11964

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱ་སེང་བུ་ལྔ
Tibetan Definition “པཱཎ་ཌཝ” (पाण्‍डव) སྟེ་སྐྱ་སེང་བུ་ལྔ་མདོར་བསྡུས་ཏེ་བཤད་ན། ༡ “ཡུ་དྷིཥ་ཊར” युधिष्ठिर, yudhiṣṭhira (གཡུལ་བརྟན) (གཡུལ་ངོར་བརྟན་པས་མིང་དེ་ལྟར་ཐོགས) ༢ “བྷིམ་སེ་ན” भीमसेन, Bhimasena (འཇིགས་སྡེ) ༣ “ཨརྫུ་” अर्जुन, Arjun (སྲིད་སྒྲུབ) (འདི་རྣམ་འགྲེལ་གྱི་འགྲེལ་པ་རྣམས་སུ་སྲིད་སྒྲུབ་འཕོང་སྐྱེན་ཞེས་པའི་སྲིད་སྒྲུབ་དེ་རེད) ༤ “ན་ཀུ་ལ” नकुल, naküla (ནེའུ་ལེ། སྲེ་མོང་། འདི་ལ་རྒྱ་ཆེར་རོལ་པའི་མདོར། རིགས་མེད་ཅེས་བསྒྱུར་ཡོད། དེ་ཡང་ “ན” ཞེས་པ་ལེགས་སྦྱར་གྱི་དགག་ཚིག “ཀུ་ལ” རིགས་ཀྱི་དོན་ཡིན་པས། རིགས་མེད་ཅེས་སོ) ༥ “སཧ་དེ་ཝ” सहदेव, sahadéva (ལྷར་བཅས) སོ། །རྒྱས་པར་བཤད་ན། “མཧཱ་བྷ་ར་ཏ” Mahābhārata महाभारत ནི་རགས་འགྱུར་བྱས་ན། “བྷ་ར་ཏ་ཆེན་པོའི་གཏམ་རྒྱུད” ཞེས་པའི་དོན་ནོ། ། “མཧཱ་བྷ་ར་ཏའི་བྱུང་བ” ནི། “ཀཱཽ་ར་ཝ” (कौरव) འམ་དམག་བརྒྱ་པའི་བུ་དང་། “པཱཎ་ཌཝ” (पाण्‍डव) འམ་སྐྱ་སེང་བུ་ལྔ་སྟེ། ཕ་མ་རྒན་གཞོན་གྱི་བུ་སྤུན་ cousins གྱི་དབར་རྒྱལ་སྲིད་ཀྱི་དོན་དུ་ཁ་མ་འཆམས་པར་རྩོད་པ་བྱུང་སྟེ། མཐར་དམག་འཐབ་བྱུང་བའི་དཔའ་བོའི་ལོ་རྒྱུས་ཀྱི་མིང་ཞིག་རེད། སྤྱིར་བཏང་ “མཧཱ་བྷ་ར་ཏ” ཞེས་པ་ནི། བྷ་ར་ཏ་ཆེན་པོ་ཟེར་བའི་དོན་དང་། དེ་ཡང་རྒྱལ་བརྒྱུད་འདིའི་རྒྱལ་པོ་དང་པོའི་མིང་ཡིན། དེང་སང་རྒྱ་གར་ལ་མིང་གཞན་བྷ་ར་ཏ་ཞེས་པའང་རྒྱལ་པོ་འདིའི་མིང་ཡུལ་ལ་ཐོགས་པ་ཡིན། དམག་བརྒྱ་པ་དང་སྐྱ་སེང་བུ་ལྔ་པོ་ཡང་རྒྱལ་པོ་བྷ་ར་ཏའི་རྒྱལ་རྒྱུད་ཉིད་དོ། །གཡུལ་འཐབ་འདི་ལ་ནག་ཕྱོགས་པ་དང་དཀར་ཕྱོགས་པ་གཉིས་ཡོད་ཅིང་། ནག་ཕྱོགས་པ་ནི། ཡབ་རྒྱལ་པོ་ “དྷཏ་རཱཥྚྲ” धृतराष्ट्र dhritarāshtra (དམག་བརྒྱ་པ) དང་། བཙུན་མོའི་མིང་ལ། “གཱཾ་དྷཱ་རཱི” गांधारी, Gāndhārī ཟེར། རྒྱལ་པོ་འདི་མིག་ལོང་བ་ཡིན་ལ། འདི་ལ་ “འཐབ་དཀའ” ལ་སོགས་པ་སྲས་བརྒྱ་བྱུང་ཞིང་། འདི་སྐྱ་སེང་བུ་ལྔའི་ཨ་ཁུ་ཡང་ཡིན། འདི་ལ་བུ་བརྒྱ་ཡོད་པས་དམག་བརྒྱ་པ་ཞེས་མིང་ཐོགས། བུ་རྒན་ཤོས་ཀྱི་མིང་ལ། “དུརྱཱོ་དྷན” दुर्योधन, Duryodhana (འཐབ་དཀའ) ཟེར། འདི་སྐྱ་སེང་བུ་ལྔའི་དགྲ་ཟླའི་གཙོ་བོ་དང་རྙོག་ཁྲ་སློང་མཁན་གྱི་གཏེ་དཔོན་ཡིན། དེའི་འོག་མ་དེར། “དུཿཤཱ་སན” दुःशासन; Duḥśāsana ཟེར་རོ། །དཀར་ཕྱོགས་པ་ནི། “པཱཎ་ཌུ” पांडु Pandu (སྐྱ་སེང) དང་། བཙུན་མོའི་མིང་ལ། “ཀུཾ་ཏཱི” कुंती, Kunti ཟེར། རྒྱལ་པོ་འདི་ “དྷཏ་རཱཥྚྲ” གྱི་གཅུང་པོ་ཡིན་ཞིང་། འདི་ལ་བུ་ལྔ་ཡོད། དེ་དག་ལ་ “སྐྱ་སེང་བུ་ལྔ” ཟེར། གོང་གི་བུ་སྤུན་བརྒྱ་པོ་རྣམས་དང་། སྐྱ་སེང་བུ་ལྔའི་དབར་གཡུལ་འཐབ་བྱུང་ཞིང་། ཐ་མ་དམག་བརྒྱ་པ་ཕམ་ནས་ཐམས་ཅད་སྐྱ་སེང་བུ་ལྔའི་མཚོན་འོག་ཏུ་ཤོར་རོ། །སྔོན་གྱི་བྱུང་བ་འདིའི་ཐོག་ནས་བློ་སྐྱེད་ཆེན་པོ་མང་པོ་བླང་རྒྱུ་ཡོད་མོད། འོན་ཀྱང་དེ་དག་འདིར་སྐབས་སུ་མ་བབས་པས་བཤད་པར་མི་སྤྲོ་ལ། ཁོ་བོས་བཤད་འདོད་པ་ནི་ “གཉའ་ཁྲི་བཙན་པོ་ནི་སྐྱ་སེང་བུ་ལྔའི་ “གཡུལ་བརྟན” ཞེས་པ་དེ་ཡིན” པར་འདོད་དེ། “བྷ་ར་ཏ་ཆེན་པོའི་གཏམ་རྒྱུད” འདི་ལ་གླེགས་བམ་བཅོ་བརྒྱད་ཙམ་ཡོད་པའི་ནང་ནས། འདིའི་མཇུག་བསྡུའི་ལེའུར་ “འགྲུལ་བཞུད་ཆེན་མོ” (The Great Journey) ཟེར་བ་ཞིག་དང་། “ལྷ་ཡུལ་དུ་གཤེགས་པ” (Ascent to Heaven) ཞེས་པའི་ལེའུ་གཉིས་ཡོད་པའི་ནང་ནས་ཕྱི་མ་དེ་ཡིན། སྐྱ་སེང་བུ་ལྔ་གཡུལ་ལས་རྒྱལ་ཏེ་མཐར་ “གཡུལ་བརྟན” གྱིས་རྒྱལ་སྲིད་བསྐྱངས་ནའང་། སྔར་གྱི་སྡིག་པ་ལ་ཡིད་ཕྱུང་ནས་རྒྱལ་སྲིད་རང་གི་གཅུང་པོ་སྲིད་སྒྲུབ་ཀྱི་བུ་ལ་བཏད་དེ་हिमालय,ཧི་མཱ་ལ་ཡའི་རི་བོ་བརྒྱུད་དེ་ལྷ་ཡུལ་དུ་གཤེགས་པའི་ལོ་རྒྱུས་ཡོད་པ་དེ་ཡིན། དངོས་ཡོད་གནས་ཚུལ་ལ་ “གཡུལ་བརྟན” ལྷ་ཡུལ་དུ་ཕྱིན་ཡོད་མེད་བཤད་པར་དཀའ་ཡང་། རི་བོ་གངས་ཅན་ཅན་གྱི་ཕྱོགས་སུ་བསྐྱོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པར་འདོད་ཅིང་། བོད་ཀྱི་རྒྱལ་རབས་རྣམས་སུ་ཕྱུགས་རྫི་རྣམས་ཀྱིས་གཉའ་ཁྲི་བཙན་པོ་ཐོག་མར་མཐོང་བ་ན། གང་འོང་ཞེས་དྲིས་པ་ན། མཛུབ་མོ་གནམ་ལ་ཀེར་ཟེར་བ་དང་ཡང་འགྲིག་སྟེ། ཁོང་རྒྱ་གར་བ་ཡིན་པས་སྐད་བརྡ་མ་འཕྲོད་པར་མཛུབ་མོ་གནམ་ལ་ཀེར་བ་ཡིན་པ་ངེས་སོ། །དེས་ན་སྐྱ་སེང་བུ་ལྔའི་བུ་རྒན་ཤོས་རྒྱལ་པོ་ “ཡུ་དྷིཥ་ཊར” རམ་ “གཡུལ་བརྟན” ཉིད་ངེད་ཅག་བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་ཡིན་ནོ་ཞེས་སྐད་གསང་མཐོན་པོས་སྨྲ་བར་འདོད་དོ། །ལུང་རིགས་ཀྱི་ལམ་ནས་གནོད་བྱེད་རྣམ་དག་ཅིག་མ་བྱུང་གི་བར་ཁོ་བོ་ནི་འདི་རང་ལ་ཡིད་རྟོན་བྱེད་དོ། །ཧིནྡཱུའི་ལོ་རྒྱུས་ནི་ང་ཚོ་བོད་པ་དང་ནང་པས་འོལ་ཚོད་བྱེད་པ་ལས་ཁོང་ཅག་གི་གཞུང་ལུགས་ཉིད་ལ་ཁུངས་བཅོལ་ན་ལེགས་ཤིང་། ལོ་རྒྱུས་འདི་ནི་ཞལ་ནས་ཞལ་བརྒྱུད་དང་སྙན་ནས་སྙན་བརྒྱུད་མིན་པར་མི་ལོ་སུམ་སྟོང་ཙམ་གྱི་སྔོན་ནས་ཁོང་ཅག་གི་ཡིག་ཐོག་ཏུ་འཁོད་ནས་ཡོད་པས་སོ། །སྤྱིར་བཏང་ང་ཚོ་བོད་པ་ཚོ་དགུ་ཐུག་ལ་མཉེས་ཤིང་། བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཀྱང་འདིའི་སྐོར་ལ་དགུ་ཐུག་མགོ་ཡུ་འཁོར་ཞིང་གྲོད་ཁོག་ན་དགོས་པ་ཞིག་བསྐོལ་འདུག་གོ། ༼ སྐྱ་སེང་བུ་ལྔའི་སྐོར་རྒྱ་ཆེར་རོལ་པའི་མདོར་ཡང་ཟུར་ཙམ་གསལ་ཏེ ༽དེ་ཉིད་ལས། ལ་ལ་ན་རེ། གྲོང་ཁྱེར་ཧསྟི་ན་པུ་ར་འདིའི་རྒྱལ་པོ་ནི་སྐྱ་བསེང་གི་བུའི་རིགས་ཀྱི་རྒྱུད་ལས་སྐྱེས་པ། དཔའ་ཞིང་རྟུལ་ཕོད་པ་དང་ལྡན་པ། ཡན་ལག་མཆོག་གི་གཟུགས་ཕུན་སུམ་ཚོགས་པ་གཞན་གྱི་སྡེ་འཇོམས་པ་སྟེ། རིགས་དེ་ནི་བྱང་ཆུབ་སེམས་དཔའ་དེ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་ཀྱི་འོས་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ། དེའང་ཚུལ་དང་མཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱ་བསེང་གི་བུའི་རིགས་སུ་སྐྱེས་པ་དག་གིས་ནི་རིགས་ཀྱི་རྒྱུད་རྣམ་པར་འཁྲུགས་པར་བྱས་ཏེ། གཡུལ་ངོར་བརྟན་པ་ལ་ནི་ཆོས་ཀྱི་བུ་ཞེས་ཟེར། འཇིགས་སྡེ་ལ་ནི་རླུང་གི་བུ་ཞེས་ཟེར། སྲིད་སྒྲུབ་ལ་ནི་དབང་པོའི་བུ་ཞེས་ཟེར། རིགས་མེད་དང༌། ལྷར་བཅས་ལ་ནི་ཐ་སྐར་གྱི་བུ་ཞེས་ཟེར་ཏེ། དེའི་ཕྱིར་རིགས་དེའང་བྱང་ཆུབ་སེམས་དཔའ་དེ་ལྷུམས་སུ་འཇུག་པའི་གནས་ཀྱི་འོས་མ་ཡིན་ནོ་ཞེས་ཟེར་རོ། །ཞེས་གསལ་ལོ། །