13079

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིད་པ་འཁོར་ལོའི་དཔེ་རིས་ཀྱི་འགྲེལ་བཤད
Tibetan Definition (ཕར་ཕྱིན) སྟོན་པས་རབ་ཏུ་བྱུང་བ་རྣམས་འཁོར་བ་ལ་སྐྱོ་ཤས་བསྐྱེད་པའི་ཕྱིར་གཙུག་ལག་ཁང་གི་སྒོ་ཁང་དུ་སྲིད་པ་འཁོར་ལོ་ཆ་ལྔ་པ་བྲི་བར་གསུངས་ཤིང༌། ཆ་ལྔ་ནི། ལྷ། མི། དམྱལ་བ། ཡི་དྭགས། དུད་འགྲོ་དང་ལྔའོ། །སྲིད་པ་འཁོར་ལོའི་དཔེ་རིས་འདི་ཉིད་དང་པོར་རྒྱ་གར་གྱི་ནང་པའི་རྒྱལ་པོ་གཟུགས་ཅན་སྙིང་པོས་སྟོན་པའི་བཀའ་བཞིན་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཊ་ཡ་ན་ལ་སྐྱེས་ལན་འབུལ་བྱེད་དུ་བྲིས་ཤིང་ནང་པའི་བཟོ་རིག་པ་དང་པོ་ཡིན་པར་བཤད། རྒྱལ་པོས་ཡན་ལག་བཅུ་གཉིས་ཀྱི་ཚུལ་ལ་བསམས་ཤིང་མཉམ་པར་བཞག་སྟེ་འཕགས་པའི་གོ་འཕང་ཐོབ་པའི་ལོ་རྒྱུས་ཡོད་ཅིང༌། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཇུག་ལྡོག་གི་ཚུལ་ལ་སེམས་པ་འདི་འཁོར་བ་ལ་སྐྱོ་ཤས་སྐྱེ་བའི་ཐབས་རྨད་དུ་བྱུང་བ་ཞིག་ཏུ་གསུངས་ཤིང༌། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡང་འདིའི་ནང་དུ་ཚང་སྟེ། ངན་འགྲོའི་ཡན་ལག་བཅུ་གཉིས་ཀྱི་འཇུག་ལྡོག་སེམས་པ་ནི་སྐྱེས་བུ་ཆུང་ངུའི་སྐོར་དང༌། བདེ་འགྲོའི་ཡན་ལག་བཅུ་གཉིས་ཀྱི་འཇུག་ལྡོག་སེམས་པ་ནི་སྐྱེས་བུ་འབྲིང༌། རང་གི་ཉམས་ལ་དཔགས་ནས་མར་གྱུར་པའི་སེམས་ཅན་རྣམས་ཀྱང་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁྱམས་པ་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་དེ། དེ་རྣམས་ཀྱི་དོན་དུ་སངས་རྒྱས་ལ་ཐོབ་འདོད་སྦྱོང་བ་དང་དེའི་ལམ་ལ་སློབ་པ་ནི་སྐྱེས་བུ་ཆེན་པོའི་སྐོར་དུ་འཆད་དོ། །དཔེ་རིས་ཀྱི་མཚོན་དོན་དངོས་འཆད་པ་ལ། དཔེ་རིས་འདིའི་དབུས་སུ་བྱ་ (ཕུག་རོན) ཕག་སྦྲུལ་གསུམ་བྲིས་པ་ནི། བྱའི་རིགས་འདོད་ཆགས་ཤས་ཆེ་བ་དང༌། སྦྲུལ་གྱི་རིགས་ལ་ཞེ་སྡང་ཤས་ཆེ་བ། ཕག་གི་རིགས་ལ་གཏི་མུག་ཤས་ཆེ་བས་དེ་གསུམ་གྱིས་རང་རེས་རྣམས་འཁོར་བར་འཁོར་བྱེད་ཀྱི་གཞིའམ་རྩ་བ་འདོད་ཆགས། ཞེ་སྡང༌། གཏི་མུག་གསུམ་མཚོན་པ་ཡིན། བྱ་སྦྲུལ་གཉིས་ཕག་པའི་ཁ་ནས་ཐོན་པར་བྲིས་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་གཙོས་པའི་འཁོར་བའི་ཉེས་པ་ཐམས་ཅད་ཉོན་མོངས་དུག་གསུམ་རྩ་བ་བྱས་པ་ལ་བརྟེན་ནས་བྱུང་བ་མ་ཟད། ཆགས་སྡང་གཉིས་ཀྱང་རྩ་བ་གཏི་མུག་ལས་བྱུང་བར་མཚོན། (ཕུག་རོན་དང༌། སྦྲུལ་དང༌། ཕག་ནི་རྣམ་པ་བྲི་བ་ནི་ལུང་ལས་དངོས་སུ་མ་གསུངས་ཀྱང་བྱེ་བྲག་བཤད་མཚོ་ལས་གསུངས་ཞེས་མཚོ་ཊཱིཀ་སྨད་ཆ་ན་གསལ། འདུལ་བ་ལུང་རྣམ་འབྱེད་༼ ཇ ༽༡༡༤བ༧ལས། དབུས་སུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་བྲི་བར་བྱའོ། །ཞེས་པ་ཙམ་ལས་ཕུག་རོག་སོགས་བྲི་བར་མ་གསུངས་སོ) དེའི་མཐར་ལམ་དཀར་ནག་གཉིས་བྲིས་པ་ནི། བདེ་འགྲོ་དང་ངན་འགྲོའི་བར་སྲིད་ལ་དགེ་སྡིག་གི་ལས་དཀར་ནག་གཉིས་སུ་ངེས་པར་མཚོན། དེ་ཡང་མི་དགེ་བའི་ལས་ཀྱིས་ངན་སོང་དུ་སྐྱེ་བ་ཞིག་ཡིན་ན། བར་སྲིད་སྐབས་མཚན་མོར་མགོ་བོ་ཐུར་དུ་བཙུགས་ནས་འགྲོ་བའི་སྣང་བ་དང༌། དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ་བ་ཞིག་ཡིན་ན། མཚན་མོར་ཟླ་འོད་ཀྱིས་ཁྱབ་པའམ་གངས་རི་ལ་ཉི་འོད་ཀྱིས་ཐོག་མར་ཕོག་པ་ལྟ་བུ་དང༌། ལམ་གྱེན་དུ་འགྲོ་བའམ་ཐད་ཀར་འགྲོ་བ་སོགས་ཀྱི་སྣང་བ་འཆར། ལས་མཁན་གྱིས་ཐག་པས་བཀྱིགས་ནས་འཁྲིད་པར་བྲིས་པ་ནི། ངན་སོང་དུ་འགྲོ་བའི་བར་སྲིད་པ་རྣམས་ནི་སྡིག་པའི་ལས་ཀྱིས་རང་དབང་མེད་པར་བདས་པ་དང༌། འགའ་ཤས་ལས་མཁན་འཇིགས་སུ་རུང་བས་ཐག་པས་བསྡམས་ནས་འཐེན་པའི་འཇིགས་སྣང་དཔག་མེད་སྐྱེ་བ་མཚོན། བདེ་འགྲོའི་བར་སྲིད་ཡིན་ན་དེ་འདྲའི་འཇིགས་སྣང་མེད། བར་དུ་ལྷ་དང་མི། ལྷ་མ་ཡིན། དམྱལ་བ། ཡི་དྭགས། དུད་འགྲོའི་བཀོད་པ་བྲིས་པ་ནི། འཁོར་བ་འཁོར་བའི་གནས་ལ་འགྲོ་བ་རིགས་དྲུག་ཏུ་ངེས་པ་མཚོན། ༡ མཐའ་སྐོར་དུ་གཡས་ཕྱོགས་སུ་དང་པོར་དམུས་ལོང་འཁར་བ་ལ་བརྟེན་ནས་འགྲོ་བ་བྲིས་པ་ནི། མ་རིག་པའི་རྟེན་འབྲེལ་མཚོན་ཏེ། དམུས་ལོང་བདེ་བའི་ལམ་དུ་འགྲོ་བ་ལ་རྨོངས་པ་ལྟར་མ་རིག་པས་ལས་འབྲས་དང་རྟེན་འབྲེལ་གྱི་གནས་ལུགས་ལ་རྨོངས་ཤིང་ཚུལ་མིན་ཡིད་བྱེད་ལ་བརྟེན་ནས་ཕྱིན་ཅི་ལོག་ཏུ་བཟུང་སྟེ་དགེ་སྡིག་གི་ལས་ལ་གྱ་ཚོམ་དུ་འཇུག་པར་བྱེད་པའོ། །༢ གཉིས་པར་རྫ་མཁན་བྲིས་པ་ནི། འདུ་བྱེད་ཀྱི་རྟེན་འབྲེལ་མཚོན་ཏེ། རྫ་མཁན་གྱིས་རྫ་མ་ཆེ་ཆུང་དང་བཟང་ངན་སྣ་ཚོགས་བཟོ་ཐུབ་པ་ལྟར་ལས་ཀྱི་རྟེན་འབྲེལ་གྱིས་རྣམ་སྨིན་གྱི་ཕུང་པོ་ཆེ་ཆུང་དང་བཟང་ངན་སྣ་ཚོགས་སྐྱེད་པར་བྱེད་པ་ཡིན། ༣ གསུམ་པར་སྤྲེའུ་ཤིང་རྩེར་བྲིས་པ་ནི། རྣམ་ཤེས་ཀྱི་རྟེན་འབྲེལ་མཚོན་ཏེ། སྤྲེའུས་ཤིང་གི་རྩེར་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཕོ་བསྐྱོད་བྱེད་པ་ལྟར་རྣམ་ཤེས་ཀྱིས་སྐྱེ་བ་སྔ་ཕྱི་བར་གསུམ་གྱི་རྣམ་སྨིན་གྱི་ཕུང་པོ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐྱེ་འཆི་འདོར་ལེན་བྱེད་པ་ཡིན། ༤ བཞི་པར་གྲུ་གཟིངས་བྲིས་པ་ནི། མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མཚོན་ཏེ། གྲུ་གཟིངས་འགྲུལ་པ་ཚུ་རོལ་ནས་ཕ་རོལ་སྐྱེལ་འདྲེན་བྱེད་པའི་རྟེན་གཞི་དང༌། མཁོ་བའི་དངོས་པོ་འཇོག་པའི་སྣོད་བྱེད་པ་ལྟར་མིང་གཟུགས་ཅི་རིགས་པས་ཀྱང་སྐྱེ་བ་སྔ་མ་ནས་འདིར་འོངས་ཤིང༌། འདི་ནས་ཕྱི་མར་འགྲོ་བའི་རྣམ་ཤེས་ཀྱི་རྟེན་དང་འབྲས་བུ་བདེ་སྡུག་ཐམས་ཅད་འབྱུང་བའི་སྣོད་དམ་ཕུང་པོའི་ངོ་བོར་འཛིན་པར་བྱེད་པའི་ཕྱིར། ༥ ལྔ་པར་ཁང་པ་སྟོང་པ་བྲིས་པ་ནི། སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན་ཏེ། ཁང་སྟོང་གནས་ཀྱི་ངོ་བོར་གྲུབ་ཀྱང༌། བརྟེན་པ་བདག་པོ་མེད་པ་ལྟར། སྐྱེ་མཆེད་ཀྱི་གནས་སྐབས་སུ་དབང་པོ་ལྔའི་ངོ་བོ་རྫོགས་པར་གྲུབ་ཀྱང་བརྟེན་པ་རྣམ་ཤེས་ལྔ་འགྲུབ་རྒྱུ་ཡིན་པའི་ཕྱིར། ༦ དྲུག་པར་ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པའི་རྣམ་འགྱུར་བྲིས་པ་ནི། རེག་པའི་རྟེན་འབྲེལ་མཚོན་ཏེ། ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པའི་ཚེ་རེག་པའི་བདེ་བ་ཙམ་ལས་འཁྲིག་པའི་བདེ་བ་ཡོངས་སུ་མི་རྫོགས་པ་ལྟར་རེག་པའི་རྟེན་འབྲེལ་གྱི་ཚེ་ཚ་གྲང་འཇམ་རྩུབ་ལ་སོགས་པའི་རེག་བྱ་གང་དང་གང་འཕྲད་ཀྱང་དེ་ལྟར་རེག་པའི་སྣང་བ་ཙམ་ལས་དེ་ལས་བྱུང་བའི་ཚོར་བ་བདེ་སྡུག་རྫོགས་པར་མྱང་མི་ཐུབ་པའི་གནས་སྐབས་ཡིན་པའི་ཕྱིར། ༧ བདུན་པར་མིག་ལ་མདའ་ཟུག་པ་བྲིས་པ་ནི། ཚོར་བའི་རྟེན་འབྲེལ་མཚོན་ཏེ། མིག་ལ་མདའ་ཟུག་མ་ཐག་ཏུ་ཚོར་བ་སྡུག་བསྔལ་ངང་གིས་སྐྱེ་བ་ལྟར་རེག་པ་དེ་ཉིད་ནུས་པ་ཤས་ཆེར་གྱུར་ནས་ཚ་གྲང་དང༌། འཇམ་རྩུབ་ཇི་ལྟར་རེག་པ་ན་དེའི་ཚོར་བ་བདེ་སྡུག་ངང་གིས་སྐྱེ་བའི་ཕྱིར། ༨ བརྒྱད་པར་སྐྱེས་བུ་ཆང་འཐུང་བ་བྲིས་པ་ནི། སྲིད་པའི་རྟེན་འབྲེལ་མཚོན་ཏེ། ཆང་འཐུང་སྐྱེས་བུས་ཆང་གི་བྲོ་བ་མྱོང་བ་ན་དེ་ལ་ཆགས་ཞེན་རང་ཤུགས་ཀྱིས་འཕེལ་ཏེ་རང་སེམས་དེ་ལ་གཡེང་བ་ལྟར། སྲིད་པས་འཁྲུལ་སྣང་གི་དངོས་པོར་ཡིད་ཆགས་ཏེ་དེ་དང་དེ་ཐོབ་ན་སྙམ་པའམ་དེ་དང་མ་བྲལ་ན་སྙམ་པའི་སྲེད་ཞེན་གྱིས་ཡིད་གདུང་བའི་ཕྱིར། ༩ དགུ་པར་སྤྲེའུས་ཤིང་ཏོག་ལེན་པ་བྲིས་པ་ནི། ལེན་པའི་རྟེན་འབྲེལ་མཚོན་ཏེ། སྤྲེའུས་རང་གི་ཡིད་དུ་འོང་བའི་ཤིང་ཏོག་ལ་སེམས་གཡོ་ཤིང་ལག་ཏུ་ལེན་པ་བཞིན་པ་ལྟར། སྲེད་པ་དེ་ཉིད་ཤས་ཆེར་སོང་ནས་འདོད་པའི་དངོས་པོ་དང་དུ་ལེན་པའི་སེམས་རབ་ཏུ་གཡོ་བར་བྱེད་པའི་ཕྱིར། ༡༠ བཅུ་པར་བུད་མེད་སྦྲུམ་མ་བྲིས་པ་ནི། སྲིད་པའི་རྟེན་འབྲེལ་མཚོན་ཏེ། སྦྲུམ་མས་རང་གི་ཕྲུ་གུ་ཕྱིར་འབྱུང་བར་མངོན་དུ་ཕྱོགས་པ་ལྟར་རྣམ་ཤེས་ཀྱི་སྟེང་དུ་འདུ་བྱེད་ཀྱི་ལས་ཀྱི་བག་ཆགས་བཞག་པ་ལ་སྲེད་ལེན་གྱིས་གསོས་བཏབ་སྟེ་ལས་ཀྱི་ནུས་པ་མཐུ་ཆེན་དུ་གྱུར་ཏེ་རྣམ་སྨིན་གྱི་ཕུང་པོ་གསར་དུ་འགྲུབ་པ་ལ་མངོན་དུ་ཕྱོགས་པའི་ཕྱིར། ༡༡ བཅུ་གཅིག་པར་ཕྲུག་གུ་བཙའ་བ་བྲིས་པ་ནི། སྐྱེ་བའི་རྟེན་འབྲེལ་མཚོན་ཏེ། ཕྲུག་གུ་མའི་མངལ་ནས་ཕྱི་རོལ་དུ་ཐོན་པའི་སྐབས་ལྟར་རྣམ་ཤེས་ཕུང་པོ་རྙིང་པ་ནས་ཕྱིར་ཐོན་ཏེ་བར་སྲིད་དུ་ཞུགས་པ་དང༌། བར་སྲིད་ནས་སྐྱེ་སྲིད་དུ་འཕོ་བར་བྱེད་པའི་ཕྱིར། ༡༢ བཅུ་གཉིས་པར་མི་རོ་འཁུར་བ་བྲིས་པ་ནི། རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་མཚོན་ཏེ། མིའི་རོ་མཐོང་བ་དེའི་རྐྱེན་གྱིས་འཆི་བ་ངང་གིས་དྲན་ཞིང་རང་གི་ན་ཚོད་གཞན་དུ་འགྱུར་ཏེ་ཇེ་རྒུད་དུ་སོང་བ་ནས་བཟུང་རྒ་བའི་རྟེན་འབྲེལ་དང༌། འབྱུང་བཞི་རིམ་གྱིས་བསྡུས་ནས་ཚེ་འདིའི་ཕུང་པོ་དང༌། ཡིད་ཀྱི་རྣམ་ཤེས་གཉིས་འབྲེལ་ཐག་ཆད་པ་ན་ཤི་བའི་རྟེན་འབྲེལ་གྲུབ་པ་ཡིན། དེ་དག་འཁོར་ལོའི་རྣམ་པར་སྲིན་པོ་ཁྲོས་པའི་འཆི་བདག་དམར་པོའི་ཁ་དང༌། རྐང་ལག་ཞེ་དམ་དུ་བཟུང་བར་བྲིས་པ་ནི། ལས་དང་ཉོན་མོངས་པའི་དབང་གིས་སྲིད་པའི་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གི་དབང་དུ་མ་གྱུར་པ་མེད་པ་དང༌། དེ་ཡང་ལན་རེ་གཉིས་ཙམ་མ་ཡིན་པར་ཇི་སྲིད་འཁོར་བའི་རྩ་བ་མ་སྤངས་པ་དེ་སྲིད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཁོར་མོར་མྱང་སྟེ་སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བར་མཚོན་པ་ཡིན། སྟེང་དུ་ཟླ་བའི་གཟུགས་བརྙན་བྲིས་པ་ནི། སྡུག་བསྔལ་མཐའ་དག་ཞི་བའི་ཞི་བ་མྱང་འདས་སམ། བདུད་བཞི་བཅོམ་པའི་སངས་རྒྱས་ཀྱི་གོ་འཕང་མཚོན་པ་ཡིན། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་ཏེ་བསྟན་པ་ནི། ཞི་བ་མྱང་འདས་འདི་ལྟ་བུ་ཞིག་མ་ཐོབ་ན་འཁོར་བ་རྒྱ་མཚོའི་སྡུག་བསྔལ་གྱི་འཇིང་དུ་རྟག་ཏུ་འཁོར་བ་ལས་ཐར་དུས་མེད་པས་འགྲོ་བ་རྣམས་ཀྱིས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་ཐབས་ལ་བརྩོན་དགོས་ཞེས་བརྡ་ཐབས་ཀྱིས་འདོམས་པར་མཛད་པ་མཚོན། ཡང་བདེན་བཞིའི་བླང་དོར་མཚོན་པའི་དབང་དུ་བྱས་ན། འགྲོ་བ་རིགས་དྲུག་གི་སྣོད་བཅུད་ཀྱིས་བཀོད་པས་སྡུག་བསྔལ་བདེན་པ་མཚོན། དབུས་ཀྱི་བྱ་ཕག་སྦྲུལ་གསུམ་གྱིས་ཉོན་མོངས་པའི་ཀུན་འབྱུང་དང༌། དེའི