11238

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤམ་བྷ་ལ
Tibetan Definition (ལེགས་སྦྱར) ཤཱཀྱའི་རིགས་ཤམ་བྷ་ཀ་ཞེས་བྱ་བས་བཟུང་བའི་ཡུལ་ཡིན་པས་དེ་ལྟར་དུ་གྲགས་པའམ། འགའ་ཞིག་གིས། ཤམ་བྷ་ལ་ཞེས་པའི་ལ་ནི་བཟུང་བ་དང་འཛིན་པ་ལ་འཇུག་པས། ཤམ་བྷས་བཟུང་བ་ཞེས་གྲགས་པར་བཤད། ཡང་ན་བདེ་འབྱུང་འཛིན་པ་ཞེས་བྱ་སྟེ། བདེ་འབྱུང་ནི་ལྷ་དབང་ཕྱུག་ཆེན་པོའི་མིང་ཡིན་ལ། དེས་བཟུང་བའི་ཡུལ་ལ་ཤམ་བྷ་ལ་ཟེར། ཡུལ་གྱི་བཀོད་པ་ནི། དབྱིབས་ཟླུམ་པོ་མཐའ་རིས་བསྐོར་བའི་ནང་པདྨ་འདབ་མ་བརྒྱད་ཀྱི་དབྱིབས་ཅན། ཟླུམ་པོ་ཆ་གསུམ་དུ་བྱས་པའི་ཆ་གཅིག་ལྟེ་བའི་ཚད་དང༌། ཆ་གཉིས་འདབ་མའི་ཚད་ཡིན། ལྟེ་བ་ལ་དཔག་ཚད་སྟོང༌། འདབ་མ་བརྒྱད་ཡོད་པའི་འདབ་མ་རེ་རེ་ལ་དཔག་ཚད་སྟོང་སྟོང་ཡོད། དབུས་ཀྱི་ལྟེ་བའི་མཐའ་ནས་གངས་རིའི་ཕྲེང་བས་རིམ་པ་གཅིག་བསྐོར་བ། འདབ་མ་བརྒྱད་ཀྱི་མཐའ་ནས་གངས་རིའི་ཕྲེང་བའི་རིམ་པ་གཅིག་སྟེ། གངས་རིས་རིམ་པ་གཉིས་སུ་བསྐོར་བའོ། །རི་ཡི་རྩེ་མོ་ཐམས་ཅད་གངས་རི་དང༌། དེ་མཚམས་གཡའ་རི་དང༌། དེ་ནས་རྫ་རི་དང༌། དེ་ནས་སྤང་རི་དང༌། དེ་ནས་ནགས་རི་དང༌། སྤོས་ཤིང་རི་དང༌། མེ་ཏོག་སྣ་ཚོགས་སྨན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། ལུང་པའི་གཞུང་ཐམས་ཅད་མཚོ། རྫིང་བུ། ནེའུ་སིང་དང༌། ལྗོན་ཤིང་དང༌། སྐྱེད་མོས་ཚལ་སྣ་ཚོགས་པ། གཞན་ལས་ཁྱད་པར་དུ་འཕགས་བཀོད་པ། རྒྱ་ཁྱོན་ཡངས་ཤིང་འདོད་དགུ་འཛོམས་པ། ཡིད་དུ་འོང་བ། བག་ཕེབས་པ། འདབ་མ་ལས་ཅུང་ཟད་མཐོ་བའི་དབུས་ཀྱི་ལྟེ་བའི་སྟེང་དུ། རྒྱལ་པོའི་ཕོ་བྲང་ཀ་ལཱ་པ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་དཔག་ཚད་བཅུ་གཉིས་པ། ཕོ་བྲང་དེའི་དབུས་སུ་རིགས་ལྡན་རྒྱལ་པོ་བཞུགས་པའི་ཁང་པ་རྣམས་མརྒད་དང༌། ཟླ་བ་ཆུ་ཤེལ་དང་རྡོ་རྗེ་ཕ་ལམ་ལས་བྱས་པའི་འོད་ཀྱིས་ཚེས་བཅོ་ལྔའི་ཟླ་བའི་འོད་ཀྱང་ཟིལ་གྱིས་གནོན་ནས་ཟླ་བ་ལ་བལྟས་ཚེ་སྐྱ་འཁྱིལ་བ་ཞིག་ལས་གཟི་བྱིན་འབྱིན་མི་ནུས་པ། ཁང་