13342

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨཱརྱ་དེ་བ
Tibetan Definition (ལེགས་སྦྱར) འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ། སློབ་དཔོན་ཨརྱ་དེ་བ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཞིང༌། སྟོན་པ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ལོན་པ་ན། སིངྒ་ལའི་རྒྱལ་པོ་པཉྩ་ཤྲིངྒ་ར་ཞེས་བྱ་བའི་པདྨའི་ཚལ་དུ་སྐུ་འཁྲུངས། ལོ་རྒྱུས་ཅུང་ཟད་ཞིབ་པ་ནི། འཕགས་པ་ལྷ་ནི། བཅོམ་ལྡན་འདས་འཁོར་འདུས་པའི་དབུས་སུ། ཆོས་གསུངས་པའི་ཚེ་བྱ་རོག་གཅིག་གིས་དབུ་ལ་བྱ་ཐལ་དོར་ཏེ་སོང་ངོ་། །དེའི་འཁོར་རྣམས་ཐེ་ཚོམ་སྐྱེས་ཏེ། འདི་ཅི་ལྟས་ལགས་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། བྱ་རོག་འདི་མ་འོངས་པའི་དུས་སུ། མུ་སྟེགས་ཀྱི་པཎྜི་ཏ་རྟ་དབྱངས་ཞེས་བྱ་བར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེའི་ཚེ་འཁོར་དེ་ན། བྱང་ཆུབ་སེམས་དཔའ་ལག་ན་པདྨོ་ཞེས་བྱ་བ་འདུག་པ་དེས། མུ་སྟེགས་དེ་བདག་གིས་བཏུལ་ནས། ནང་པ་སངས་རྒྱས་པའི་བསྟན་པ་ལ་འཛུད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ། སྟོན་པས་ཀྱང་གནང་ངོ་། །དེ་ནས་དུས་ཕྱིས་སིངྒ་ལའི་རྒྱལ་པོའི་མེ་ཏོག་གི་ལྡུམ་རར་པདྨོ་རྣམས་ཉིན་མོ་ཁ་བྱེ། མཚན་མོ་ཟུམ་པ་ཡིན་པ་ལ། པདྨ་གཅིག་ཉིན་མཚན་མེད་པར་ཁ་ཟུམ་པར་གྱུར་པ་དང་། ལྡུམ་རའི་གཉེར་པས་རྒྱལ་པོ་ལ་གསོལ་པས། དེ་ལས་སྲས་ཁྱད་པར་ཅན་འཁྲུངས་པི་ལྟས་ཡིན་པས་ལེགས་པར་གཉེར་གྱིས་ཤིག་ཅེས་བསྒོའོ། །ནམ་ཞིག་ཚེ་པདྨ་ཁ་བྱེ་བ་དང་། ཁྱེའུ་མཚན་དང་ལྡན་པ་ཞིག་འདུག་སྟེ། སློབ་དཔོན་ཀླུ་སྒྲུབ་གང་ན་བཞུགས་ཟེར་བ་དང་། དེས་རྒྱལ་པོ་ལ་བསྙད་པས། རྒྱལ་པོས་སྲས་སུ་བཟུང་ནས། བསྐྱེད་ཆེར་བསྲིངས་སོ། །ཆེར་སྐྱེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་སྤྱན་སྔར་བྱོན། རྗེས་སུ་བསྟན་པ་མཐའ་དག་ནོད་ཅིང་། ཐོས་བསམ་མཐར་ཕྱིན་པར་མཛད་ནས་སློབ་དཔོན་དང་ལྷན་ཅིག་དཔལ་གྱི་རི་ལ་གཤེགས་སོ། །དེ་སྐད་དུ། བཞི་བརྒྱ་པའི་འགྲེལ་པ་ལས། འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ། སིངྒ་ལའི་རྒྱལ་པོའི་སྲས་ཤིག་སྟེ། མཐར་རྒྱལ་ཚབ་བོར་ནས། དེ་ཉིད་དུ་རབ་ཏུ་བྱུང་ཞིང་། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་བལྟར་འོངས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཉེ་གནས་ཉིད་དུ་གྱུར། ཅེས་གསུངས་སོ། །དུས་དེའི་ཚེ་རྒྱ་གར་ཤར་ཕྱོགས་ན་བུད་མེད་ཉི་ཤུ་ཙམ་ཞིག་སངས་རྒྱས་ཀྱི་བསྟན་པ་ལ་གུས་པར་གནས་སོ། །བུད་མེད་གཅིག་ལ་བྲམ་ཟེའི་རིགས་ཁྱེའུ་གཅིག་བཙས། ཆེར་སྐྱེས། སྒྲ་ཚད་ལ་མཁས་པར་བསླབས། དེར་མ་ནང་པ་ཡིན་པས་ནང་པ་ལ་གཟུད་པར་འདོད་ཀྱང་། ཕ་ཕྱི་པ་ཡིན་པས་ཁོ་མ་ཉན་ཏེ། མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་ལ་ཞུགས་ཏེ། དེ་ལ་མཁས་པར་སྦྱངས་སོ། །དེ་ནས་དབང་ཕྱུག་ཆེན་པོ་བསྒྲུབས་པས། ཞལ་མངོན་སུམ་དུ་མཐོང་སྟེ། ཁྱོད་ཅི་འདོད་ཟེར་བ་དང་། ཕྱོགས་ལས་རྣམ་པར་རྒྱལ་བར་འདོད་དོ། །ཞེས་ཞུས་པས། མངལ་སྐྱེས་ཐམས་ཅད་ཀྱིས་ཐུབ་པ་མེད་པར་གྱུར་ཅིག ཅེས་མཆོག་དང་དངོས་གྲུབ་བཞི་བྱིན་ཏེ། ཁོ་རང་ལ་སྒྲ་ཚད་ཀྱི་ཤེས་རབ་ཐོད་རྒལ་བ་ཞིག་དང་། སྲིང་མོ་པཎྜི་ཏ་ཞེས་བྱ་བ་སྒྲ་ཚད་ཀྱི་རྩོད་པ་ལ་མཁས་པ་ཞིག་དང་། ནེ་ཙོ་པཎྜི་ཏ་ཞེས་བྱ་བ་སྒྲ་ཚད་ལ་མཁས་པ་ཞིག་དང་། ཐོད་ལེ་ཀོར་པཎྜི་ཏ་ཞེས་པ་ས་ལ་སྐྱུར་བ་ཙམ་གྱིས་སྒྲ་ཚད་ཀྱི་སྦྱོར་བའི་ཡི་གེ་རང་བྲིས་སུ་འོང་བ་ཞིག་