11461

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་དགེ་བཀའ་རྙིང་བོན་དང་བཅས་པའི་བྱུང་རིམ་གྱི་ལོ་རྒྱུས་རགས་བསྡུས
Tibetan Definition དུས་ཀྱི་རིམ་པའི་དབང་དུ་བྱས་ན། ༡ བོན་པོ། ༢ རྙིང་མ་པ། ༣ བཀའ་གདམས་པ། ༤ བཀའ་བརྒྱུད་པ། ༥ ས་སྐྱ་པ། ༦ དགེ་ལྡན་པ་བཅས་སོ། །བཀའ་བརྒྱུད་པ་དང་ས་སྐྱ་པའི་བྱུང་རིམ་ཡང་ཧ་ཅང་ཉེ་བས་དེ་གཉིས་གོ་རིམ་ལ་དཔྱད་དགོས་ཏེ། ལོ་རྒྱུས་རྣམས་སུ་འབྲོག་མི་ལོ་ཙཱ་བ་ས་སྐྱའི་ཆོས་བརྒྱུད་འཛིན་པར་བཤད་མོད། དེ་དུས་ས་སྐྱ་ཞེས་མིང་མ་ཐོགས་པས། བཀའ་བརྒྱུད་པ་སྔོན་ལ་བྱུང་བར་བཞག་དགོས་སོ། །དེབ་སྔོན་དུའང་མར་པས་དགུང་གྲངས་སོ་གཅིག་བཞེས་ཚེ། ས་སྐྱ་ཕྱག་འདེབས་པ་པོ་འཁོན་དཀོན་མཆོག་རྒྱལ་པོ་དགུང་ལོ་དགུ་ཡིན་པར་གསུངས་ཤིང་། འཁོན་དཀོན་མཆོག་རྒྱལ་པོ་དགུང་གྲངས་བཞི་བཅུ་བཞེས་པ་ཆུ་མོ་གླང་ལ་ (༡༠༧༣) ས་སྐྱ་ཕྱག་བཏབ་པར་དེབ་སྔོན་དུ་གསུངས་པས་སོ། །དེ་ཡང་དེབ་སྔོན་སྟོད་ཆ་༩༩ལས། དེ་ལྟར་ན་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བཞི་བརྒྱ་དང་བཅུ་གསུམ་འདས། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བརྒྱ་དང་བཞི་བཅུ་རྩ་གཅིག་འདས་རྗེས་ཀྱི་ཆུ་ཕོ་རྟ་ལ་ཇོ་བོ་རྗེ་བོད་དུ་ཕེབས། དེའི་ཚེ་རྗེ་མར་པས་ལོ་སོ་གཅིག་ལོན། འཁོན་དཀོན་མཆོག་རྒྱལ་པོས་ལོ་དགུ་ལོན། ཞེས་གསུངས། གཞན་ཡང་། མར་པ་ལོ་ཙཱ་བ་ཆེན་པོ་དང་། འགོས་ཁུག་པ་ལྷས་བཙས་རྣམ་གཉིས་སྐུ་དུས་མཚུངས་པར་བྱོན་ཞིང་། འགོས་ལོ་ཆེན་པོ་ནི། འཁོན་དཀོན་མཆོག་རྒྱལ་པོའི་བླ་མའི་གཙོ་བོ་ཡིན་པར་གསུངས་པ་དེས་ཀྱང་ཤེས་ནུས་སོ། །འགའ་ཞིག་གིས། རྗེ་སྒམ་པོ་པས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་སྲོལ་གཏོད་པ་ནས་བཀའ་བརྒྱུད་པ་ཞེས་མཚན་ཐོགས་ཚུལ་གསུང་མཁན་འདུག་ཀྱང་། དེ་ནི་དཔྱད་པར་འོས་པ་ཞིག་སྟེ། གལ་ཏེ་དེ་བདེན་པ་ཡིན་པའི་དབང་དུ་བཏང་ན་ཡང་། དེ་ལའང་གནོད་བྱེད་འདི་ལྟར་ཡོད་དེ། དེ་ལྟར་ན་རྙིང་མ་ཞེས་པའི་མིང་ཡང་གསར་མའི་སྐབས་སུ་ཐོགས་པས། གསར་རྙིང་གཉིས་དུས་མཉམ་དུ་བྱུང་བར་ཁས་བླངས་དགོས་པར་འགྱུར་རོ། །ཡང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་བགྲང་བ་ན། ལམ་འབྲས་པ་བཀའ་བརྒྱུད་པའི་སྔོན་ལ་འབྱུང་འང་ཡོད་དེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་གླེགས་བམ་སྟོད་ཆ་༥༠༨ལས། བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། །རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། །ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །བོད་ཀྱི་ཡུལ་འདིར་སྒྲུབ་བརྒྱུད་ཀྱི་རིང་ལུགས་འདྲེན་པ་ཆེ་ཕྲ་དུ་མ་བྱུང་ཡང་གཙོ་བོའི་རིགས་སུ་བསྡུ་ན་ཤིང་རྟ་ཆེན་པོ་བརྒྱད་དེ། སྔ་འགྱུར་རྙིང་མ། བཀའ་གདམས་པ། ལམ་འབྲས་པ། མར་པའི་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་ཡན་ལག་དང་བཅས་པ། སྦྱོར་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་པའི་ལུགས་རྣམས་སོ། །ཞེས་གསུངས་པ་ལྟར་རོ། །ཞིབ་ཏུ་བརྟགས་ན་ལམ་འབྲས་པ་དང་ས་སྐྱ་པ་གཉིས་ལ་ཁྱད་པར་ཅུང་ཟད་ཕྱེ་དགོས་པར་སྣང་ངོ་། །སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གྲངས་འདྲེན་ལ་བོད་གངས་ཅན་གྱི་ལྗོངས་ཀྱི་ཆོས་བརྒྱུད་ཁྱབ་བརྡལ་ཆེ་ཤོས་དང་གྲགས་ཆེ་ཤེས་དེ་ (དགེ་ལྡན་པ) མ་དྲངས་པའང་ལེགས་པར་མཐོང་ངོ་། །འདིའི་དོགས་གཅོད་དགག་བཞག་དང་བཅས་པ་གཞན་དུ་བཤད་ཟིན་ཏོ། །