པའི་ལོགས་ལ་ཤེལ་སྒོ་སྣ་ཚོགས་ལས་གྲུབ་པའི་འོད་ཀྱིས་ཉིན་མཚན་བྱེ་བྲག་མི་ཕྱེད་ཅིང༌། བཞུགས་ཁྲི་རིན་པོ་ཆེ་དེ་རྣམས་མཆོག་གི་ཕྲས་བཏབ་པའི་གསེར་དང༌། འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ་དང༌། རིན་པོ་ཆེ་དེ་དག་ཉིད་ལས་གྲུབ་པ་དེ་དག་གིས་ངོས་ལ་དྭངས་ཤེལ་གྱི་མཆོག་མེ་ལོང་ལྟ་བུའི་གཞིར་ཐག་རིང་པོ་དཔག་ཚད་ལྔ་བཅུ་ཙམ་གྱི་སའི་ཁྱོན་གྱི་ཆུ་ནང་གི་སྲོག་ཆགས་ཚུན་ཆོད་ཀྱི་གཟུགས་བརྙན་འཆར་བའི་ལྟད་མོ་མང་པོ་དང༌། སྐར་ཁུང་གི་ངོས་དག་ལ་ཡང་མན་ཤེལ་གྱི་འཁོར་ལོ་ཡོད་པ་ལ་བལྟས་པའི་ཚེ་ཉི་ཟླ་སྐར་གསུམ་གྱི་ཁང་བཟང་དང༌། ལྷ་དང་སྐྱེད་མོས་ཚལ་དང༌། རྒྱུ་བའི་ལམ་གྱི་གོ་ལ་དང་ཁྱིམ་བཅུ་གཉིས་སོགས་མདུན་ན་གནས་པ་བཞིན་དུ་མཐོང་བ་དང༌། བཞུགས་ཁྲིའི་མཐར་ཙན་དན་ས་མཆོག་གི་ཁྲ་བསྐྱོར་དྲི་བཟང་པོ་དཔག་ཚད་དུ་འཕྲོ་བ་དང༌། ཆེན་པོ་ལ་འོས་པའི་རས་དང༌། གོས་སྲང་བྱེ་བ་སྟོང་རི་བ་དག་གི་སྟན་དང་སྙེ་འབོལ་སོགས་མཚོན་པ་ཙམ་སྨོས་པ་སྟེ། མདོར་ན་བཞུགས་པའི་གནས་རེ་རེའི་རིན་ཐང་ལ་གྲུ་གཟིངས་ཆེན་པོ་གསེར་གྱིས་ཕྱུར་བུར་གང་བ་དག་རི་བར་གྱུར་ན་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་པ་སྟེ། རིགས་ལྡན་གྱི་སྐུའི་ཆ་བྱད་ནི། སེང་གེའི་སྐྲ་ཚོས་མ་ལས་གྲུབ་པའི་གཙུག་ཏོར་བཅོས་མ་དང༌། འཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་པྲོག་ཞུ་དང༌། ཕྱག་ཞབས་ཀྱི་གདུ་བ་ལ་རིན་པོ་ཆེ་རེ་རེའི་རིན་དུ་གསེར་སྲང་བྱེ་བ་རེ་རེ་རི་བའི་ཕྲ་བཏབ་པའི་འོད་དང༌། རིགས་ལྡན་གྱི་སྐུ་དཀར་ལ་དམར་བའི་མདངས་ཆགས་པའི་འོད་འདྲེས་པ་ཁོར་ཡུག་ཏུ་ཁྱབ་པའི་དབང་གིས་ཀྱང་གཟི་བརྗིད་བཟོད་པར་དཀའ་བ་དང༌། འཁོར་གྱི་བློན་པོ་དང༌། དམག་དཔོན་དང༌། བཙུན་མོར་འཁོར་རྒྱ་ཆེན་པོ་དང༌། ཤ་ར་ཎ་དང༌། གླང་པོ་དང༌། གླང་པོ་གཤོག་པ་ཅན་དང༌། རྟ་མཆོག་དེ་ལྟ་བུ་དང༌། ཤིང་རྟ་དང༌། ཁྱོགས་ལ་སོགས་པའི་བཞོན་པའི་བཀོད་པ་མཐའ་ཡས་པ་དང༌། རང་གཞན་གྱི་འབྱོར་པ་དང༌། རིགས་སྔགས་ཀྱི་མཐུ་དང༌། ཆབ་འབངས་སུ་གྱུར་པའི་ཀླུ་དང༌། ལྷ་མིན་དང༌། སྲིན་པོ་དང༌། མིའམ་ཅི་དག་གིས་ཕུལ་བའི་ལོངས་སྤྱོད་དང༌། ཁ་ཟས་ཀྱི་ཁྱད་པར་ལ་ནི་ལྷའི་དབང་པོས་ཀྱང་འགྲན་ནུས་པ་མ་ཡིན་ནོ། །རིགས་ལྡན་གྱི་རྒྱལ་པོའི་བཙུན་མོའི་འཁོར་རྒྱ་ཆེ་བས་སྲས་ཕོ་མོ་མང་ཡང་སྲས་རྒན་གཞོན་གང་ཡིན་ཀྱང་སྐུ་བལྟམས་པའི་དུས་མེ་ཏོག་པདྨ་དཀར་པོའི་ཆར་འབབ་པ་དང༌། ཞག་བདུན་བར་དུ་ཁྱེའུ་སྐུ་མི་མཐོང་བ་ནོར་བུར་གྱུར་ལ། འོད་ཟེར་འཕྲོ་བ་ནི་རིགས་ལྡན་རྒྱལ་པོ་ཡིན་ཏེ། དོན་ཡོད་ལྕགས་ཀྱུས། རྒྱལ་པོའི་བུ་ནི་གང་བཙས་པ། །ནོར་བུ་རིན་ཆེན་འོད་གྱུར་ལ། །ཞག་བདུན་འོད་ཟེར་འཕྲོ་བ་ནི། །དེ་ནི་རིགས་ལྡན་རྒྱལ་པོ་ཡིན། །ཞེས་གསུངས་སོ། །བཙུན་མོ་མང་དུ་ཡོད་ཀྱང་རིགས་ལྡན་འཁྲུངས་པ། ཤམྦྷ་ལ་ཡི་མཐའ་སྐོར་གྱི་རྒྱལ་ཕྲན་དགུ་བཅུ་གོ་དྲུག་གང་རུང་གི་སྲས་མོ་སྐུ་འཁྲུངས་པའི་ཚེ་མེ་ཏོག་ཨུཏྤལའི་ཆར་འབབ་པ་དང༌། བཙུན་མོ་དེ་འཁྲུངས་པའི་སྔ་ལྟས་སུ། ཁྱིམ་དེ་རུ་མེ་ཏོག་ པདྨ་ངོ་མཚར་བ་སྔོན་མ་མཐོང་མ་མྱོང་བ་ཞིག་སྐྱེས་པ་སྟེ། སློབ་དཔོན་དོན་ཡོད་ལྕགས་ཀྱུས། གང་གི་སྔོན་ཆད་མ་མཐོང་བའི། །མེ་ཏོག་རབ་ཏུ་རྒྱས་པ་ཆེ། །གང་གི་ཁྱིམ་དུ་སྐྱེས་གྱུར་པ། །དེར་ནི་རྒྱལ་པོའི་བཙུན་མོ་འཁྲུངས། །ཞེས་གསུངས། རྒྱལ་པོ་བཙུན་མོ་བཅས་པ་ནི་དཔལ་ལྡན་ཚངས་པ་སྡེ་བཞིའི་བང་མཛོད་འཛིན་ཏེ། ཚངས་པ་སྡེ་བཞི་ནི། འདོད་པ་ལྔ་དང་ནོར་དང༌། ཆོས་དང་ཐར་པ་བཞི་སྟེ། དོན་ཡོད་ལྕགས་ཀྱུས། རྒྱལ་པོ་བཙུན་མོ་བཅས་པ་ནི། །རྒས་པ་མེད་ཅིང་ན་བ་མེད། །རྟག་ཏུ་འདོད་ལ་དགའ་བར་སྤྱོད། །འོན་ཀྱང་དགེ་བ་ལས་མི་ཉམས། །ཞེས་གསུངས་སོ། །ཚངས་པ་སྡེ་བཞི་རིག་སྔགས་གྲུབ་པའི་རྒྱལ་པོ་ཐམས་ཅད་ལ་འབྱུང་སྟེ། གསང་བ་འདུས་པ་རིན་ཆེན་འབྱུང་ལྡན་གྱི་དབང་གི་སྐབས་སུ། ཐར་པ་ནོར་ཆོས་འདོད་པ་སྟེར་མཛད་རྒྱལ། །ཞེས་པ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་དེ་ལྟར་བཤད་དོ། །རིགས་སྲས་བསྐྲུན་པ་གཅིག་གཉིས་ལས་མེད་ཀྱང་ལོ་ལྟར་ནག་ཟླའི་ཚེས