སྟེ། བཞི་བྱིན་ནོ། །དེ་བཞིས་མ་ཐུབ་ན། ང་རང་སྙིང་གི་དཀྱིལ་དུ་ཞུགས་ལ་བྱིན་གྱིས་བརླབ་བོ། །ཞེས་ཁས་བླངས་སོ། །དེ་ནས་དེས་རྒྱ་གར་ཤར་ཕྱོགས་ཀྱི་ནང་པའི་པཎྜི་ཏ་རྣམས། འོ་ཅག་རྩོད་པ་བྱེད་དགོས། ཁྱེད་རྒྱལ་ན་ང་རང་ཆུ་བོ་གངྒཱ་ལ་འཆིར་འགྲོ་ཡི། ང་རྒྱལ་ན་ཁྱེད་རྣམས་ངའི་གྲུབ་ལ་འཇུག་དགོས་ཤིང་། ཁྱེད་ཀྱི་གཙུག་ལག་ཁང་དང་། ཆོས་རྣམས་ཀྱང་བསྲེག་དགོས་ཟེར་ཏེ། རྩོད་པ་བྱས་པས། ཁོ་རྒྱལ་ནས་ནང་པའི་བསྟན་པ་བཤིག་གོ། དེ་བཞིན་དུ། རྒྱ་གར་ལྷོ་ཕྱོགས་སུའང་བྱས་ནས། མ་ལ་ངས་འདི་ལྟར་བྱས་སོ་ཞེས་བསྒྲགས་པ་དང་། མའི་བསམ་པ་ལ། ཀྱེ་མ་འདི་ནང་པའི་པཎྜི་ཏ་ཞིག་གིས་ཚར་བཅད་ནས་ནང་པ་ལ་བཙུད་ན་ཅི་མ་རུང་སྙམ་དུ་སེམས་ཏེ། བུ་སངས་རྒྱས་ཀྱི་བསྟན་པ་རྟའི་ལུས་ཙམ་ལ། རྒྱ་གར་ཤར་དང་ལྷོ་ན་རྟའི་རྣ་བ་ཙམ་ཡང་མེད། དེ་གཉིས་ན་ནང་པའི་པཎྜི་ཏ་མཁས་པར་ཚུད་པ་ཙམ་ཡང་མེད། དེ་དག་ཕམ་པར་བྱས་པས་མཁས་པར་ཡང་མི་ཆ། བསྟན་པ་རྫོགས་པ་དང་། པཎྜི་ཏ་མཁས་པ་ཡུལ་དབུས་ན་ལེནྡྲ་ལ་སོགས་པ་ན་ཡོད་པས། དེ་དག་ལས་རྒྱལ་ན་མཁས་པར་འགྱུར་བ་ཡིན་ནོ། །ཞེས་སྨྲས་པ་དང་། ཁོ་ང་རྒྱལ་སྐྱེས་ཏེ། དེ་ཐམས་ཅད་མིང་མེད་པར་བཅོམ་ལ་མུ་སྟེགས་པའི་བསྟན་པ་ལ་གཞུག་སྙམ་སྟེ། ཡུལ་དབུས་སུ་ཕྱིན་ནོ། །དེར་ན་ལེནྡྲ་དང་ཉེ་བའི་གྲོང་ཞིག་ཏུ་ཕྱིན་པ་དང་། བུད་མེད་གཅིག་ལ། ན་ལེནྡྲ་གང་ན་ཡོད། ཅེས་དྲིས་པ་ན་བླུན་པོ་ན་ལེནྡྲ་ཞེས་ཟེར་བ་ཡིན་ནོ། །ཟེར་རོ། །དེར་ཁོའི་བསམ་པ་ལ། འདི་ནི་ལ་ཉེ་ངན་ནོ་ཞེས་སེམས་བཞིན་དུ་སོང་སྟེ། ན་ལེནྡྲར་ཕྱིན་ནོ། །གནས་དེ་ན་གནྡྷོ་ལ་ཆེན་པོ་བདུན། ལྷ་ཁང་ཆེན་པོ་བཅུ་བཞི། པཎྜི་ཏ་མཁས་པ་སྟོང་ལྔ་བརྒྱ་ཡོད་པ། དེར་ཕྱིན་ཏེ། ང་མུ་སྟེགས་རྟ་དབྱངས་བྱ་བ་ཡིན། ཁྱེད་དང་རྩོད་པ་བྱེད། ཁྱེད་རྒྱལ་ན་ང