13333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨར་མོ་ནིག
Tibetan Definition 1 ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅིག་གི་མིང༌། རི་རབ་ཀྱི་རྩེ་མོ་ན་སུམ་ཅུ་རྩ་གསུམ་གྱི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ཡོད་ལ། དེའི་ཕྱི་རོལ་གྱི་བྱང་ཤར་གྱི་མཚམས་ན་དཔག་བསམ་གྱི་ཤིང་ཡོད་ཅིང༌། དེའི་དྲུང་ན་རྡོ་ལེབ་འདི་ཡོད་པར་མཆིམས་མཛོད་དུ་བཤད་དོ། །རྡོ་ལེབ་འདིའི་ཁྱད་ཆོས་ནི། མཆིམས་མཛོད་༣༠༨ལས། དཔག་བསམ་གྱི་ཤིང་གི་དྲུང་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་མཐའ་དཔག་ཚད་ཉིས་བརྒྱས་འཁོར་བའི་གྲུ་བཞི་པ་འཕང་དུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་བཅོ་བརྒྱད་ཆ་གཅིག་ཡོད་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་ཞིང་རེག་ན་འཇམ་པ་མེ་ཏོག་མན་ད་ར་བས་པུས་ནུབ་ཙམ་དུ་ཁེབས་པ་ཡོད་དེ། དེའི་དབུས་སུ་བརྒྱ་བྱིན་གྱི་སེང་གེའི་ཁྲི་དང་དེའི་དྲུང་ན་ཉེ་དབང་ལ་སོགས་པ་རྣམས་ཀྱི་སེང་གེའི་ཁྲི་བཤམས་པ་ལ་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་དབྱར་ཟླ་བ་བཞིར་ལྷའི་འདོད་ཡོན་ལ་རྩེ་ཞིང་རང་རང་གི་ལས་ཀྱི་འབྲས་བུ་མྱོང་བར་བྱེད་དོ་ཞེས་གདགས་པ་ལས་བཤད་དོ། །ཞེས་གསུངས། རྒྱ་གར་གྱི་སློབ་དཔོན་ཚུལ་ཁྲིམས་ཀྱི་ལུང་ཕྲན་ཚེགས་ཀྱི་རྣམ་བཤད་ལས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཨར་མོ་ནིག་ལྟ་བུའི་རྡོ་ལེབ་ནི་རབ་ཏུ་བྱུང་བ་དང་རྗེས་སུ་མཐུན་པའི་བདེ་བའི་གནས་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང༌། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐརསོགས་མཁས་པ་གཞན་གྱིས། ཨར་མོ་ནིག་སྟེ་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅེས་གསུངས།