་བཅོ་ལྔ་ལ་དབང་ཡོན་དུ་ཕུལ་བ་རྣམས་ཏེ་རྡོ་རྗེ་བཙུན་མོ་མང་དུ་ཡོད་དོ། །དོན་ཡོད་ལྕགས་ཀྱུས། ཀ་ལཱ་པ་ཡི་བྱང་གི་ངོས། །མཁའ་ཁམས་རྡོ་རྗེ་ཀུན་ཏུ་གནས། །སྟོང་ཕྲག་བརྒྱད་ཀྱི་སྨན་མོ་དང༌། །གཞན་ཡང་སྟོབས་ལྡན་སྲོག་ཆགས་མང༌། །ཞེས་གསུངས་སོ། །ཕོ་བྲང་དེ་ཡི་བྱང་ཕྱོགས་ཀྱི་མཐའ་སྐོར་དུ་གྲངས་བྱེ་བ་ཕྲག་གཅིག་མོ་བྲན་གྱི་ཚུལ་དུ་ཡོད་ཅིང༌། དེ་ཡི་ཡང་རྒྱབ་རིང་བར་བྱང་ཕྱོགས་ལོགས་ལ་བྲག་རི་ཤེལ་འདྲ་བ་སྐུ་གཟུགས་ཀྱི་དབྱིབས་རྒྱང་ནས་བལྟས་ན་ཤིན་ཏུ་གསལ་ཞིང༌། མདུན་དུ་སོང་ན་གང་ཡིན་མི་འབྱེད་མཐོ་ཁྱད་ཤིན་ཏུ་ཆེ་བ། སྨད་ཤིང་ས་ལའམ་ཤུག་པའི་ལྗོན་པ་རབ་ཏུ་རྒྱས་པས་གཡོགས་པ། འགའ་ཞིག་སྐུའི་ལྟེ་བ་དང༌། འགའ་ཞིག་སྐྱིལ་ཀྲུང་མངོན་པའི་བྱང་ཆུབ་སེམས་དཔའ་བཟང་སྐྱོང༌། བྱང་ཆུབ་སེམས་དཔའ་ལྷུན་པོ་རྩེ་འཛིན། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ། བྱང་ཆུབ་སེམས་དཔའ་འཇམ་དཔལ། སྤྱན་རས་གཟིགས་ཧ་ལ་ཧ་ལ། འཕགས་མ་སྒྲོལ་མ། གསང་བདག་ཕྱག་ན་རྡོ་རྗེ། ལྷ་མོ་སྐྲ་ཅན་མ། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས། བྱང་ཆུབ་སེམས་དཔའ་བྱམས་པ་སྟེ་བྱང་ཆུབ་སེམས་པ་བཅུ་ལ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུས་བསྐོར་ནས་བཞུགས་པའི་རི་ངོ་མཚར་ཅན་ཡོད། ཕོ་བྲང་དེ་ཡི་ལྷོ་ཕྱོགས་སུ་མ་ལ་ཡའི་སྐྱེད་མོས་ཚལ་ཆེན་པོ་དཔག་ཚད་བཅུ་གཉིས་པ། དབུས་སུ་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་རྒྱུ་རིན་པོ་ཆེ་སྣ་ལྔས་གྲུབ་པའི་བློས་བསླངས་ཕྱོགས་རེར་ཁྲུ་བཞི་བརྒྱ་དང་བཅུ་གཉིས་ཡོད་པ་རྒྱལ་པོ་ཟླ་བ་བཟང་པོས་བཞེངས་པ་དང༌། དུས་སུ་ཕྱིས་སུ་རིགས་ལྔན་རྒྱལ་པོ་གཞན་གྱིས་བཞེངས་པ་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པ་ངོ་མཚར་ཅན་གྱི་དཀྱིལ་འཁོར་ཡང་མང་དུ་བཞུགས། སྐྱེད་མོས་ཚལ་དེའི་ཤར་ན་ཉེ་བའི་ཡིད་ཀྱི་མཚོ་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུ་དཔག་ཚད་བཅུ་གཉིས་པ། ནུབ་ན་པདྨ་དཀར་པོའི་མཚོ་ཟླ་བ་ཕྱེད་པ་ལྟ་བུ་དཔག་ཚད་བཅུ་གཉིས་ཡོད་པ་མེ་ཏོག་ པདྨ་དཀར་པོ་དང༌། ཨུཏྤལ་སོགས་ཀྱིས་ཁེབས་པ། རིན་པོ་ཆེ་ཡི་གྲུ་རྣམས་ཀྱིས་མི་དང་ལྷ་ཀླུ་ཐམས་ཅད་དགའ་ཞིང་རྩེ་བ། དབུས་ཀྱི་གྲོང་ཁྱེར་ཀ་ལཱ་པ་དེའི་མཐའ་སྐོར་གྱི་གངས་རི་ནས་ཕྱིའི་གངས་རིའི་བར་ལ་དཔག་ཚད་ལྔ་བརྒྱ་ཡོད་པའི་ས་གཞིའི་ཁྱོན་པདྨ་འདབ་བརྒྱད་ཀྱི་རྣམ་པར་ཡོད་པ། འདབ་མ་རྣམས་ཀྱི་མཚམས་ཆུ་དང་གངས་ཀྱིས་ཕྱེ་བ། འདབ་མ་བརྒྱད་ཀྱི་དབྱིབས་སུ་ཡོད་པའི་འདབ་རེ་རེ་ལ་གྲོང་ཁྱེར་བྱེ་བ་ཕྲག་བཅུ་གཉིས་ཡོད་པས་བསྡོམས་པས་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་གོ་དྲུག སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལོ་བརྒྱ་ཕྲག་ལྔ་བཅུ་མ་རྫོགས་བར་དུ་རྒྱལ་བརྒྱུད་རིམ་པར་འབྱུང་བས་རྟག་ཏུ་དུས་ཀྱི་འཁོར་ལོའི་ཆོས་སྟོན་པ། ཕལ་ཆེར་གྲུབ་པ་བརྒྱད་དུ་གཏོགས་པའི་རིག་སྔགས་གྲུབ་པ་རྒྱལ་ཕྲན་དགུ་བཅུ་གོ་དྲུག་པོ་རེ་རེ་ལ་དབྱུག་པ་ཡིད་ཀྱི་ཤུགས་ཅན་ཟེར་བ་རེ་རེ་ཕྱག་ན་ཡོད་པས་ཕོ་ཉ་བཏང་བའི་ཚེ་དེ་ལག་ཏུ་གཏད་པས་ཡིད་ལ་གང་བསམ་གྱི་ཕྱོགས་རེར་སྐད་ཅིག་ལ་སླེབས་པ་ཡོད། ཆོས་པ་ཕལ་ཆེར་ལ་རིག་སྔགས་ཀྱི་མཐུས་ཀླུའམ་ལྷ་མིན་ལ་སོགས་པའི་མངག་གཞུག་རེ་རེ་ཡང་འོང་བ་སྣང༌། གྲོང་ཁྱེར་དེ་དག་གི་ཁང་པ་རྣམས་ཉིས་ཐོག་ཅན་སྤྱོད་ཡུལ་བདེ་བ་རྒྱ་གར་བའི་ཁང་པ་ལྟ་བུ། ཞིང་དེར་སྐྱེས་མི་རྣམས་ནི་གཟུགས་དང་ལང་ཚོ་ཤིན་ཏུ་བཟང་བ། བཟང་བཏུང་རྒྱན་གོས་སོགས་འབྱོར་པ་རྒྱས་པ། འཇམ་པོའི་ཁྲིམས་ཀྱི་འཚོ་ཞིང༌། འཆི་བ་དང་བརྟེན་པ་སོགས་དང་ནད་མུག་སོགས་གཏན་ནས་མེད་པ། རང་བཞིན་བཟང་བ། དབང་པོ་རྣོ་བ། དགེ་བ་ངང་གིས་གཞོལ་བ། ཕལ་ཆེར་ཚེ་དེར་གསང་འདུས་བདེ་དགྱེས་དུས་འཁོར་སོགས་བླ་མེད་རྒྱུད་སྡེ་གང་ཡང་རུང་བའི་སྒོ་ནས་སངས་རྒྱ་མཁན་མང་ཞིང༌། ཤེར་ཕྱིན་གྱི་མདོ་ནས་གསུངས་པའི་ཏིང་ངེ་འཛིན་ལ་སོགས་པ་ཐོབ་པ་མང་བ། ཉམས་ལེན་མ་གྲུབ་པའི་ཁྱིམ་པའི་བྲན་གཡོག་རྣམས་ཀྱང༌། འཆི་ཁར་འཕོ་བ་སྤར