11035

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་མོའི་བླ་མཚོ
Tibetan Definition ལྷ་ས་ནས་མལ་ལེ་དགུ་བཅུ་ཙམ་གྱི་ཤར་ལྷོའི་ཕྱོགས་སུ་ཆོས་འཁོར་རྒྱལ་མེ་ཏོག་ཐང་ཞེས་བྱ་བ་ྋརྒྱལ་དབང་དགེ་འདུན་རྒྱ་མཚོས་ཕྱི་ལོ་༡༥༠༩ལོར་བཏབ་པའི་དགོན་པ་ཡོད་ལ། དེའི་བྱང་ཤར་ཕྱོགས་སུ་མལ་ལེ་ལྔ་ཙམ་གྱི་གཡའ་ཁྲོད་ན་འབྱུང་འགྱུར་གནས་ལུགས་གསལ་པོར་སྟོན་པའི་ལྷ་མོའི་བླ་མཚོ་ཞེས་བྱ་བ་ངོ་མཚར་ཅན་གྱི་མཚོ་དེ་ཡོད་པར་བཤད། ྋརྒྱལ་མཆོག་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་དགུང་གྲངས་སོ་བདུན་བཞེས་པ་རྒྱལ་མེ་ཏོག་ཐང་གི་དགོན་པ་ཕྱག་བཏབ་པའི་ལོ་དེ་༡༥༠༩རང་ལ་བླ་མཚོའི་གནས་སྒོ་གསར་དུ་ཕྱེ་བར་སེམས། ལྷ་མོའི་བླ་མཚོའི་སྐོར་རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་རང་རྣམ་ཤེས་རིག་སྤར་ཁང་ནས་སྤར་སྐྲུན་ཞུས་པའི་འཁྲུངས་རབས་པོད་དང་པོའི་ཤོག་གྲངས་༣༨༦ལས། རྒྱལ་གྱི་གཙུག་ལག་ཁང་གི་གཡམ་གཅལ་འདིང་བའི་གཡམ་པ་བསློགས་པས། འོལ་ཁའི་འུ་ལག་གཅིག་གིས་གཡམ་པའི་སྒྲོམ་བུ་ཞིག་འདུག་པའི་ནང་ནས་གནམ་ལྕགས་ཀྱི་རལ་གྲི་ཟུང་གཅིག་རྙེད། དེ་དུས་ངེད་རང་ལ་ཕུལ་ན་ཁོ་རང་ལའང་དངོས་གྲུབ་འོང་བའི་རིགས་སུ་འདུག་ནའང་ཁོའི་རྟོག་པ་ལ་གསེར་ཡིན་པ་འདུག་སྙམ་དུ་བསམས་ཏེ་སྦས་ནས་འོལ་ཁར་ཁྱེར། སྲིང་མོ་བཙུན་མ་ཞིག་གི་སར་གྲོས་བྱས་པས་དེ་ནད་ཀྱིས་བཏབ་སྟེ་མཚན་ (མོ) གཉིད་མེད་པ་དང་། ཉིན་མཚན་ཀུན་ཏུ་ལུས་ལ་བྱ་རོག་གི་ཁྱུ་ཆེན་པོ་འཐིབས་ཏེ་ཤ་ཐམས་ཅད་འཐོག་པའི་སྣང་བ་ཤར། དེའི་ཚེ་པྲ་ཕབ་པས། རྒྱལ་ན་དཔལ་ལྡན་ལྷ་མོའི་ཕྱག་མཚན་གྱི་རལ་གྲི་ཡོད། དེ་གནས་སྒོ་འབྱེད་པའི་ལྡེ་མིག་ཡིན་ཟེར་བྱུང་ནས། ཁོས་རལ་གྲི་གཅིག་བཤིག་ནས་དེའི་ཚབ་ཏུ་ལྕགས་ཀྱི་རལ་གྲི་ཞིག་བཅོས་སོ། །དེ་དང་གནམ་ལྕགས་ཀྱི་རལ་གྲི་དངོས་གཅིག་པོ་དེ་གཏོར་གསོས་དང་སྦྲགས། གནས་བརྟན་བློ་གྲོས་རྒྱ་མཚོ་བ་གཞིའི་བསྐང་གསོ་རྒྱུན་པ་ལ་ཡོད་པ་ལ་ཕུལ་འདུག