10712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལེ་བརྒན
Tibetan Definition <ལོ་ཧི་ཏ> 1 དམར་པོའི་མིང༌། འཕགས་བོད་སྐད་གཉིས་ཤན་སྦྱར་ལས་བཤད། འདི་དམར་པོ་དམར་རྐྱང་མིན་པར། གུར་གུམ་གྱི་མདོག་ལྟར་དམར་སེར་ལྟ་བུར་གོ་དགོས་སམ་སྙམ་མོ། །2 གོས་དར་དམར་པོའི་མིང་དུའང་བཤད། བུ་སྟོན་ཆོས་འབྱུང་ལས། ཁྲི་ལྡེ་སྲོང་བཙན་ (སྲོང་བཙན་སྒམ་པོ) དུ་བཏགས་ཏེ་དབུའི་འོད་དཔག་མེད་དང་དར་ལེ་བརྒན་གྱིས་དཀྲིས་ཏེ། ཞེས་གསུངས་པ་ལྟ་བུ། རྒྱལ་རབས་གསལ་བའི་མེ་ལོང་ཀོང་ཇོའི་ལོ་རྒྱུས་འཆད་པའི་སྐབས་ལས། ལྷ་གཅིག་དེ་ལུས་དང་གོས་ལ་གྱ་བསྲུང་སྟེ། ལུས་དང་གོས་ལ་རེག་ས་མེད་པས། མདའ་གསར་པ་ཅིག་ལ་དར་ “ལེ་བརྒན” ཁ་གང་ཐོགས་ལ། ལྷ་གཅིག་གི་རྩར་སླེབས་པ་དང༌། ཞེས་གསུངས་པ་ལྟ་བུ། 3 གུར་ཀུམ་གྱི་བྱེ་བྲག་ཅིག་ཅིག་མིང་། གསོ་རིག་ “སྦྱོར་བ་བརྒྱ་པ” ༼ ཧེ་པ ༽༤༡བ་༢ལས། གུར་གུམ་དང་། ལེ་བརྒན་ཙི་ལ། ཨགྣི་མུཁི་ཞེས་བྱའོ། །ཞེས་གསུངས་སོ། །4 ཉལ་ཐའི་སྡོང་བུ་ངོས་འཛིན་ཡོད། Opium Poppy plant ཟེར་བ་དེའོ། །སྔོ་ལྡུམ་འདི་ལ་མེ་ཏོག་དཀར་པོ་ཤས་ཆེ་ལ། དམར་སེར་ཡང་མཐོང་རྒྱུ་འདུག གཞན་ཡང༌། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་ལེ་བརྒན་རྩི་ནི་ཤིང་ཡིན་ལ། དེ་ཡི་འབྲས་བུ་ནི་དཀར་པོའོ་གསུངས་སོ། །ཞེས་ཀློང་རྡོལ་བླ་མས་གསུངས་པ་དེ། ཉལ་ཐའི་སྡོང་བུ་རང་ལ་ཟེར་བ་ཡིན་འདུག་སྙམ། ཡང༌། བཙོད་ཤིང་གི་མིང་སྟེ། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། དྲི་བཟང་རྩ་བ་ཆུའི་ལྕུག་མ། །ཡང་དག་ལུས་མ་དཔག་ཚད་འདབ། (འདིའི་ལོ་མ་སྦལ་པ་འདྲ་བས) །སྦལ་པའི་ལོ་མ་ལེ་བརྒན་དང༌། །བཀྲ་བའི་འདབ་ལྡན་བཙོད་ཤིང་ངོ༌། །ཞེས་གསུངས་པའི་བཙོད་ཤིང་དང་གོང་གི་ཉལ་ཐའི་ཤིང་གཉིས་གཅིག་ཡིན་མིན་དཔྱད་དགོས་སོ། །