་ནས་དག་པའི་ཞིང་དུ་འགྲོ་བ་མ་གཏོགས། ངན་སོང་དུ་སྐྱེ་བ་ཡེ་ནས་མེད་པ་ཡིན། དེ་དག་གི་ཆས་གོས་ནི་རྒྱལ་པོ་རྣམས་དབུ་སྐྲ་བསིལ་བུ་སྤྱི་བོར་བཅིངས་ཤིང་རིགས་ལྔའི་རྟགས་ཀྱིས་མཚན་པའི་རྒྱལ་པོའི་ཅོད་པན་འཆང་ཞིང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆ་ལུགས་ཅན། མཐོང་བ་ཙམ་དང་རེག་ཙམ་གྱིས་སྐལ་ལྡན་རྣམས་ལམ་བཟང་ཐོབ་ནུས་པ། སྐྱེས་པ་རྣམས་ཐོད་དང་རས་གོས་དཀར་པོའམ་དམར་པོ་ཁྱིམ་པའི་བླ་གོས་དང་བཅས་པ། མི་རིགས་རྣམས་གོས་དཀར་པོའམ་སྔོན་པོ་རིན་པོ་ཆེའི་རི་མོ་ཐོ་རེ་བ་ཡོད་པ་གྱོན་པ། ལོངས་སྤྱོད་ཆུང་ངུ་དག་ལའང་རིན་པོ་ཆེའི་བང་བ་བརྒྱར་ཉེ་བ་ཡོད་ཅིང༌། དགེ་འདུན་གྱི་སྡེ་དང་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་བཞུགས་པ་རྣམས་ལ་བསྙེན་བཀུར་དང་མཆོད་པ་ཚད་མེད་པ། རབ་ཏུ་བྱུང་བ་རྣམས་ནི་ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་འཆང་བ་མ་གཏོགས་ཡོ་བྱད་ཆེར་མི་འཆང་བ། དབུ་རེག་ཞབས་རྗེན་ལ་གནས་ཤིང༌། འདུལ་བའི་བཅས་མཚམས་རྣམས་ལ་ཤིན་ཏུ་གུས་པ་མཛད་པ་ཡིན། བྱེ་བྲག་སྨྲ་བ་སྡེ་པ་བཅོ་བརྒྱད་ཀྱི་ཕྱག་ལེན་རུང་ཆུ་འདེབས་པ་ནས། ཐེག་པ་ཆེན་པོ་རྒྱུད་སྡེ་བཞིའི་བཀའ་དང་བསྟན་བཅོས་ཚད་ལྡན་འཛམ་བུ་གླིང་ན་ཇི་སྙེད་ཡོད་པ་དང༌། ཁྱད་པར་དུ་དཔའ་བོ་མཁའ་འགྲོ་དང་རིགས་ལྡན་རྒྱལ་པོའི་རྫུ་འཕྲུལ་སྟོབས་ཀྱིས་བླངས་ནས་རྒྱལ་བ་ཙོང་ཁ་པ་ཡབ་སྲས་རྣམས་ཀྱི་གསུང་རྣམས་ཀྱང་བོད་ལས་དེར་དར་བ་ཆེ་བ་ཡོད། ཤམ་བྷ་ལའི་ཡུལ་གྱི་རྒྱལ་པོ་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་སྔོན་གྱི་ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔའི་ལོ་རྒྱུས་རྣམས་ཀློང་རྡོལ་བླ་མའི་གསུང་འབུམ་གླེགས་བམ་༢༢༤ན་གསལ་བས་དེར་གཟིགས། གཞན་ཡང་ཤམ་བྷ་ལའི་སྐོར་པཎ་ཆེན་སྐུ་ཕྲེང་གསུམ་པ་དཔལ་ལྡན་ཡེ་ཤེས་ཀྱི་གསུང་ཤམ་བྷ་ལའི་ལམ་ཡིག་དང༌། མན་ལུང་གུ་རུས་ཀྱང་དེར་བགྲོད་པའི་ལོ་རྒྱུས་ཡོད་པར་བཤད་པ་དེ་དག་ལ་གཟིགས་པར་ཞུ།