11275

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤཱནྟི་པ
Tibetan Definition 1 འདི་སྙིང་པོ་མཆོག་མཛད་མཁན་གྱི་ཇོ་བོའི་བླ་མ་ཡོངས་གྲགས་ཀྱི་ཤཱནྟི་པ་ཞུ་བ་དེ་ཡིན། འདི་ལ་སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟི་པའམ། རིན་ཆེན་འབྱུང་གནས་ཞི་བ་ཟེར་ཞིང་། འདི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མ་ཡིན་པ་ནི། རྗེའི་ལམ་རིམ་ཆེན་མོ་ལས། བསྟོད་པ་ལས། རྟག་ཏུ་བསྟེན་པའི་བླ་མ་ནི། །ཤཱནྟི་པ་དང་གསེར་གླིང་བ། །བྷ་དྲ་བོ་དྷི་ཛྙ་ན་ཤྲཱི། །དངོས་གྲུབ་ཐོབ་པ་མང་པོ་དང༌། །ཁྱད་པར་དུ་ནི་ཀླུ་སྒྲུབ་ནས། །གཅིག་ནས་གཅིག་ཏུ་བརྒྱུད་པ་ཡི། །ཟབ་པ་དང་ནི་རྒྱ་ཆེ་བའི། །གདམས་པ་ཁྱོད་ལ་མངའ་བ་ཡིན། །ཞེས་གསུངས་པ་ལྟར་ཏེ། ཞེས་གསུངས་པ་ལྟར་རོ། །ལོ་རྒྱུས་རྒྱས་པ་ནི་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་པའི་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ལས། གུརུཤཱནྟི་པའི་ལོ་རྒྱུས་ནི། མ་ག་དྷའི་གྲོང་ཁྱེར་ན་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་མཛད་པའི་དུས་སུ་ཝི་ཀྲམ་ཤཱི་ལར་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བའི་སློབ་དཔོན་ཆེན་པོ་རཏྣ་ཀ་ར་ཤཱནྟི་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པའི་སློབ་དཔོན་ཆེན་པོ་ཞིག་བྱུང་སྟེ། དེ་མཁས་ཤིང་བཙུན་པའི་ཡོན་ཏན་གྱི་སྙན་པ་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པར་གྱུར་པ་དང་། དེའི་དུས་སུ་སིངྒ་ལའི་གླིང་གི་རྒྱལ་པོ་ཀ་པིན་བྱ་བ་རང་གི་བསོད་ནམས་ལས་འདོད་ཡོན་གྱིས་བྲེལ་བ་མེད་པ་ཞིག་བཞུགས་པ་ལས། སིངྒ་ལའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་སྔར་མ་བྱུང་ཞིང་འཛམ་བུའི་གླིང་གི་མི་འོངས་པ་ཀུན་ལས་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་ཐོས་ལ། ཆོས་སྟོན་པའི་གང་ཟག་དང་ནི་མ་འཕྲད་པའི་དུས་དེར་མ་ག་དྷ་ན་སློབ་དཔོན་ཆེན་པོ་ཤཱནྟི་པ་བྱ་བ་མཁས་པ་ཆེན་པོ་ཞིག་བཞུགས་པ་ཐོས་ནས། རྒྱལ་པོ་ཀ་པིན་ལ་སོགས་པ་སིངྒ་ལའི་གླིང་གི་སྐྱེ་བོ་ཐམས་ཅད་ཀྱིས་སྐུ་སྐྱོས་དང་སྤྱན་འདྲེན་གྱི་ཕོ་ཉ་བཏང་སྟེ། ཝི་ཀྲམ་ཤཱི་ལར་མཐར་གྱིས་ཕྱིན་ནས། ཕོ་ཉ་བས་ནང་པར་སློབ་དཔོན་ལ་ཕྱག་བྱས། སིངྒ་ལའི་རྒྱལ་པོ་ལ་སོགས་པས་བསྐུར་བའི་སྐུ་སྐྱོས་གསེར་དང་དངུལ་དང་མུ་ཏིག་དར་ཟབ་ལ་སོགས་པ་ཕུལ་ནས་འདི་སྐད་དུ། རྒྱལ་པོ་ལ་སོགས་པས་ཞུ་བ། དངོས་ཅག་གླིང་ཕྲན་མཐའ་འཁོབ་ཏུ་ནི་སྐྱེས། མ་རིག་པའི་མུན་པ་ནི་འཐིབས། འདོད་ཆགས་ཀྱི་མེས་ནི་བསྲེགས། ཞེ་སྡང་གྱི་མཚོན་ཀྱིས་ནི་གཙེས། ལོག་པའི་རྙོག་པས་ཤེས་རབ་ཀྱི་སྣང་བ་ནི་གཡོགས། ཐེག་པ་ཆེན་པོའི་ཆོས་ཀྱི་ཐར་ལམ་ནི་སྟོར་ནི། བདག་ཅག་རྣམས་ལ་ཐུགས་རྗེ་ཆེན་པོས་དགོངས་ནས་སིངྒ་ལའི་གླིང་འདིར་འགྲོ་དོན་ལ་མི་གཤེགས་སུ་མི་རུང་ཞུ་ཡིན་གདའ། ཞེས་ཞུས་པས། སློབ་དཔོན་གྱིས་དགོངས་པ་མངོན་དུ་མཛད་ནས་གཤེགས་པར་ཞལ་གྱིས་བཞེས་སོ། །དེ་ནས་སློབ་དཔོན་ཤཱནྟི་པས་འཁོར་སློབ་མའི་ཚོགས་ཉིས་སྟོང་ཙམ་དང་། སྡེ་སྣོད་ཀྱི་གླེགས་བམ་རྣམས་རྟ་དང་གླང་པོ་ལ་སོགས་པ་ལ་བཀལ་ནས་ཆས་ཏེ། ནཱ་ལནྡཱ་དང་། ཨཽ་ཌ་ཡནྟ་པཱུ་རི་དང་། རྒྱལ་པོའི་ཁབ་དང་། རྡོ་རྗེ་གདན་ལ་སོགས་པའི་གྲོང་རྣམས་རིམ་གྱིས་བགྲོད་ནས། སིངྒ་ལའི་གླིང་གི་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང་། སྔོན་ལ་ཕོ་ཉ་བཏང་སྟེ། ཕྱི་ནས་སློབ་དཔོན་འཁོར་དང་བཅས་པ་རྣམས་གྲུར་ཞུགས་ནས་བྱོན་པ་དང་། ཕོ་ཉ་བས་སློབ་དཔོན་ཕེབས་ཀྱི་ཡོད་དོ་བྱ་བའི་གཏམ་སྨྲས་པས། རྒྱལ་པོ་ཀ་པིན་དང་། བློན་པོ་དང་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ས་དང་པོ་ཐོབ་པ་ཙམ་གྱིས་དགའ་བ་སྐྱེས་ཏེ། དེ་ཐམས་ཅད་ཀྱིས་རང་རང་གི་འཇིག་རྟེན་བྱ་བ་བློས་བཏང་སྟེ། རྒྱ་མཚོའི་ཕྱོགས་སུ་ཡིད་གཏད་ནས་ཞག་བདུན་ལོན་པ་དང་། གདུགས་དང་གླང་པོ་ལ་སོགས་པའི་རྟགས་ཐམས་ཅད་མཐོང་ནས་སྐྱེ་བོའི་ཚོགས་ཐམས་ཅད་རབ་ཏུ་དགའ་སྟེ། རང་གི་ཡུལ་ནས་རྒྱ་མཚོའི་བར་ཐམས་ཅད་དུ་ནི་ཕྱག་དར་བྱས། དར་ལ་སོགས་པས་ས་གཞི་ཐམས་ཅད་གཡོགས་ནས་དེ་ལ་སློབ་དཔོན་ལ་སོགས་པ་ཐམས་ཅད་ཀྱིས་ཞབས་བཞག་ནས་གཤེགས་པ་ལ། རྒྱལ་པོ་ཀ་པིན་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མེ་ཏོག་དང་། བདུག་སྤོས་ལ་སོགས་པ་ཐམས་ཅད་ཀྱིས་རྒྱ་ཆེར་མཆོད་དེ། སློབ་དཔོན་དགྱེས་པའི་གནས་ལམ་ལ་སོགས་པ་ཀུན་ཕུལ་ནས་ལོ་གསུམ་གྱི་བར་དུ་སྡེ་སྣོད་ཀྱི་ཆོས་མང་དུ་བཤད་དོ། །དེ་ནས་སློབ་དཔོན་ཤཱནྟི་པཱ་འཁོར་བཅས་ཡུལ་དབུས་སུ་ཆས་པ་དང་། རྒྱལ་པོ་ཀ་པིན་ལ་སོགས་པ་ཐམས་ཅད་ཀྱིས་རྟ་དང་གླང་པོ་དང་གསེར་དངུལ་དང་མུ་ཏིག་ལ་སོགས་པ་དཔག་ཏུ་མེད་པ་ཕུལ་ནས་ཡུལ་དབུས་སུ་ལོག་པ་ལ་ལམ་གཉིས་ཡོད་པའི་རིང་ཤོས་ནས་ཆས་སོ། །དེ་ནས་རཱ་མེ་ཤྭ་ར་བྱ་བ་རྒྱལ་པོ་རཱ་མ་ཎས་ལངྐ་པུ་རིར་ཆུང་མ་འཚོལ་བར་འགྲོ་བའི་དུས་སུ་ས་དེར་དབང་ཕྱུག་ཆེན་པོའི་རྟེན་ལྷ་ཁང་བྱས་ནས་ཡོད། དེའི་མིང་དུ་ཡང་རཱ་མེ་ཤྭ་རའི་ཡུལ་བྱ་བ་དེར་ཕྱིན་པ་དང་། དེ་ནས་ཡུལ་དབུས་སུ་འགྲོ་སྐབས་བར་ན་མི་གྲོང་མེད་པའི་ལམ་ཞག་བདུན་འགྲོ་དགོས་པ་ཡོད་པ་ལ། འཁོར་རྣམས་ལ་སློབ་དཔོན་གྱིས་ཞག་བདུན་གྱི་ཆས་ཁྱེར་ཅིག་གསུངས་ནས། དེ་བཞིན་དུ་བྱས་ཏེ་ཕྱིན་ནས་ཞག་བཞིའི་ལམ་དུ་ཕེབས་པ་ན། སྐལ་ལྡན་ཏོག་ཙེ་པ་དང་མཇལ་ཏེ། དེའི་ལོ་རྒྱུས་ནི་ཁོ་རང་གི་སྐབས་སུ་སྟོན་ནོ། །དེ་ནས་སློབ་དཔོན་འཁོར་དང་བཅས་པ་ཝི་ཀྲམ་ཤཱིལར་བྱོན་པ་དང་། སློབ་དཔོན་ཤིན་ཏུ་བགྲེས་པར་གྱུར་པས་སྤྱན་ལོང་ཞིང་ལུས་པོས་སྦྱོར་མི་བཟོད་ནས། སློབ་མ་རྣམས་ཀྱི་མ་ཧེའི་ཞོ་ལ་ཁ་ར་བཏབ་ནས་འདྲེན་པ་ལས། གཞན་ཁ་ཟས་རགས་པ་རྣམས་སྤངས་ནས་ཕྲ་བ་བསྟེན་ནོ། །ཡོངས་གྲགས་སུ་སློབ་དཔོན་གྱིས་ལོ་བརྒྱ་རྩ་བཞེས་པའི་དུས་སུ། སློབ་དཔོན་ནི་ལོ་བཅུ་གཉིས་སུ་རྟོག་པའི་ངང་ལ་གནས་ལ། ཏོག་ཙེ་པས་རྣམ་པར་མི་རྟོག་པ་བསྒོམས་པས་ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ་གཉུག་མའི་ཆོས་ཉིད་ལ་གནས་སོ། །དེ་ལས་བཞེངས་པ་ལས། སློབ་དཔོན་ཤཱ་ནྟི་པཱ་ལ་ནི་སློབ་མ་རྣམས་ཀྱིས་བསྙེན་བསྐུར་བྱེད་ལ། ཏོག་ཙེ་པ་ལ་ནི་མཁའ་འགྲོ་མ་ཀུན་དང་། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པས་བདུད་རྩི་སྤྱི་བོ་ཚངས་པའི་བུ་ག་ནས་མར་བླུགས་ནས་ཚིམ་པར་བྱས་སོ། །ལྷ་དང་མཁའ་འགྲོ་མ་ཐམས་ཅད་ན་རེ། འདི་ནི་རྡོ་རྗེ་སེམས་དཔའ་དངོས་ཡིན་ཟེར་རོ། །ཏོག་ཙེ་པའི་བྱིན་རླབས་ཀྱིས་ལྷའི་འདོད་ཡོན་ཐམས་ཅད་བྱུང་ངོ་། ཏོག་ཙེ་པས་བླ་མའི་གདམས་ངག་མ་ཐོབ་བར་ལ་ཕྱི་རོལ་གྱི་རི་བརྐོས་ལ། ཐོབ་ནས་སེམས་ཀྱི་རི་བོ་བརྐོས་པས་དངོས་གྲུབ་ཐོབ་གསུངས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་གནས་སུ་སྤྱན