13401

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨོ་རྒྱན་གྱི་ཡུལ
Tibetan Definition 1 ཨོ་རྒྱན་ནི་ལེགས་སྦྱར་གྱི་ “ཨོ་ཌི་ཡ་ན” ཟུར་ཆག་པ་སྟེ་འཕུར་འགྲོ་ཞེས་པའོ། །དེ་ཡང་ཨོ་ཌི་ཡ་ན་བསྡུས་ནས་ཨོ་ཡན་ཟེར་བ་བྱུང་། དེ་ཟུར་ཆག་ནས་ཨོ་རྒྱན་བྱུང་བར། རྗེ་ཤེས་རབ་རྒྱ་མཚོའི་ལམ་རིམ་ཟིན་བྲིས་སུ་འབྱུང་བ་ལྟར་རོ། །ཡང་ན། ཨོ་ཌི་བྱ་བའི་རིགས་རྒྱུད་ཀྱི་མི་རིགས་ཡིན་པས་ཨོ་ཌི་ཡ་ན་བྱ་བ་གྲགས་ཟེར་བའང་ཡོད། དེ་ནི་པ་ཀིསྠན་གྱི་ (Pakistan) ལུང་པ་ “པིས་ཤ་ཝར” (Peshawar) ནས། མ་ལ་གཱན་ཐ་ (Malakand) རུ་འགྲོ། དེ་ནས་རྐང་འགྲོས་ཀྱིས་སྭཏ་ཞེས་པའམ། ས་པད་ (Swat) བྱ་བའི་ལུང་པར་སླེབས་ཤིང་དེ་ནི་ཨོ་རྒྱན་གྱི་གནས་ལྟེ་བ་དེ་ཡིན། དེ་ནི་རྒྱ་གར་གྱི་ཀསྨིར་ (Kashmir) ཞེས་པའི་ལུང་པའི་ནུབ་ངོས་སུ་ཡོད་ཅིང་རྒྱལ་པོ་ཨིནྡྲ་བྷུ་ཏི་བྱོན་པའི་ཡུལ་དང་། སློབ་དཔོན་པདྨ་འབྱུང་གནས་གང་དུ་འཁྲུངས་པའི་ཡུལ་ཡང་ཡིན། ཨོ་ཌི་ཡ་ན་ལ་ཚིག་འགྲེལ་བྱེད་ཚུལ་གཉིས་ཏེ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། ཨོ་ཌི་བྱ་བའི་རིགས་རྒྱུད་ཀྱི་མི་ཡིན་པས་ཨོ་ཌི་ཡ་ན་བྱ་བ་གྲགས་ཟེར་བ་དེ་བདེན་ནམ་སྙམ། རང་རེས་འཕུར་འགྲོ་བྱ་བའི་དོན་དུ་བཤད། ཅེས་གསུངས། དེའི་མཇུག་ཏུ། མདོར་ན་ཨོ་རྒྱན་གྱི་ཡུལ་གྱི་ལྗོངས་བཀོད་ཙམ་ཞིག་གཟིགས་པར་འདོད་ན་ནི། མ་ལ་གཱན་གྱི་ལུང་པ་དེའི་ནང་དུ་ཡར་ལ་གཞུང་ཆུ་བརྒྱུད་ནས་ཕེབས་པར་ཞུ། གལ་ཏེ་བླ་མ་གོང་མ་རྣམས་ཀྱིས་གཟིགས་པའི་ཡུལ་དེའི་ངོ་མཚར་ཐམས་ཅད་མཐོང་བར་འདོད་ན་ནི། དེར་མ་སོང་བའི་སྔོན་དུ་བྲག་ཕུག་ཅིག་ཏུ་བཞུགས་ལ། སྦྱོར་བ་ཡན་ལག་དྲུག་གི་ཏིང་ངེ་འཛིན་ཡུན་རིང་དུ་བསྒོམ་པར་ཞུ། དེ་འདྲ་གང་ཡང་མ་བྱས་པར། གྲུབ་ཆེན་ལྭ་བ་པས་གཟིགས་པ་རྣམས་རང་གི་མ་མཐོང་བའི་རྒྱུ་མཚན་གྱིས། གནས་འདི་རྣམས་བརྫུན་མ་ཡིན་ནོ་ཞེས་ཅིས་ཀྱང་མི་གསུང་བར་ཞུ། ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྔོན་དང་ད་ལྟར་གྱི་ལོ་རྒྱུས་སོགས་དང་ཞིབ་བསྡུར་གྱིས་ཡིད་ཆེས་ཕེར་ངེས་ཀྱི་ཁུངས་སྐྱེལ་ར་སྤྲོད་དཔྱིས་ཕྱིན་པ་མཛད་འདུག་ཅིང་། མ་ཟད་ཁོང་རང་གནས་དེ་དག་ཏུ་དངོས་སུ་ཕེབས་མྱོང་ཡོད་པས་ཡིད་ཆེས་པར་རིགས་སོ། །ཁོང་ནི་རྒྱ་གར་གྱི་ནང་པའི་གནས་ཆེན་འདི་ལ་ཕེབས་མ་མྱོང་བྱ་བ་མེད་ཅིང་། རྒྱ་གར་ཙམ་མ་ཟད་ཤྲཱི་ལངྐ་ཚུན་ཆད་ལ་ཕེབས་ནས་དེའི་ལོ་རྒྱུས་ཞིབ་འཁོད་ཀྱི་དེབ་ཐེར་ཡང་མཛད་ཡོད། རྒྱ་གར་དང་པ་ཀིསྠན་གྱི་ས་བཀྲ་ལ་བལྟས་ན་གོང་གི་ས་གནས་དེ་དག་ཚེགས་མེད་དུ་ངོས་འཛིན་བྱེད་ཐུབ་བོ། །