་རང་ཆུ་བོ་གངྒཱ་ལ་འཆིར་འགྲོ། ང་རྒྱལ་ན་ཁྱེད་རྣམས་ངའི་གྲུབ་མཐའ་ལ་འཇུག་དགོས་ཤིང་། ཁྱེད་ཀྱི་གཙུག་ལག་ཁང་དང་། ཆོས་རྣམས་ཀྱང་བསྲེག་དགོས་ཟེར། དེའི་དཔང་པོ་རྒྱལ་པོ་ལ་འཆོལ་བ་ཡིན་པས། དུས་ཐོབ་ཅིག་བྱས་པས། དེར་ནང་པ་རྣམས་གྲོས་བྱས་པས། འདི་མདོ་ནས་བསྟན་པ་ཉམས་པར་བྱེད་པར་ལུང་བསྟན་པ་ཡིན། རྒྱ་གར་ཤར་དང་ལྷོའི་ནང་པ་ཐམས་ཅད་ཕམ་པར་བྱས་འདུག་པས། འ་ཅག་གིས་མི་ཐུབ། དཔལ་གྱི་རི་ནས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་སྤྱན་དྲང་བར་བྱ། དེའི་ལོང་ཡོད་པར་བྱའོ། །ཟེར་ཏེ། ཞག་སུམ་ཅུ་ནས་རྩོད་དུས་བྱས་སོ། །དེར་ཁོས་ཀྱང་གཞན་ཞིག་སྦྲོན་པར་ཤེས་ཏེ། རེ་ཞིག་ཁྱེད་དང་རྩོད་པ་བྱེད་ཀྱི། ཕྱི་པ་ནང་དུ་མ་འགྲོ། ནང་པ་ཕྱི་ལ་མ་འགྲོ་ཟེར་ནས། ཁོ་སྒོ་ལ་ཉལ་ནས་ཕྱི་ནང་གི་འགྲུལ་བཅད་དོ། །དགེ་འདུན་རྣམས་གདུགས་ཚོད་གསོལ་བའི་བར་ལ་མགོ་ལ་དབུག་གུས་རྡེག་ཅིང་གྲངས་བྱེད་དོ། །དེར་དགེ་འདུན་རྣམས་ཀྱིས། སློབ་དཔོན་ཡབ་སྲས་སྤྱན་འདྲེན་པ་ལ། མི་ཕྱིན་ཀྱང་དུས་ལ་མི་སླེབས། ཆོས་སྐྱོང་མགོན་པོ་ལ་གསོལ་བ་གདབ་བོ། །ཞེས་གྲོས་བྱས་ནས། ཞུ་འབུལ་གྱི་འཕྲིན་ཡིག། ཤིན་ཏུ་འཁུར་དཀའ་ཁུར་གྱིས་དུབ་ཁྱུ་མཆོག་རྣམས་ནི་ཁྱོད་ལ་གསོལ་འདེབས་ན། །ཀྱེ་མ་རྨ་མེད་ཉིད་དུ་རལ་པ་འབའ་ཞིག་གིས་ནི་རབ་ཏུ་འཕུག་བྱེད་དམ། འདི་ན་ནུས་ལྡན་གཞན་མེད་འཁོར་ལོ་བྱིང་བ་ཅན་གྱི་ཤིང་རྟ་མྱུར་དུ་དྲོངས། །བལྟ་ཞིང་འདུག་གམ་ཡུན་རིང་གནས་ཀྱང་འདི་ནི་ཁྱེད་ཀྱི་ཁུར་ཡིན་ཕྲག་ལ་ལོངས། །ཞེས་པ་བྲིས་ཏེ་གཏོར་མའི་སྟེང་དུ་བཞག་ནས། མགོན་པོ་ལ་གསོལ་བ་བཏབ་པས། བྱ་རོག་གཅིག་བྱུང་སྟེ། འཕྲིན་ཡིག་མཆུས་བླངས་ཏེ། འཕུར་ནས་སོང་། དེར་མགོན་པོ་དེས། སློབ་དཔོན་ཡབ་སྲས་གཉིས་ལ་འཕྲིན་ཡིག་གཏད་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་གཟིགས་ནས་མུ་སྟེགས་རྟ་དབྱངས་ཀྱིས་བསྟན་པ་ཉམས་དམས་པར་བྱས་ཡོད་པར་འདུག །དེ་བཟློག་པ་ལ་ང་འགྲོ་གསུངས་པ་དང་། འཕགས་པ་ལྷའི་ཞལ་ནས། སློབ་དཔོན་གཤེགས་མི་འཚལ། བདག་ཕྱིན་ནས་དེ་འདུལ་ལོ་གསུང་། དེར་ཁྱོད་ཀྱིས་ཁོ་ཐུབ་མི་ཐུབ་བལྟའོ་གསུངས་ནས། སློབ་དཔོན་གྱིས་ཁོའི་གྲུབ་མཐའ་གཟུང་། འཕགས་པ་ལྷས་བཀག་པས། ལན་གསུམ་ཁོང་རྒྱལ་ནས། མུ་སྟེགས་ངན་པ་དེ་ཁྱེར་བྱས་ཏེ། མཆིལ་ལྷམ་འཕངས་སོ། །དེར་འགྱོད་པ་སྐྱེས་ནས། སློབ་དཔོན་གྱི་ཞལ་ནས། དེ་ལ་ཉེས་པ་མེད། ཁྱོད་ཀྱིས་ཁོ་ཐུབ་པར་འདུག་པས་སོང་ཞིག་གསུངས། རྫུ་འཕྲུལ་གྱིས་འོངས་པས། ལྷ་མོ་གཅིག་སྤྱན་སློང་བ་ལ་སྤྱན་བྱིན་ནོ། །དེ་ནས་ན་ལེནྡྲར་ཕྱིན་ནས། ཆུ་ལེན་པ་ལ། ང་འོངས་སོ་གྱིས་བྱས་པས། དེ་ན་རེ། ང་འོངས་སོ་ཟེར་བའི་བཙུན་ཆུང་གཅིག་འདུག་ཟེར། དགེ་འདུན་རྣམས་ཀྱིས། དེ་སུའི་སྤྲུལ་པ་ཡིན་མི་ཤེས་པས་བརྟག་པར་བྱའོ། །ཞེས་ཆུ་ལུག་མིག་གང་མེ་ལོང་གི་ནང་དུ་བླུགས་ནས་བསྐུར་བཏང་བས། སློབ་དཔོན་གྱིས་དེས་ཁྲུས་བྱས་ཆུ་མ་གོད་པར་སློག་བཏང་བས། འཕགས་པ་ཡིན་པར་ཤེས་ཏེ། ཆུ་ལེན་གྱི་ཆ་ལུགས་སུ་སྤྲུལ་ལ་བྱོན་ཅིག །ཅེས་ཞུས་པས། དེ་ལྟར་བྱས་ཏེ། ནང་དུ་བྱོན་པའི་ཚེ། ཆུ་ལེན་གྱིས་ཁོ་ལ་ཕྱག་བྱ་དགོས་པ་ལ། སློབ་དཔོན་གྱིས་ཁོའི་མགོ་ལ་རྡོག་པ་བཞག་སྟེ་བྱོན་ནོ། །དེར་དགེ་འདུན་གྱི་གྲལ་གྱི་སྨད་གྱི་ཆར་བཞུགས་པ་དང་། ཁོས་བགྲངས་པས་གྲངས་ལྷག་ནས། སྔོན་མེད་པའི་མགོ་ཟླུམ་ག་ན་ཡོད་ཟེར་བ་ལ། མགོའི་སྟེང་ན་ཡོད་ཅེས་བྱས་པ་དང་། ཁོས་རྩོད་པ་བྱེད་པར་ཤེས་ཏེ། བྱིའུ་གཅིག་ཆང་པར་བཟུང་ནས། འདི་ཤི་བའམ་མ་ཤི་བ་ཡིན་ཟེར། དེ་ཁྱོད་ལ་རག་ལས་སོ། །ཞེས་བརྗོད། ཐེམ་པའི་སྟེང་ན་འདུག་སྟེ། ང་ཕྱི་ན་འདུག་གམ་ནང་ན་འདུག་ཟེར། ཁྱོད་ཀྱི་སྤྱོད་ལམ་ལ་རག་ལས་ཞེས་བརྗོད་པས། སྤོབས་པ་ལན་མེད་དུ་གྱུར་ཏོ། །དེ་ནས་དགེ་འདུན་རྣམས་ཀྱིས། སྲིང་མོ་དང་། ནེ་ཙོ་དང་། ཐོད་ལེ་ཀོར་པཎྜི་ཏ་གདའོ། །ཞེས་ཞུས་པས། དེའི་གཉེན་པོར་དགེ་བསྙེན་ངོ་ཚ་མེད་པ་དང་། བྱི་ལ་དང་། མར་ནག་རྣམས་སྟ་གོན་བྱས་སོ། །དེར་ཡང་རྩོད་པ་བྱེད་པའི་དོ་ནུབ་དབུས་སུ་རྒྱལ་པོ། གཡས་སུ་སློབ་དཔོན། གཡོན་དུ་རྟ་དབྱངས་ཀྱི་ཁྲི་བཤམས། ཁོའི་ཁྲིའི་སྟེང་གི་ཆར་སྐྲ་རྙིང་ལ་སོགས་པ་མི་གཙང་བའི་རྫས་བཞག་གོ། ནང་པས་ཁྲི་ལ་སོ་སོར་འཁོད། འཁོར་རྣམས་ཀྱང་འཁོད་པ་དང་། ཁ་ན་རེ། མིག་གཅིག་པ་འདི་ཅི་འདྲ་ཡིན་ཞེས་སྨྲས་པ་དང་། སློབ་དཔོན་གྱིས། དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །ཨཱརྱ་དེ་བ་མིག་གཅིག་པོ་ནི་གང་ཡིན་དེས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང་། །ཞེས་གསུངས། དེར་ཁོའི་རལ་པ་བཏེག་སྟེ་མིག་གཅིག་བསྟན་པ་དང་། སློབ་དཔོན་གྱིས་དེ་ཡང་ངོ་མཚར་ཆེ་རྒྱུ་མེད་ཅེས་ཞབས་མཐིལ་ནས་ཀྱང་མིག་བསྟན་ཏོ། །དེ་ནས་རྒྱལ་པོ་དཔང་དུ་བཞག་ནས། རྩོད་པ་དང་། དང་པོ་ཀུན་གྱི་གོ་ཡང་། ཅི་ཞིག་ལྟར་ཡང་གྲུབ་མཐའ་ཤིན་ཏུ་ཆ་ཕྲ་བར་གྱུར་ཏེ། རྗེས་སུ་བརྗོད་པའི་དབང་པོས་རྗེས་བརྗོད་མ་ཟིན། ཤགས་འབྱེད་པའི་དཔང་པོས་ཤགས་མ་ཕྱེ། དེའི་སྟོབས་ཀྱིས་རྒྱལ་པོས་ཀྱང་ཚར་གཅོད་མ་ཤེས་པ་དང་། ཁོ་ན་རེ། བླུན་དཔྱད་ལ་འདྲིའོ་ཟེར་བས། བ་ལང་རྫི་བཀུག་ནས་དྲིས་པས། སློབ་དཔོན་རྒྱལ་ཟེར་བ་དང་། ཁོ་ན་རེ། ད་རྫུ་འཕྲུལ་འགྲན་པས། ཁྱོད་རང་ནམ་མཁའ་ལ་དཀྱིལ་འཁོར་བྲིས། ཡང་ན་ཁྱེད་རང་བསུབས་ཟེར་བ་ལ། ཁོ་འདྲིར་བཅུག་ནས་སློབ་དཔོན་གྱིས་བསུབས་སོ། །ཡང་ན་ང་ནམ་མཁའ་ལ་འཕུར། ཡང་ན་ཁྱོད་འཕུར་ཟེར་བ་ལ། ཁྱེད་རང་འཕུར་གསུངས་པས། ཁོ་རྒྱང་རིང་པོར་འཕུར་བས། སློབ་དཔོན་ཡུམ་ཆེན་མོའི་སྐུ་ཤིན་ཏུ་ཆེ་བ་ཅིག་ཏུ་སྤྲུལ་ནས། ཁོ་པུས་མོའི་ལྷ་ངའི་བར་དུ་ཕྱག་གིས་ཐལ་མོས་བཀག་སྟེ་འཕུར་གསུངས་པས། དེར་ཁོས་འཕུར་མ་ནུས། དེ་ལྟར་རྩོད་པ་དང་། ནུས་པ་དང་། རྫུ་འཕྲུལ་གང་ལའང་འགྲན་མ་ནུས་པར་ཤིན་ཏུ་ངོ་ཚ་སྟེ། དབང་ཕྱུག་སྙིང་ལ་ཞུགས་ཏེ་བྱིན་གྱིས་རློབ་པར་ཁས་བླངས་པ་དང་། མི་གཙང་བའི་རྫས་ཀྱིས་འཁོར་མ་ནུས་པས། ལྷས་མང་པོའི་ངོར་བསླུས་སོ་ཞེས་སྨྲེ་སྔགས་བཏོན་ནས། སྔར་གྱི་ང་རྒྱལ་ཆེས་པས་ཤིན་ཏུ་སྐྱེངས་ཏེ། ཚངས་པའི་འཇིག་རྟེན་དུ་འགྲོའོ་སྙམ་སྟེ། བྲོས་སོ། །སློབ་དཔོན་གྱིས་བདས་པས། ནམ་མཁའ་མཐོ་སར་ཟིན་པས། ད་ཁྱོད་འདི་ནས་ཡར་འགྲོ་ན། རླུང་སྤུ་གྲི་ཅན་གྱིས་ལུས་དུམ་བུར་གཏུབ་པ་ཡོད་གསུངས་པས། ཡོད་པ་ཅིས་ཤེས་ཟེར། ཁྱོད་རང་རལ་པ་གཅིག་ཆོད་ལ་འཕོངས་དང་བྱས། ཁོས་དེ་ལྟར་བྱས་པས་སྐྲ་དུམ་བུར་སོང་བས། ཁོ་བྲེད་དེ་འགྲོ་མ་ནུས། དེར་ཁྲིད་ནས་འོངས་ཏེ། རལ་པ་བྲེགས་ཤིག་བྱས་པས། ཁོ་ན་རེ། རལ་པ་མི་འབྲེག ང་རང་གངྒཱར་འཆིར་འགྲོ། ཟེར་ཡང་རལ་བྲེགས་ནས་བཀའ་སྡེ་སྣོད་མང་པོ་བཞུགས་པའི་གཙུག་ལག་ཁང་གཅིག་ཏུ་བཅུག་སྟེ། སྒོ་ལྕགས་བཅུག་བཞག་པས་ཁོ་སྐྱོ་སྟེ། མདོ་རྒྱུད་བསྟན་བཅོས་ཁྱད་པར་རྣམས་བལྟས་པས་རང་གི་ལྟ་བ་ལོག་པར་སྤྱད་པ་ནོར་བར་གོ། རྒྱུ་འབྲས་ཁྱད་དུ་བསད་པི་སྡིག་པས་དམྱལ་བར་སྐྱེ་བར་གོ་ནས། ཤིན་ཏུ་བྱ་བ་མ་ཡིན་པ་བྱས་པ་ལ་འགྱོད་དེ། ཉེས་པ་ལྕེ་འདིས་བྱས་པས་ལྕེ་གཅོད་ཟེར་ཏེ། སྐྱེ་ཚང་ནས་སྤུ་གྲི་བླངས་པས། དེ་ལྟར་བྱེད་མ་སྟེར། དོ་ནུབ་རྨི་ལམ་ན། སྔར་བྱས་ལས་ལ་འགྱོད་པ་སྐྱེས་པས་ཀྱང་འབྱང་ན་ང་ནང་པ་སངས་རྒྱས་པར་ཞུགས་ནས། ལས་རྒྱུ་འབྲས་སྟོན་པའི་བསྟན་བཅོས་བརྩམས་ན་སྡིག་པ་འདག་གོ། ཞེས་ལུང་བསྟན་བྱུང་བས། མདོ་དྲན་པ་ཉེར་གཞག་ལ་སོགས་བལྟས་ཏེ། ལས་རྒྱུ་འབྲས་སྟོན་པའི་བསྟན་བཅོས། དགེ་བ་བཅུ་དང་། རྩ་ལྟུང་བཅུ་བཞི་དང་། བླ་མ་ལྔ་བཅུ་པ་ལ་སོགས་པ་མཛད་དོ། །ཨཱརྱ་དེ་བ་དེ་བླ་མར་བྱས། གདམས་པ་ཞུས། ཉམས་སུ་བླངས་པས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ། །ཨཱརྱ་དེ་བ་ནི། འཇམ་དཔལ་རྩ་རྒྱུད་ལས། གཞན་ཡང་རབ་བྱུང་དམ་པ་ནི། །སིངྒ་ལ་ཡི་གནས་ན་གནས། །འཕགས་པ་མིན་ལ་འཕགས་པའི་མིང་། །ཕ་རོལ་རྒོལ་བ་བཟློགས་ནས་ནི། །མུ་སྟེགས་ཅན་གྱིས་སྔགས་སུན་དབྱུང་། །ཞེས་པ་དང་། དུས་འཁོར་རྒྱུ་ཕྱི་མ་ལས། དགེ་བཅུའི་ལམ་གྱིས་གྲུབ་པར་གྱུར་པ་འཕགས་པའི་ལྷ། །ཞེས་ལུང་བསྟན་པའི་སློབ་དཔོན་དེས། ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་དབུ་མ་བཞི་བརྒྱ་པ། དབུ་མ་ལག་པའི་ཚད། འཁྲུལ་པ་བཟློག་པ་རིགས་གྲུབ་པ། གྲུབ་པའི་མཐའི་རྣམ་དབྱེ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་དང་། སྔགས་ཕྱོགས་ལ་རིམ་ལྔའི་དོན་འགྲེལ། སྤྱོད་པ་བསྡུས་པའི་སྒྲོན་མ་དང་། སེམས་དབེན་སྟོན་པ་སེམས་ཀྱི་སྒྲིབ་སྦྱོང་། སྒྱུ་ལུས་སྟོན་པ་ངག་བྱིན་རླབས་ཀྱི་རབ་དབྱེ་མཛད་དོ། །འོད་གསལ་དང་ཟུང་འཇུག་སྟོན་པ་མངོན་པར་བྱང་ཆུབ་པའི་རིམ་པ་མཛད་ཟེར་ཏེ། འདི་ནས་བསྟན་བཅོས་དྲི་མ་མེད་པ་རྣམས་སུ་དྲངས་པ་ཡང་མི་སྣང་ཞིང་། ཚིག་དོན་ལའང་ཐེ་ཚོམ་གྱི་གཞི་བག་རེ་སྣང་ངོ་། །རོ་སྲེག་གི་ཆོ་ག་དང་། ཡ་ར་ལ་ཝ་ཚུལ་བཞིར་བཤད་པ་མཛད་ཟེར། བརྟག་པའི་གནས་སོ། །ཨཱརྱ་དེ་བས་མཛད་ཟེར་བའི་སྒྲོན་གསལ་གྱི་འགྲེལ་བཤད་ནི། བོད་གཅིག་གིས་བྱས་པར་སྣང་སྟེ། རྡོག་ཨཱརྱ་དེ་བ་ཡིན་ནམ་བརྟག་པར་བྱའོ། །བུ་སྟོན་གསང་འདུས་ཆོས་འབྱུང་ལས་གསུངས་པ་ལྟར་རོ། །