10755

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལེའུ
Tibetan Definition དུམ་བུའི་མིང་། སྐབས། སྒོ། ཆོ་ག ཆོ་ག་ཞིབ་མོ། རྟོག་པ། བརྟག་པ། བརྟགས་པ། འདུས་པ། སྡེ་ཚན། ཚོམས། རབ་ཏུ་བརྟགས་པ། རབ་ཕྱེད། རབ་བྱེད། རབ་འབྱམས། རིམ་པར་ཕྱེ་བ། སརྒ། སེམས་བསྐྱེད། (རབ་བྱེད) རྩ་བ་ཤེས་རབ་ལས་ལེའུ་ལ་རབ་བྱེད་ཀྱི་ཐ་སྙད་བྱེད། (ཚོམས) མདོ་ལས་རྟ་ཡི་ཚོམས་དང་གླང་པོའི་ཚོམས་ཞེས་སོགས་ཚོམས་ཀྱི་ཐ་སྙད་མཛད། (སྐབས) མངོན་རྟོགས་རྒྱན་དུ་སྐབས་དང་། (བརྟག་པ) ཀྱེ་རྡོར་གྱི་རྒྱུད་དུ་བརྟག་པ་དང་། (སེམས་བསྐྱེད) དབུ་མ་འཇུག་པར་སེམས་བསྐྱེད་ཀྱི་ཐ་སྙད་བྱེད། (སྒོ) ལུང་ཕྲན་ཚེགས་ཀྱི་འགྲེལ་པར་སྒོའི་ཐ་སྙད་བྱེད། ཕྲན་ཚེགས་ཀྱི་ཚིག་རྣམ་པར་བཤད་པ་སྟེ་སྒོ་གཉིས་པའོ། །ཞེས་པ་ལྟ་བུ། (དུམ་བུ) དེབ་ཐེར་སྔོན་པོར་དུམ་བུའི་ཐ་སྙད་མཛད། (རིམ་པར་ཕྱེ་བ) རྗེའི་རྣམ་ཐར་དད་པའི་འཇུག་ངོགས་སུ་རིམ་པར་ཕྱེ་བའི་ཐ་སྙད་བྱེད་དེ། དེ་ཉིད་ལས། གཙོ་བོར་སྔགས་ཀྱི་ཐེག་པ་ལས་བརྩམས་པའི་མང་དུ་ཐོས་པ་ཡོངས་སུ་བཙལ་བའི་རིམ་པར་ཕྱེ་བ་སྟེ་བཞི་པའོ། །ཞེས་གསུངས་པ་ལྟར་རོ། ། (འདུས་པ) དཀོན་མཆོག་བརྩེགས་པའི་མདོར་ལེའུར་འདུས་པའི་ཐ་སྙད་བྱས་ཡོད། དཔེར་ན་དེ་ཉིད་ལས། དགའ་བོ་མངལ་དུ་འཇུག་པ་བམ་པོ་གཅིག་འདུས་པ་བཅུ་གཉིས་པ། ཞེས་གསུངས་པ་ལྟ་བུ། ལེའུའི་སྐད་དོད། པ་ཊ་གོས་སམ་སྣམ་བུ་ལ་འཇུག་པས། གོས་ཀྱིས་སྦྲང་བུ་མཆུ་རིང་ལ་སོགས་པའི་ཉེར་འཚེ་ལས་བཟློག་པ་དེ་བཞིན་དུ། རྒྱུད་ཀྱི་དོན་རིམ་པ་གཉིས་པོ་འདིས་ཆགས་སོགས་ཉོན་མོངས་པ་དང་། ལས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ལས་བཟློག་པས་ན་གོས་དང་འདྲ་བའི་ཕྱིར་ལེའུའོ། །ལ་ཏི་ནི་ལེན་པར་བྱེད་པ་སྟེ། དེ་ལྟ་བུའི་ཉེར་འཚེ་ལས་བཟློག་བྱེད་དེ་གཞུང་འདིས་བརྗོད་བྱར་ལེན་པར་བྱེད་པས་ན་གཞུང་གི་ཚོགས་ལའང་ལེའུ་ཞེས་བྱའོ། །རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད། སྤྱིར་ལེའུའི་སྐད་དོད་མི་འདྲ་བ་མང་དུ་ཡོད་དེ། པ་ཊ་གོས་སམ་སྣམ་བུ་ལ་འཇུག་པ་ནི་ཝ་ཏྲ་ཞེས་པ་ཡོངས་སུ་བསྒྱུར་བའམ་ཡོངས་སུ་བརྗེ་བས་ན་ལེའུ། པ་རི་ཚེ་ད་ཅེས་པ་ཡོངས་སུ་གཅོད་པ་སྟེ། བརྗོད་བྱའི་དོན་ཚན་སོ་སོར་ཡོངས་སུ་གཅོད་པས་ན་ལེའུ། ཀྲ་མ་བྷེད་ཞེས་པ་རིམ་པར་ཕྱེ་བ་སྟེ། བརྗོད་བྱའི་དོན་རིམ་པ་སོ་སོར་ཕྱེ་སྟེ་སྟོན་པས་ན་ལེའུ་ཞེས་བྱའོ། །དེ་ལྟར་ལེའུར་སྐད་དོད་མང་དུ་ཡོད་པར། མཁས་གྲུབ་ཆོས་རྗེའི་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་ལས་གསུངས་སོ། །