13353

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨིནྡྲ་བྷཱུ་ཏི
Tibetan Definition (ལེགས་སྦྱར) བོད་སྐད་དུ་བསྒྱུར་ན་ “འབྱུང་པོའི་དབང་པོ” ཞེས་པ་སྟེ། འདི་ལ་ཆེ་འབྲིང་ཆུང་གསུམ་ཡོད། ༡ ༼ ཨིནྡྲ་བྷཱུ་ཏི་ཆེ་བ་ནི ༽ སངས་རྒྱས་ཞལ་བཞུགས་པའི་དུས་སུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་བྱུང་ཞིང་། བཅོམ་ལྡན་འདས་ཀྱི་མཚན་ཐོས་ཙམ་གྱིས་དད་གུས་ཀྱིས་ཕྱག་འཚལ་ཞིང་། ཡིད་ཀྱིས་གསོལ་བ་བཏབ་པས་བཅོམ་ལྡན་འདས་མངོན་སུམ་དུ་བྱོན། གསང་འདུས་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར། འདོད་ཡོན་མི་སྤོང་བར་ལམ་དུ་བྱེད་པའི་ཐབས་ཞུས་པ་བཞིན་རྒྱུད་བསྟན་ཅིང་གདམས་པས་རྗེས་སུ་བཟུང་། རྒྱལ་པོས་ཀྱང་དོན་རྣམས་ཐུགས་སུ་ཆུད་ནས་སྤྲོས་བཅས་ཀྱི་སྤྱོད་པ་རྒྱ་ཆེན་པོ་བརྩམས་པས་འཁོར་དང་བཅས་པས་རིག་པ་འཛིན་པའི་ས་བརྙེས་སོ། །འདི་ལ་ཨིནྡྲ་བྷཱུ་ཏི་ཆེ་བ་ཞེས་གྲགས། འདི་ཡེ་ཤེས་ཐིག་ལེ་ལས་ལུང་བསྟན་པའི་ཨིནྡྲ་བྷཱུ་ཏི་ཡིན་པར་བཤད། ལོ་རྒྱུས་ཞིབ་པར་གོང་དུ་གསང་བ་འདུས་པ་ཞེས་པའི་ཐད་དུ་གཟིགས། དེབ་སྔོན་སྟོད་ཆ་ (༤༤༡) ལས་འདི་དང་ལྭ་བ་པ་གཉིས་གང་ཟག་གཅིག་ཡིན་པར་གསུངས་འདུག། བཀའ་ཐང་ཟངས་གླིང་མ་༥བ༤ལས། སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ཡབ་མཛད་པ་དང་རྒྱལ་ས་བཟུང་བའི་ལེའུ་སྟེ་དང་པོའོ། །ཞེས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་སློབ་དཔོན་པདྨའི་ཡབ་དོད་ཡིན་པར་བཤད་ལ། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འདི་སློབ་དཔོན་པདྨའི་ཡབ་དོད་ཡིན་པར་སྙམ་ཞེས་གསུངས་པ་ནི་དཔྱད་པར་འོས་པ་ཞིག་སྟེ། སློབ་དཔོན་པདྨ་ནི་དུས་རབས་དགུ་པའི་འགོ་སྟོད་ལ་བྱོན་པ་ཡིན་ལ། རྒྱལ་པོ་འདི་ནི་སྟོན་པ་ཞལ་བཞུགས་དུས་སུ་བྱོན་པ་བུ་རིན་པོ་ཆེའི་གསང་འདུས་ཆོས་འབྱུང་དུ་བཤད་པས་དུས་ཚིགས་མི་འགྲིག་པའི་ཕྱིར་རོ། །ཇོ་བོའི་ལམ་སྒྲོན་རང་འགྲེལ་ལས་ཀྱང་། འདི་སློབ་དཔོན་ཀླུ་སྒྲུབ་སྔོན་དུ་བྱུང་བར་གསུངས་ཏེ། དེ་ཉིད་ལས། ལྷག་པའི་བསམ་པ་བཟང་པོས་ཆོ་ག་བྱའོ། །དེ་ཡང་འཛམ་བུའི་གླིང་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱི་དགོངས་པ་ཐ་དད་པར་གྱུར་ཏེ། སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་འཕགས་པ་ཤཱནྟ་དེ་བ་དང་། སློབ་དཔོན་འཕགས་པ་ཙནྡྲ་གཽ་མི་དང་། སློབ་དཔོན་དཾཥྚྲ་ཨ་སེ་ན་དང་། སློབ་དཔོན་དཔའ་བོ་དང་། སློབ་དཔོན་ཤཱནྟ་རཀྵི་ཏ་ལ་སོགས་པ་མཁས་པ་ཆེན་པོ་དེ་དག་གི་དགོངས་པ་ནི་འདི་ལྟར་ཐ་དད་པར་འགྱུར་ཏེ། དང་པོར་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་ཐ་དད་པར་གྱུར་ཏོ། །ཞེས་གསུངས་སོ། །༢ ༼ ཨིནྡྲ་བྷཱུ་ཏི་བར་པ ༽ བདེ་མཆོག་གི་འགྲེལ་པ་མཛད་པ་པོ་གྲུབ་ཆེན་ལྭ་བ་པས་བཏུལ་ནས་དེའི་སློབ་མར་གྱུར་པའི་རྒྱ་གར་གྱི་གྲུབ་ཆེན་ཞིག ༣ ༼ ཨིནྡྲ་བྷཱུ་ཏི་ཆུང་བ ༽ དེ་ནས་ཅི་ཞིག་ན་དྲང་སྲོང་འགྲོ་བ་དབུགས་འབྱིན་ཞེས་བྱ་བས་རྒྱལ་པོའི་སྲས་མོ་ལྷ་མོ་རོལ་པ་ཆེན་མོ་གྲུབ་པ་ལ་བཀོད། དེ་ནས་རིམ་བཞིན་རྒྱལ་པོ་དཔའ་བོ་རྡོ་རྗེ། མདུན་ན་འདོན་དམ་ཚིག་རྡོ་རྗེ། ཞིང་པ་པདྨ་རྡོ་རྗེ། ཆང་ཚོང་མ་ལྷན་ཅིག་སྐྱེས་པའི་རྡོ་རྗེ། ཐ་ག་པ་དགའ་བའི་རྡོ་རྗེ། བྲམ་ཟེ་མོ་རྡོ་རྗེ། འབྲེག་མཁན་གྲུབ་པའི་རྡོ་རྗེ། དཔལ་ལྡན་ཀུན་འགྲོའི་མགོན་པོ། རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ། ལྕམ་ལ་དྷི་ཆེན་མོ། དེས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་རྗེས་སུ་བཟུང་། རྒྱལ་པོ་དེ་ཨ་ཝ་དྷུ་ཏི་བ་མཛད་པས་ལྭ་བ་པར་གྲགས་པར་ལྷན་ཅིག་སྐྱེས་གྲུབ་རྩ་འགྲེལ་ལས་བཤད་པ་ནི་ཨིནྡྲ་བྷཱུ་ཏི་ཆུང་བ་སྟེ་གསུམ་པའོ། །ཞེས་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་སྨད་ཆ་ (༡༤༧༤) གསང་འདུས་ཀྱི་སྐོར་བཤད་པའི་སྐབས་ན་གསལ་བ་ལྟར་བཀོད། ཡང་དེབ་སྔོན་སྨད་ཆ་ཡང་ཨིནྡྲ་བྷཱུ་ཏི་ལ་སྔ་ཕྱི་བར་གསུམ་བྱུང་བར་གསུངས་ཏེ། དེ་ཉིད་ལས། འགྲོ་མགོན་གྱི་ཞལ་ནས། ཨིནྡྲ་བྷཱུ་ཏི་གསུམ་བྱུང་བའི་སྔ་ཕྱི་གཉིས་ཁོ་བོ་ཡིན། བར་པ་ཁྱོད་ཡིན། གསུམ་ག་ངོ་བོ་གཅིག་པ་ཡིན་གསུང་གསུང་། ཞེས་འབྱུང་ངོ་། །དེབ་སྔོན་གྱི་སྐབས་འགའ་ཞིག་ཏུ་ཨིནྡྲ་བུདྡྷི་ཞེས་དག་ཆ་མི་འདྲ་བ་ཡང་སྣང་ངོ་། །འདི་འགའ་ཞིག་གིས་བརྒྱ་བྱིན་བྱང་ཆུབ་ཅེས་བསྒྱུར་བ་དེ་འདི་ལ་གཞི་བྱས་པར་སྣང་ཞིང་། འདི་འགྱུར་ནོར་བ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་གསུངས་ཏེ། རྒྱ་སྐད་ཨིནྡྲ་བྷཱུ་ཏི་ནི། །བོད་སྐད་འབྱུང་པོའི་དབང་པོ་ཡིན། །དེ་ཡི་སྒྲ་འགྱུར་མི་ཤེས་པར། །བརྒྱ་བྱིན་བྱང་ཆུབ་ཏུ་འཆད་དང་། །ཞེས་སོགས་གསུངས་སོ། །ཨིནྡྲ་བྷཱུ་ཏི་ལ་ཆེ་འབྲིང་ཆུང་གསུམ་གྱི་ཐ་སྙད་འདི་བུ་སྟོན་རིན་པོ་ཆེའི་གསུང་ཐོར་བུ་ནའང་གསལ་ལོ། །