དེས་གཏམ་སྙན་འབུལ་བ་ཡང་ཀོང་པོར་སླེབ། རྟིང་ལ་གནེད་རང་རྒྱལ་དུ་སླེབ་དུས་ཀྱང་བཤིག་པའི་སྟོབས་ཀྱིས་ཕྱིས་རྩ་ཆད་ལ་སོང་འདུག གནམ་ལྕགས་ཀྱི་རལ་གྲི་དེ་ད་ལྟ་རྒྱལ་ན་བཞུགས་ཤིང་། དཔལ་ལྡན་ལྷ་མོའི་བླ་མཚོ་གྲགས་པ་ཅན་འདི་ནི། དེ་གོང་ལུག་ལོའི་དབྱར་སྨད་ངེད་རང་ལ་མཚོ་ཁྱད་པར་ཅན་དེ་འདྲ་ཡོད་པའི་སྣང་བ་ཤར་ཏེ་རྩད་དཔྱད་པས། ཡུལ་མི་རྒྱུས་ཅན་འདྲས། མཚོ་ཤིན་ཏུ་གཉན་པ་འགྲམ་དུ་སྐད་ཆེ་བ་བཏོན་ན་ཡང་སེར་བ་འབབ་པ་སྐད་འདོན་པ་ཞིག་ཡོད་ཟེར་ཐོས་ནས་ཐོག་མར་འཚོལ་དུ་བཏང་བས་ཁུངས་རྙེད་དེ་ངེད་དཔོན་སློབ་བཅུ་ལྷག་ཅིག་གནས་སྒོ་འབྱེད་དུ་ཕྱིན། སྒོ་སྲུང་གི་མཚོ་ཆུང་ཞིག་འདུག་པ་དེར་གཏོར་མ་བཏང་ནའང་། ཤིན་ཏུ་གཉན་པར་འདུག་པས་གནད་ཡར་མ་བྱུང་བ་མ་གཏོགས་རྟ་བརྡབས་ཤིག་ཀྱང་བྱུང་། དེ་ནས་མཚོ་ཞལ་ལ་ཁར་སླེབ་པའི་ཚེ་མཚོ་དཀར་ཆིལ་ལི་བ་ཞིག་འདུག དེར་དཔལ་ལྡན་ལྷ་མོ་བསྐྱེད། སྤྱན་དྲངས་པ་ན་ཤར་ཕྱོགས་ནས་བུ་ཡུག་ཅིག་བྱུང་སྟེ་མཚོ་དེ་ལ་བབས་པ་དང་དེ་མ་ཐག་མཚོ་དེ་སྔར་བས་གདོག་འགྱུར་ཏེ། རེས་འཇའ་ཚོན་སྣ་ལྔའི་དྲ་བ་དང་། རེས་ཕོ་བྲང་རྒྱ་ཕིབས་དང་བཅས་པ་ལ་ལྔ་སྦྲགས་ཤིག་མངོན་སུམ་ལྟ་བུར་སྣང་བ་དང་། ཡང་མཚོ་དེ་ནས་མཁའི་མདོག་ལྟ་བུ་གཉིས་སུ་སོང་བ་འདྲ་བའི་ནང་ནས་དབྱིབས་གྲུ་བཞི་དང་། ནར་སྟབས་ཡོད་པའི་རི་དེའུའི་རྣམ་པ་ཅན་གཉིས་སྔར་མེད་ལ་ནམ་མཁར་སྙེག་པ་བཞིན་ལངས་ཏེ་ཤིན་ཏུ་འཇིགས་ཤིང་ལྟད་མོ་ཆེ་བར་བྱུང་། དེ་གཉིས་ཤར་ཆེར་གདོང་ཅན་གཉིས་ཀྱི་ཆོ་འཕྲུལ་དུ་གོ རེས་མཚོ་ཐམས་ཅད་གནམ་དུ་ཁོལ་བ་ལ་འོ་མའི་མདོག་ལྟ་བུ་དང་། མདོར་ན་ཆུ་རང་འགའ་བའི་མདོག་ཏིལ་ཙམ་ཡང་མེད་ཅིང་། གཟུགས་སྣང་ངོ་མཚར་བ་ཇི་སྙེད་ཅིག་ངེད་ཐམས་ཅད་ཀྱིས་མཐུན་པར་མཐོང་། དེ་ནས་བཟུང་སྟེ་ད་བར་མཚོ་མཇལ་ལ་མང་དུས་ལྔ་བརྒྱ་ཙམ་འདུས་པ་ལ་ཡང་མཐོང་སྣང་མཐོང་ཚུལ་ཕྱོགས་གཅིག་པར་དཔལ་ལྡན་ལྷ་མོའི་གཞལ་ཡས་ཁང་། ཕྱག་མཚན། ཆིབས་ཀྱི་དྲེའུ་ཆེ་ཆུང་ཁ་དོག་མང་པོ། རླུང་ནག་ཚུབ་མ། དཔག་བསམ་གྱི་ཤིང་སོགས་འདི་འཆར་དང་འདི་མི་འཆར་གྱི་དབྱེ་བ་བརྗོད་མི་ཤེས་པ། སྔར་མ་མཐོང་བ་རྣམས་ཀྱིས་གཏམ་ཐོས་ནའང་བློར་མི་ཤོང་ཞིང་མཐོང་ན་སེམས་དད་པས་རང་དབང་མེད་པར་བྱེད་པ་རྒྱུན་མ་ཆད་པར་ཡོད་ཅིང་། འོལ་ཁ་བའི་རིགས་གྲྭའི་སྐབས་སུ་ནི་ནང་སོ་ཆོས་རྗེས་མཚོ་ཞལ་ལ་བྱོན་དུས་ངེད་རང་གིས་ཀྱང་ཕྱིན་པས་མཚོ་ནང་ནས་དངོས་སུ་དཔངས་ཐོག་ཚད་གསུམ་ལྷག་ཙམ་ཡོད་པའི་རྟ་པའི་རྣམ་པ་གཙོ་འཁོར་གསུམ་དང་། མི་བོངས་ཉིས་འགྱུར་སུམ་འགྱུར་ཙམ་གྱི་ལུས་ཚད་དང་ལྡན་པའི་རེས་དགེ་འདུན་གྱི་རྣམ་པ། རེས་སྐྱ་བོའི་རྣམ་པ་ལྔ་བརྒྱ་ཙམ་ཡོད་པ་འདྲ་བ། རེས་ཕྱོགས་གཅིག་ཏུ་འདུ། རེས་སྐོར་ཚོམས་བྱེད། རེས་མཚོ་ནང་ལ་འགྲོ་བ་སོགས་སྣ་ཚོགས་པ་ཞིག་དེ་ཉིན་ཐམས་ཅད་ཀྱིས་གཟིགས་པར་བྱུང་ངོ་། །དེས་ན་གནས་འདི་དཔལ་ལྡན་ལྷ་མོས་སྐྱོང་བར་ངེས་ཤིང་། དེའི་ཞི་རྒྱས་དབང་དྲག་གི་འཕྲིན་ལས་མཛད་པའི་ཚུལ་བརྗོད་ཀྱིས་མི་ལྔ་སྟེ་ཟུར་ཙམ་མོ། །ཞེས་གསུངས། (མཚོ་དེར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཚོ་དེར་ཕེབས་པའི་སྐོར་དམ་པ་དེ་ཉིད་ཀྱི་རང་རྣམ་ན་གསལ) སོགས་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང༌། འདི་ྋརྒྱལ་བ་པཎ་ཆེན་སྤྱི་དང་ལྷག་པར་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མཚོ་ཞིག་ཡིན། ྋརྒྱལ་མཆོག་ལྔ་པ་ཆེན་པོས་ཀྱང་གནས་དེར་ཞབས་ཀྱིས་བཅགས་པའི་སྐོར། རང་རྣམ་དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༡༤༦ལས། དཔལ་ལྡན་དམག་ཟོར་མའི་བླ་མཚོ་མཇལ་བར་ཕྱིན་པས་མི་མངས་པས་སྐྱོན་གྱིས་ཐོག་མར་འཚུབ་ཀྱི་རྣམ་པས་ཁ་བ་སོར་དོ་ཙམ་བབས། ལ་ཁར་སླེབས་པ་དང་གང་སྤོས་ཚེ་ཆུང་ཤོས་ཙམ་པ་གཅིག་ལ་གཅིག་འདྲིལ་གྱིས་འཁོར་ལོ་རྩིབས་བརྒྱད་དང་པདྨ་ནོར་བུའི་གཟུགས་བརྙན་སྣ་ཚོགས་བབས་བྱུང་བ་ཀུན་ཡ་མཚན་པར་འཛིན་ཞིང་ཆོས་སྐྱོང་དགྱེས་པའི་རྟགས་སུ་མངོན། དེ་ནས་ནམ་མཁའ་གཡའ་དག་པའི་མཚོའི་ཞལ་ཁེབས་སྔོ་ལྗང་དཀར་དམར་གྱི་རྣམ་པ་རིམ་གྱིས་བསལ་བའི་ནང་ནས་དགོན་པ་དང་གྲོང་ཁྱེར་ཤིན་ཏུ་མང་བར་བསྟན་ཞིང༌། མཁར་སྤེལ་སྤེལ་ཞོལ་ཡོད་པའི་སྔོན་པོ་ཆེན་པོ་ཞིག་ཀྱང་མཐོང༌། ཞེས་གསལ། བླ་མཚོ་དེར་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་ཆེན་པོ་གཉིས་ཀའི་འཁྲུངས་ཡུལ་དང་འཁྲུངས་ཁང་སོགས་གསལ་བར་ལུང་བསྟན་ཡོད་པ་རེད། ངས་ཕྱི་རྒྱལ་བ་ཚོར་ཆོས་འཆད་སྐབས་རྩེད་མོ་དང་ཀུ་རེའི་ཚུལ་དུ་ཁྱེད་ཚོས་གཟུགས་མཐོང་གློག་འཕྲིན་བཟོ་སྐྲུན་མ་བྱས་གོང་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་ང་ཚོ་བོད་པར་རིན་པ་སྤྲོད་མི་དགོས་པའི་རང་འབྱུང་གི་གཟུགས་མཐོང་བརྙན་འཕྲིན་ལྷ་མོ་བླ་མཚོ་ཟེར་བ་སོགས་དེ་དང་འདྲ་བ་མང་པོ་ཡོད་པ་རེད་ཅེས་ཁ་པོ་སྒྲོག་གི་ཡོད། བོད་ལ་ལྷ་མོའི་བླ་མཚོ་དང་འདྲ་བའི་ཡ་མཚན་ཅན་གྱི་མཚོ་མང་པོ་ཡོད་ཚོད་འདུག་པ་འདི་ལྟར། ༧རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་ཆོས་བཟང་གླེགས་བམ་དང་པོ་༡༢༧ལས། སྤྱན་རས་གཟིགས་ཀྱི་མཚོ་ནས་སེར་འབྲས་དགེ་གསུམ་དང་ལྷ་ས་གསལ་པོ་བསྟན་བྱུང་བས་ཐམས་ཅད་ཡ་མཚན་ཞིང་སྟར་སྡོང་མགྲོན་གཉེར་ཧ་ལས་དྲགས་ཏེ་ལབ་རྒྱུའང་མི་འདུག སྒྲོལ་མ་དཀར་སྔོན་གྱི་མཚོ་ནས་གོང་ཡུལ་ཐོར་རེ་བ་བསྟན། རྟ་མགྲིན་གྱི་མཚོར་ཟླ་བོ་རྣམས་ལ་ནི་མ་བྱུང་ཟེར་བདག་གིས་མཐོང་སྣང་ལ་མཁར་དམར་པོ་ཐོག་གསུམ་པ་སྤེལ་སྤེལ་ཞོལ་ཅན་སྒོ་སྒེ་ཁུང་མེད་པ་ཞིག་བྱུང༌། ཞེས་གསུངས།