་དྲངས་པ་ལ། ཏོག་ཙེ་པ་གཤེགས་སུ་མ་བཞེད་ནས། དེའི་ཞལ་ནས་བདག་ནི་བླ་མ་ལ་ཕྱག་འཚལ་བ་ཡིན་ཏེ། སངས་རྒྱས་པས་ཀྱང་བླ་མ་བཀའ་དྲིན་ཆེ་ལ། དེ་ཅི་སྟེ་ན། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །དམ་པ་གསུམ་ལ་སྐྱབས་སུ་མཆི། །དམ་པའི་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་གསུངས་ནས། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ན་ཡུལ་གཉིས་ཀྱི་བར་ཟླ་བ་དྲུག་གི་ལམ་ཡོད་ཀྱང་སྐད་ཅིག་ལ་ཝི་ཀྲམ་ཤི་ལར་བྱོན་ནས། ཡེ་ཤེས་ཀྱི་ལུས་ཀྱིས་བླ་མ་ལ་ཕྱག་དང་བསྐོར་བས་བསྙེན་བཀུར་མཛད་པ་ལ། བླ་མ་འཁོར་དང་བཅས་པས་མ་མཁྱེན་ནས་ཡང་ཏོག་ཙེ་པས་རྣམ་སྨིན་གྱི་ལུས། དངོས་སུ་བསྟན་ནས་ཕྱག་དང་བསྐོར་བ་གྲངས་མེད་པ་མཛད། ཞབས་ལ་མགོ་བོས་གཏུགས་པ་དང་། ཤཱནྟི་པས་སུ་ཡིན་དྲིས་པ་ན། བདག་བླ་མའི་སློབ་མ་ཡིན་ཞེས་ཞུས་པ་ན། བདག་ལ་སློབ་མ་དཔག་ཏུ་མེད་པ་ཡོད་པས་ངོ་མ་ཟིན་གསུངས་པས། སླར་བདག་ཏོག་ཙེ་པ་ལགས་ཞུས་པས། དཔོན་སློབ་གཉིས་བརྡས་མཇལ་ནས། ཡིད་ཕེབས་པའི་གཏམ་མང་དུ་མཛད་ནས། བླ་མས་སློབ་མ་ལ་ཁྱོད་ཀྱིས་ཡོན་ཏན་གྱི་ཆོས་ཅི་ཐོབ། གསུངས་པས་ཏོག་ཙེ་པས་དངོས་གྱི་བླ་མའི་གདམས་ངག་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་ཐོབ་ནས་མཆི་ཞུས་པས། བླ་མའི་ཞལ་ནས་ངས་ནི་སྨྲ་བ་གཙོ་བོར་བྱས་ཤིང་སྒྲུབ་པ་གཙོ་བོར་མ་བྱས་པས། དོན་དང་མ་ཕྲད་ལ། ཁྱོད་ཀྱིས་ནི་སྒྲུབ་པ་གཙོ་བོ་བྱས་ཤིང་སྨྲ་བ་གཙོ་བོར་མ་བྱས་པས་དོན་དང་མཇལ་ནས་འདུག་ཅིང་། ངས་ཁྱོད་ལ་གདམས་ངག་སྦྱིན་པ་ཡང་བརྗེད་ནས་འདུག་ད་ཁྱོད་ཀྱིས་ང་ལ་གདམས་ངག་ཀྱང་སྟོན། ཡོན་ཏན་གྱི་ཆོས་ཅི་ཡོད་པའང་སྟོན་ཅིག་གསུངས་པས། ཏོག་ཙེ་པས། དབེན་པའི་ས་ཕྱོགས་སུ་བླ་མ་ལ་ཆོས་ཀྱི་སྐུའི་ཡོན་ཏན་དུ་མ་ཡང་བསྟན། སྔར་བླ་མ་རང་གི་གདམས་ངག་ཀྱང་ཡར་ཕུལ། བླ་མས་ཀྱང་དགུང་ལོ་བཅུ་གཉིས་སུ་གདམས་ངག་ཉམས་སུ་བླངས་པས། བླ་མ་རཏྣ་ཀ་ར་ཤཱནྟི་པས་ཀྱང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། འགྲོ་བའི་དོན་མཛད་དེ་མཁའ་སྤྱོད་དུ་གཤེགས་སོ། །གུརུརཏྣཱཀརཤཱནྟི་པཱའི་ལོ་རྒྱུས་རྫོགས་སོ། །ཞེས་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ལས་འབྱུང་བ་ལྟར་རོ། །