ཞེས་མིང་ཇི་ལྟར་ཐོགས་པའི་ཚུལ་ནི། ལུམྦི་ནི་ཞེས་བྱ་བ་ནི་བདག་ཅག་གི་སྟོན་པའི་མ་ཕྱོགས་ཀྱི་མེས་མོ་སྟེ། ཡུམ་སྒྱུ་མ་ལྷ་མཛེས་ཀྱི་མའི་མིང་ཡིན་ལ། རྒྱལ་པོ་ལེགས་པར་སད་ཀྱིས་རང་གི་བཙུན་མོ་དམ་པ་ལུམྦི་ནིའི་ཆེད་དུ་སྐྱེད་མོས་ཚལ་ཡིད་དུ་འོང་བ་ཞིག་བྱས་པས། དེའི་མིང་ལུམྦི་ནི་ཞེས་ཐོགས་སོ། །འདིའི་ལོ་རྒྱུས་འདུལ་བ་ལུང་གཞི་འདི་ལྟར་གསུངས་ཏེ། དེ་ཡང་འདུལ་བ་ལུང་གཞི་༼ ག་པ ༽ལས། རྒྱལ་པོ་ལེགས་པར་རབ་སད་ཀྱི་བཙུན་མོ་དམ་པ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡུལ་གྱི་བཟང་མོ་ལུམྦི་ནི་ཞེས་བྱ་བ་ཡོད་དོ། །ལྷས་བསྟན་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་ལོངས་སྤྱོད་ཆེ་བ་ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་པ་དེའི་ཀུན་དགའ་ར་བ་མེ་ཏོག་ཕུན་སུམ་ཚོགས་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་དང༌། ཆུ་ཕུན་སུམ་ཚོགས་པ་དང༌། བྱ་སྣ་ཚོགས་སྐད་འབྱིན་པས་དེའི་ཀུན་དགའ་ར་བ་དགའ་དགའ་ལྟར་འདུག་པ་དེར་རྒྱལ་པོ་དུས་དུས་སུ་བཙུན་མོའི་འཁོར་དང་ལྷན་ཅིག་ལྷགས་ནས་དེ་ན་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱེད་དོ། །ལུམ་བི་ནིས་དེ་མཐོང་ནས་འདོད་པ་སྐྱེས་ཏེ། དེས་སྨྲས་པ། ལྷ་ཀུན་དགའ་ར་བ་འདི་བདག་ལ་སྩལ་དུ་གསོལ། རྒྱལ་པོས་སྨྲས་པ། ཀུན་དགའ་ར་བ་འདི་ཁྱིམ་བདག་གི་ཡིན་ན་ཇི་ལྟར་སྦྱིན། གལ་ཏེ་ཁྱོད་ལ་ཀུན་དགའ་ར་བ་དགོས་ན་ཁྱོད་ཀྱི་ཕྱིར་དེ་བས་ལྷག་པར་བཟང་བ་གཞན་ཞིག་བྱའོ། །དེ་ནས་རྒྱལ་པོ་ལེགས་པར་རབ་སད་ཀྱིས་ལུམ་བི་ནིའི་ཆེད་དུ་དེ་བས་ཁྱད་པར་དུ་འཕགས་པའི་ཀུན་དགའ་ར་བ་ཞིག་བྱེད་དུ་བཅུག་ནས་དེའི་མིང་ལུམ་བི་ནིའི་ཚལ་ཞེས་བྱ་བར་གྱུར་ཏོ། །ཞེས་གསུངས་སོ། །