12352

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔོན་ཆོག
Tibetan Definition (འདུལ་བ) ཡུལ་གང་ཟག་གཅིག་གི་རྒྱུད་ལ་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་འཐོབ་བྱེད་ཀྱི་ཐབས་ཁྱད་པར་ཅན་གྱི་བདག་ཉིད་དུ་གཏོགས་པ་དེ། སྔོན་ཆོག་གི་མཚན་ཉིད། (སྔོན་ཆོག་ཇི་ལྟར་བྱུང་བའི་ཚུལ) ནི། བདག་ཅག་གི་སྟོན་པ་སངས་རྒྱས་ནས་རིང་པོར་མ་ལོན་པ་ན་འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ་རྣམས་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པར་མཛད་ལ། དེའི་ཚེ་རབ་ཏུ་འབྱུང་བར་འདོད་པ་ཞིག་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་པ་ན་སྤྱན་སྔར་མ་སླེབས་པའི་གོང་རོལ་དུ་བར་མ་དོར་ཤི་བ་ན། བཅོམ་ལྡན་འདས་ཀྱིས་ང་ཡི་ཉན་ཐོས་རྣམས་ཐག་རིང་པོ་ནས་འོངས་པས་ངལ་བར་གྱུར་ཏོ་སྙམ་དུ་དགོངས་ནས། དེང་ཕྱིན་ཆད་ང་ཉིད་ལས་རབ་ཏུ་འབྱུང་མི་དགོས་པར་ཁྱེད་ཅག་དགེ་འདུན་གྱིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་བྱའོ་ཞེས་སྔོག་ཆོག་གནང་ངོ་། །འདིའི་ཁུངས་ནི། ལུང་གཞི་༼ ཀ་པ ༽༤༧ན༧ན་གསལ་ཞིང་། སྔོན་ཆོག་གི་སྒོ་ནས་བསྙེན་པར་རྫོགས་ཚུལ་ལམ་དེའི་ཆོ་ག་ནི། ཤོག་གྲངས་༤༧བ༥ན་གསལ་ལོ། །མདོ་རྩ་བ་ལས་ནི། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་བྱས། རྒན་རིམས་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར། ཙོག་ཙོག་པོར་འདུག་ཅིང་གསོལ་བ་བཏབ་པར་གྱུར་པ་གསུམ་དང་། གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་དབྱུང་བ་དང། བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་པར་གྱུར་པ་ལྟ་བུ་ནི་སྔོན་གྱི་ཆོ་གའོ། །ཞེས་གསུངས་པ་འདིའོ། །སྔོན་ཆོག་གི་སྐབས་སུ་མཁན་སློབ་མེད་པར་དགེ་འདུན་ཙམ་གྱིས་རབ་བྱུང་བསྙེན་རྫོགས་སྒྲུབ་པར་བྱེད་དོ། ། (སྔོན་ཆོག་གི་དགོས་པ) ནི། ཚེགས་ཆུང་དུས་རབ་བྱུང་དང་བསྙེན་རྫོགས་ཐོབ་པའོ། ། (སྔོན་ཆོག་གནང་བའི་རྟེན་གྱི་གང་ཟག) བཞག་ཏུ་ཡོད་དེ། སྨིན་པ་གསུམ་ཤས་ཆེ་ཞིང་སྒྲིབ་པ་གསུམ་ཤས་ཆུང་བའི་གང་ཟག་ཅིག་ལ་གནང་བའི་ཕྱིར། སྨིན་པ་གསུམ་ནི་རྒྱུད་སྨིན་པ། ཤེས་རབ་སྨིན་པ། དབང་པོ་སྨིན་པ་དང་གསུམ་ལ་བྱེད། རྒྱུད་སྨིན་པ་ནི་སྐྱེ་བ་སྔ་མ་རྣམས་སུ་ལམ་ལ་ལེགས་པར་སྦྱངས་པ། ཤེས་རབ་སྨིན་པ་ནི་དེའི་སྟོབས་ཀྱིས་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ། དབང་པོ་སྨིན་པ་ནི་དེའི་དབང་གིས་དད་སོགས་ཀྱི་དབང་པོ་རྣོ་བ་ལ་བྱེད་དོ། །སྒྲིབ་པ་གསུམ་ནི། རྣམ་སྨིན་གྱི་སྒྲིབ་པ། ལས་ཀྱི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ་གསུམ་ལ་བྱེད། དང་པོ་ནི། ངན་སོང་བའི་རྒྱུད་ཀྱི་ཕུང་ཁམས་སྐྱེ་མཆེད་ལྟ་བུ། གཉིས་པ་ནི། མཚམས་མེད་ལྔ། ཕམ་པ་བཞི་དང་། ཆོས་སྤོང་གི་ལས་ལྟ་བུ། གསུམ་པ་སྐབས་འདིའི་ཉོན་མོངས་པའི་སྒྲིབ་པ་ཤས་ཆེ་བ་ནི། ཉོན་མོངས་པ་རྒྱུན་རིང་ཞིང་གཉེན་པོ་སྐྱེ་དཀའ་བ་ལ་བྱེད་ཀྱི་ཉོན་མོངས་པ་རྣོ་བ་ཙམ་ལ་མི་བྱེད་དེ། འཆར་ཀ་སོགས་སྲིད་པ་ཐ་མ་པའི་གང་ཟག་འགའ་ཞིག་ལ་ཡང་ཉོན་མོངས་པ་རྣོ་བ་ཙམ་ཡོད་པའི་ཕྱིར་རོ། ། (སྔོན་ཆོག་གི་དབྱེ་བ) ནི། བརྒྱད་དེ། འདྲེན་པ་རང་རྒྱལ་རང་བྱུང་ཚུལ་གཅིག་ཅིང་། །ཡེ་ཤེས་ཁོང་ཆུད་ཚུར་ཤོག་སྐྱབས་འགྲོ་དང་། །སྟོན་པ་ཁས་བླངས་དྲི་མཉེས་ལྕི་ཆོས་སྤོང་། །གསོལ་བཞིའི་ལས་ཀྱི་སྔོན་གྱི་ཆོ་ག་འོ། །ཞེས་གསུངས་པ་ལྟར་རོ། ། (སྔོན་ཆོག་གི་བསྡུ་བ) ནི། ཡུལ་གྱི་ཆ་ནས་བསྡུ་ན་གསུམ་དུ་འདུས་ཏེ། ལྕི་ཆོས་བརྒྱད་སྤོང་བའི་སྒོ་ནས་བསྙེན་པར་རྫོགས་པ་བུད་མེད་ཁོ་ན་ལ་གནང་བ་དང་། ཚུར་ཤོག་སྐྱེས་པ་དང་བུད་མེད་ཐུན་མོང་དུ་གནང་བ་དང་། དེ་གཉིས་ལས་གཞན་པའི་སྔོན་ཆོག་ནི་སྐྱེས་པ་ཁོ་ན་ལ་གནང་བ་ཡིན་ནོ། །སྒྲུབ་བྱེད་ཀྱི་ཆ་ནས་བསྡུ་ན། སྒྲུབ་བྱེད་དགེ་འདུན་ལ་བརྟེན་པ་དང། མི་བརྟེན་པ་གཉིས་སུ་འདུས་ཏེ། གསོལ་བཞིའི་སྔོན་ཆོག་དང་སྔོན་ཆོག་གཞན་རྣམས་སོ། །ཆོ་གའི་ཆ་ནས་བསྡུ་ན། ཆོ་གའི་ལས་ལ་བརྟེན་པ་དང་། ལས་ལ་མི་བརྟེན་པ་གཉིས་སུ་འདུས་ཏེ། གསོལ་བཞིའི་སྔོན་ཆོག་དང་སྔོན་ཆོག་གཞན་རྣམས་སོ། ། (གང་ཟག་གང་ལ་གནང་བ) ནི། མཐོང་ལམ་སྐྱེ་རུང་ལ་གནང་བ། མཐོང་ལམ་སྐྱེས་ཟིན་ལ་གནང་བ། སྲིད་པ་ཐ་མ་པ་ཁོ་ན་ལ་གནང་བ་དང་གསུམ་ཡོད་དེ། ཉ་པ་ལྔ་བརྒྱ་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པ་མཐོང་ལམ་སྐྱེ་རུང་ལ་གནང་བ་དང་། སྟོན་པའི་མཆོག་ཟུང་གཅིག་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པ་མཐོང་ལམ་