་མཐར་ལམ་དཀར་ནག་གཉིས་ཀྱིས་ལས་ཀྱི་ཀུན་འབྱུང་མཚོན། རྟེན་འབྲེལ་བཅུ་གཉིས་ཀྱི་རི་མོས་འཁོར་བ་ལ་ཇི་ལྟར་འཁོར་བའི་ཚུལ་དང༌། ཐུབ་པའི་གཟུགས་བརྙན་གྱིས་ལམ་བདེན། ཟླ་བ་ཤར་བ་དེས་ཞི་བ་འགོག་བདེན་མཚོན་ཞིང་དེ་ལ་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་པ་ནི། ལམ་བདེན་ལ་བརྟེན་ནས་ཞི་བ་མྱང་འདས་ཇི་ལྟར་ཐོབ་པའི་ཐབས་མཚོན་པ་ཡིན། དེས་ན་གཏན་གྱི་བདེ་བ་དོན་དུ་གཉེར་བའི་འགྲོ་བ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་རྣམ་གཞག་ཞིབ་ཕྲ་ཁོང་དུ་ཆུབ་པར་བྱས་ཏེ། བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པའི་ལམ་ཉམས་སུ་བླངས་ནས་གཏན་གྱི་བདེ་བ་མཐར་ཐུག་མཆོག་གསུམ་རྒྱལ་བའི་གོ་འཕང་ཐོབ་པའི་ཐབས་ལ་ཅི་ནས་འབད་པ་གལ་ཆེའོ་ཞེས་བླ་མ་རྣམས་གསུང་ངོ༌། །སྲིད་པ་འཁོར་ལོའི་དཔེ་རིས་འདི་བཞིན་ནང་པའི་བྲིས་སྐུ་བཞེངས་པའི་ཐོག་མ་ཡིན་པར་བཤད་དེ། དེ་ཡང་རྒྱལ་བ་རང་ཉིད་ཞལ་བཞུགས་པའི་དུས་སུ་རྒྱལ་པོ་ཨུ་ཏྲ་ཡས་རིན་པོ་ཆེ་བཻ་ཌཱུརྱའི་ཁྲབ་རིན་ཐང་གཞལ་དུ་མེད་པ་ཞིག་སྐྱེས་སུ་བསྐུར་བའི་ལན་དུ། རྒྱལ་པོ་གཟུགས་ཅན་སྙིང་པོས་སྟོན་པ་ལ་གནང་བ་ཞུས་ཏེ། སྟེང་དུ་སངས་རྒྱས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་ཉེ་བར་སྟོན་པའོ། །བར་དུ་རྟེན་འབྲེལ་ལུགས་འབྱུང་ལྡོག་རྣམས་གསལ་བར་མཚོན་པའི་སྲིད་པ་འཁོར་ལོའི་དཔེ་རིས། དེའི་འོག་ཏུ། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། ། ཞེས་པའི་ཚིགས་བཅད་གཉིས་པོ་བཀས་གནང་བ་ལྟར་བྲིས་ཏེ་བསྐུར་བར་མདོ་ལས་གསུངས་ཞེས་འབྱུང་ངོ་། །གོང་གི་ཚིགས་བཅད་གཉིས་པོ་དེའི་དོན་མདོར་བསྡུས་ཏེ་བཤད་ན། བརྩམ་པར་བྱ་ཞིང་ (ཆོས་ལ་བརྩོན་འགྲུས་བརྩམ་པར) འབྱུང་བར་བྱ (འཁོར་བ་ལ་ངེས་པར་འབྱུང་བར་བྱ) ། །སངས་རྒྱས་བསྟན་ (སངས་རྒྱས་ཀྱིས་བསྟན་པའི་བདེན་པ་བཞི) ལ་འཇུག་པར་བྱ། ། (རྩྭ) འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་ (འཆི་བ་ནི་རྒ་ཤིའི་རྟེན་འབྲེལ) སྡེ་ (སྲེད་པ་ལེན་པ་སྲིད་པ་ལ་སོགས་པ་རྟེན་འབྲེལ་ལྷག་མ་རྣམས་སོ) ནི་གཞོམ་པར་བྱ། ། (གང་ཟག) གང་ཞིག་རབ་ཏུ་ (ཆོས་མིན་ལས་སེམས་བསྲུང་ཞིག་དགེ་བ་ལ་གཅེས་སྤྲས་བྱེད་པའི) བག་ཡོད་པར། །ཆོས་འདུལ་ (འཕགས་ལམ་ཡན་ལག་བརྒྱད་པོ) འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་ (འཁོར་བའི་སྐྱེ་བ) རབ་ (ལེགས་པར) སྤངས་ནས། །སྡུག་བསྔལ་ཐ་མར་ (རྒྱུན་གཅོད་པར) བྱེད་པར་འགྱུར། ། (རོ) ཞེས་པའི་དོན་ནོ། །དོགས་གཅོད། གཞུང་འགའ་ཞིག་ཏུ། བརྩམ་པར་བྱ་ཞིང་འབྱུང་བར་བྱ་ཞེས་འབྱུང་ལ། གཞན་དུ། བརྩམ་པར་བྱ་ཞིང་དབྱུང་བར་བྱ་ཞེས་འབྱུང་བས། དེ་གཉིས་ཀྱི་ཁྱད་པར་གང་ཡིན་ནམ་ཞེ་ན། འདུལ་བ་ལུང་གཞི་༼ ང་པ ༽ལས། འབྱུང་བར་ཞེས་གསལ་ལ། སོ་ཐར་གྱི་མདོར་ཡང་། འབྱུང་བར་བྱ་ཞེས་གསལ། ལུང་ཕྲན་ཚེགས་ཀྱི་འགྲེལ་པར་ཡང་། འབྱུང་བར་བྱ་ཞེས་གསལ། སོ་སོར་ཐར་པའི་མདོའི་གཞུང་འགྲེལ་ལས་ཀྱང་། འབྱུང་བར་བྱ་ཞེས་གསལ་ལ། ཡང་། འདུལ་བ་ལུང་རྣམ་འབྱེད་༼ ཇ ༽༡༡༥ན༢ལས། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་འབྱུང་། སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོའི་འགྲེལ་པ་སྨད་ཆ་༼ ཡུ ༽༣༦༩ན༢ལས་ཀྱང་། དབྱུང་བར་བྱ་ཞེས་གསལ་བས། གང་ཞིག་འཐད་ཅིང་གང་མི་འཐད་ཅེ་ན། གཉིས་ཀ་འཐད་ཀྱང་། འབྱུང་བར་བྱ་ཞེས་པ་ལེགས་པ་ཡིན་ཏེ། དེ་གོ་བདེ་བའི་ཕྱིར་ཏེ། ངེས་པར་འབྱུང་བར་བྱ་ཞེས་པའི་དོན་གསལ་བར་སྟོན་པའི་ཕྱིར་རོ། །འབྱུང་བ་ནི། འཐོབ་པ་དང་སྐྱེ་བ་དང་འགྲོ་བ་སོགས་ཀྱི་དོན་ཡིན་ལ། འབྱུང་བ་ད་ལྟ། བྱུང་བ་འདས་པ། འབྱུང་མ་འོངས། དབྱུང་བ་ནི། འདོན་པའི་དོན་ཡིན། འབྱིན་པ་ (ད་ལྟ) ། ཕྱུང་བ་ (འདས) ། དབྱུང་བ་ (མ་འོངས) ། ཕྱུང་ནི་ (སྐུལ་ཚིག) (ནང་པའི) འབུར་སྐུའི་ཐོག་མ་ནི་རྒྱ་ནག་ཏུ་བཞུགས་པའི་ཙན་དན་ཇོ་བོ་ཡིན་པར་གསུངས་སོ། །མཉམ་མེད་དྭགས་པོ་ལྷ་རྗེའི་དྭགས་པོ་ཐར་རྒྱན་ལས་ནི། མ་རིག་པ་ནི་ས་བོན་འདེབས་མཁན་ལྟ་བུའོ། །ལས་ནི་ཞིང་ས་ལྟ་བུའོ། །རྣམ་པར་ཤེས་པ་ནི་ས་བོན་ལྟ་བུའོ། །སྲེད་པ་ནི་རླན་ལྟ་བུའོ། །མིང་དང་གཟུགས་ནི་མྱུ་གུ་ལྟ་བུའོ། །གཞན་ནི་ཡལ་ག་དང་ལོ་མ་ལ་སོགས་པ་ལྟ་བུའོ། །ཞེས་ཀྱང་གསུངས་སོ། །ཡང་། རྗེ་གུང་ཐང་པས་ཡན་ལག་བཅུ་གཉིས་པོ་དཔེ་དང་སྦྱར་ནས་གོ་བདེ་བ་ཞིག་གསུངས་འདུག་པ་འདི་ལྟར། གྲུབ་མཐའ་བཞིའི་འདོད་ཚུལ་སོགས་དྲིས་ལན་སྣ་ཚོགས་ཀྱི་སྐོར་ཞལ་ལུང་བདུད་རྩིའི་ཐིགས་ཕྲེང་ཞེས་བྱ་བ་ལས། སྲིད་པའི་རྩ་བ་མ་རིག་ཞིང་པ་ཡིས། །ལས་ཀྱི་ས་བོན་རྣམ་ཤེས་ཞིང་དུ་བཏབ། །སྲེད་དང་ལེན་པའི་ཆུ་ལུད་ཀྱིས་གསོས་པས། །ས་བོན་སྟོབས་རྒྱས་སྲིད་པའི་ངོ་བོར་འཕོས། །དེ་ལས་སྐྱེ་བའི་རང་བཞིན་མིང་གཟུགས་ཀྱི། །མྱུ་གུ་འབུས་ཤིང་སྐྱེ་མཆེད་སྡོང་བུར་འདྲིལ། །རེག་པའི་མེ་ཏོག་ཚོར་བའི་འབྲས་སྨིན་ཡང་། །རྒ་ཤིས་བརྔས་ཏེ་སླར་ཡང་སྲིད་པར་འདེབས། །ཇི་སྲིད་བདག་མེད་མེ་ཡིས་མ་བཅོམ་པ། །དེ་སྲིད་སྐྱེ་ཤིའི་འཁོར་ལོ་བསྐོར་དགོས་པས། །གནས་ལུགས་ཟབ་མོད་བག་ཆགས་ཅི་ཐེབས་ཀྱིས། །སྲིད་པའི་རྩ་བ་དྲུང་ནས་འབྱིན་པར་ཤོག །ཞེས་གསུངས་སོ། །གོང་གི་དེ། སཱ་ལུ་ལྗང་པའི་མདོ་ལ་གཞི་བྱས་པར་སྣང་སྟེ། རྗེའི་ལམ་རིམ་ཆེན་མོ་ལས། སཱ་ལུ་ལྗང་པའི་མདོ་ལས་ནི་ཡན་ལག་བཅུ་གཉིས་སྡུད་པའི་རྒྱུ་བཞི་གསུངས་ཏེ། མ་རིག་པའི་འདེབས་པ་པོས་ལས་ཀྱི་ཞིང་ལ་རྣམ་ཤེས་ཀྱི་ས་བོན་བཏབ་པ་དེ་སྲེད་པའི་ཆུས་བརླན་པར་བྱས་ནས་མའི་མངལ་དུ་མིང་གཟུགས་ཀྱི་མུ་གུ་འགྲུབ་པར་བཤད་དོ། །ཞེས་གསུངས་པས་ཤེས་སོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དཔེ་རིས་ཀྱི་ཁུངས་ནི། འདུལ་བ་ལུང་རྣམ་འབྱེད་༼ ཇ ༽༡༡༤བ༤ན་ཡོད་ཅིང་། དེ་བཞིན་དུ་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༤༩བ༢ དང་། འདུལ་བ་མདོ་རྩ་བ། མདོ་རྩ་རང་འགྲེལ། མཚོ་ཊཱིཀ་སྨད་ཆ་སོགས་ན་གསུངས་སོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ཞེས་པའི་ཐད་དུ་གཟིགས།