སྐྱེས་ཟིན་ལ་གནང་བ། ཚུར་ཤོག་དང་རང་བྱུང་དང་ཡེ་ཤེས་ཁོང་ཆུད་དང་སྟོན་པར་ཁས་བླངས་དང་ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་བསྙེན་པར་རྫོགས་པ་ནི་སྲིད་པ་ཐ་མ་པ་ཁོ་ན་ལ་གནང་བ་དང་གསུམ་མོ། ། (སྔོན་ཆོག་དུས་ནམ་གྱི་ཚེ་གནང་བ) ནི། སྟོན་པ་སངས་རྒྱས་ནས་ལོ་དྲུག་ཡན་ཆད་དུ་ནི་རབ་ཏུ་བྱུང་བ་ཐམས་ཅད་ལ་སྔོན་གྱི་ཆོ་ག་མཛད་ལ། ལོ་དྲུག་ནས་ད་ལྟར་གྱི་ཆོ་ག་གནང་ངོ་། །སྔོན་ཆོག་འགའ་ཞིག་ནི་ད་ལྟར་གྱི་ཆོ་ག་གནང་བའི་ཕྱི་ནས་མཛད་པའང་ཡོད་དེ་སངས་རྒྱས་མྱ་ངན་ལས་འདས་པའི་ཚེ་རབ་བཟང་ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་པའི་ཕྱིར་དང་། ཀུན་དགའ་བོ་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པའི་རྗེས་སུ་ཀུན་དགའ་བོས་ཞུས་ནས་སྐྱེ་རྒུའི་བདག་མོ་ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་བསྙེན་པར་རྫོགས་པར་མཛད་པའི་ཕྱིར་རོ། ། (སྔོན་ཆོག་སྒྲ་བཤད) ནི། ད་ལྟར་གྱི་ཆོ་གའི་སྔ་རོལ་དུ་བྱུང་བས་ན་སྔོན་ཆོག་ཅེས་བྱའོ། ། (སྔོན་ཆོག་དང་ད་ཆོག་གི་ཁྱད་པར) ནི། (འདིའི་སྔོན་ཆོག་དང་ད་ཆོག་གི་ཁྱད་པར་ཞེས་པ། གསོལ་བཞིའི་སྔོན་ཆོག་དང་ད་ཆོག་གི་ཁྱད་པར་བཤད་པ་ཡིན་གྱི་སྔོན་ཆོག་སྤྱིའི་དབང་དུ་བྱས་པ་ནི་མིན་ནོ) གང་ལས་ནོད་པ་ཡུལ་གྱི་ཁྱད་པར། གང་གིས་ནོད་པ་རྟེན་གྱི་ཁྱད་པར། ཇི་ལྟར་ནོད་པ་ཆོ་གའི་ཁྱད་པར། ཡོངས་སུ་རྫོགས་པ་འབྲས་བུའི་ཁྱད་པར་ཡོད། དང་པོ་སྡོམ་པ་བླང་སའི་དགེ་འདུན་གྱི་གྲངས་ལ་ཁྱད་པར་ཡོད་དེ། མཚམས་ནང་དེ་ན་ཡོད་པའི་དགེ་འདུན་ཐམས་ཅད་འདུས་དགོས་པ་དང་མི་དགོས་པའི་ཁྱད་པར་རོ། །གཉིས་པ་སྡོམ་པ་ལེན་མཁན་གྱི་གང་ཟག་གི་ཁྱད་པར་ནི། ཆ་ལུགས་ཀྱི་ཁྱད་པར། ལུས་འདུད་པའི་ཁྱད་པར། སྤྱོད་ལམ་གྱི་ཁྱད་པར། གསོལ་བ་འདེབས་ཚུལ་གྱི་ཁྱད་པར་རྣམས་སུ་ཡོད་པའི་ཕྱིར། དང་པོ་རྟེན་གྱི་གང་ཟག་དེ་ཆ་ལུགས་ཅི་ཇི་འདྲ་ཞིག་ཡིན་ཞེ་ན། (ཆ་ལུགས་ཀྱི་ཁྱད་པར་འདི་མཚོ་ཊཱིཀ་ལས་གསལ་བཤད་ལེགས་པོ་གནང་ཐུབ་མི་འདུག་ཅིང་། འདིར་བཤད་པ་ནི་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་བ་ལྟར་རོ) ད་ལྟར་གྱི་ཆོ་ག་ལ་ཆོས་གོས་གསུམ་མཁན་པོས་བྱིན་གྱི་བརླབས་ཏེ་སྐོན་པ་ཡིན་ལ། སྔོན་ཆོག་ལ་དེ་མི་དགོས་པར་བསྒྲུབ་བྱ་རང་ཉིད་ཀྱིས་གྱོན་པ་ཉན་ཐོས་ཀྱི་ཆ་ལུགས་བཞིན་དུ་བྱས་པས་ཆོག་པའི་ཕྱིར་ཏེ། ཆ་ལུགས་འདི་བཞིན་བྱས། ཞེས་གསུངས་པའི་ཕྱིར། གཉིས་པ་ལུས་འདུད་པའི་ཁྱད་པར་ཡོད་དེ། ད་ལྟར་གྱི་ཆོ་ག་ལ་ཕྱག་ཚན་ལན་བཅུ་གཅིག་དགོས་ལ། སྔོན་ཆོག་ལ་དེ་མི་དགོས་པར་རྒན་རིམས་ལ་ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་ཚན་ཚར་གཅིག་གིས་ཆོག་པའི་ཕྱིར་ཏེ། རྒན་རིམས་ལ་ཕྱག་འཚལ། ཞེས་གསུངས་པའི་ཕྱིར། གསུམ་པ་སྤྱོད་ལམ་གྱི་ཁྱད་པར་ཡོད་དེ། ད་ལྟར་གྱི་ཆོ་ག་ལ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཟར་ཏེ་འདུག་པ་སོགས་དགོས་ལ། སྔོན་ཆོག་ལ་སྟན་མེད་པར་ཐལ་མོ་སྦྱར་ཙོག་ཙོག་པོར་འདུག་པས་ཆོག་པའི་ཕྱིར་ཏེ། ཐལ་མོ་སྦྱར་ཙོག་ཙོག་པོར་འདུག་ཅིག་ཞེས་གསུངས་པའི་ཕྱིར། བཞི་པ་གསོལ་བ་འདེབས་ཚུལ་གྱི་ཁྱད་པར་ཡོད་དེ། ད་ལྟར་གྱི་ཆོ་ག་ལ་མཁན་པོས་ངོ་ཆེན་མཛད་དེ། ལས་སློབ་ཀྱིས་བརྡ་སྤྲད་ནས་གསོལ་བ་འདེབས་པ་ཡིན་ལ། སྔོན་ཆོག་ལ་བསྒྲུབ་བྱ་རང་ཉིད་ཀྱིས་གསོལ་བ་ལན་གསུམ་བཏབ་པས་ཆོག་པའི་ཕྱིར་ཏེ། གསོལ་བ་བཏབ་པར་གྱུར་པ་གསུམ་དང༌། ཞེས་གསུངས་པའི་ཕྱིར། རྩ་བའི་ས་བཅད་གསུམ་པ་ཇི་ལྟར་ནོད་པ་ཆོ་གའི་ཁྱད་པར་ནི། ད་ལྟར་གྱི་ཆོག་ལ་འགལ་རྐྱེན་དང་བྲལ་བ་དང༌། མཐུན་རྐྱེན་ཚང་བ་སོགས་བརྗོད་དགོས་ལ། སྔོན་ཆོག་ལ་དེ་ལྟར་མི་དགོས་པའི་ཕྱིར། བཞི་པ་ཡོངས་སུ་རྫོགས་པ་འབྲས་བུའི་ཁྱད་པར་ཡོད། ད་ལྟར་གྱི་ཆོ་ག་ལ་རབ་བྱུང་དང་བསྙེན་རྫོགས་རིམ་གྱིས་སྒྲུབ་ལ། སྔོན་ཆོག་ལ་དེ་ཅིག་ཅར་དུ་སྒྲུབ་པར་བྱེད་པའི་ཕྱིར་ཏེ། གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་འབྱུང་བ་དང༌། བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་གྱུར་པ་ལྟ་བུ་ནི་སྔོན་གྱི་ཆོ་གའོ། །ཞེས་གསུངས་པའི་ཕྱིར། ལྔ་པ་ད་ལྟར་གྱི་དུས་སུ་སྔོན་ཆོག་ལ་བརྟེན་རུང་མི་རུང་ལ་དཔྱད་པ་ནི། ད་ལྟར་གྱི་དུས་སུ་གསོལ་བཞིའི་ལས་ཀྱི་སྔོན་ཆོག་ལ་བརྟེན་ནས་བསྙེན་པར་རྫོགས་པར་བྱར་མི་རུང་ལ། གལ་ཏེ་བྱས་ན་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ཡོད་དེ། ད་ལྟར་གྱི་དུས་སུ་མཁན་པོ་མེད་པ་དང་བར་ཆད་མ་དྲིས་པར་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར་རོ། །