1403

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་དབང༌
Tibetan Definition (གསང་སྔགས) (དགེ་ལུགས) དབང་གསུམ་པ་གསང་དབང་གི་ངོ་བོ་ནི། བླ་མ་ཡབ་ཡུམ་གྱི་ཐིག་ལེ་ལྕེ་ལ་བཞག་པ་མྱངས་པ་ལ་བརྟེན་ནས་སྐྱེས་པའི་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བྱའོ། །དེ་ནི་སྤྱིར་བཏང་ཡིན་ནོ། །ཞིབ་ཏུ་བཤད་ན། དེ་ལ་དབྱེ་ན། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་དབང་དོན་དེ་ཉིད་ཡང་གསལ་༢༧བ་༥ལས། གསང་དབང་ལ་དབྱེ་ན་བླ་མ་ཡབ་ཡུམ་གྱི་བྱང་སེམས་དུང་ཕོར་ལ་སོགས་པར་རྫས་ལྷག་མ་རྣམས་དང་བསྲེས་པ་སློབ་མར་སྦྱིན་པའི་གསང་དབང་ཙམ་པོ་དང་། བླ་མའི་གསང་རྫས་རྡོ་རྗེའི་ནོར་བུར་གནས་པ་མཐེ་སྲིན་གྱིས་བཙིར་ཏེ་སློབ་མའི་ཁར་སྦྱིན་པ་དང་། ཡུམ་གྱི་ཡང་དེ་དང་འདྲ་བ་སྦྱིན་པ་མཆོག་གི་གསང་དབང་། བླ་མའི་རྡོ་རྗེས་གསང་རྫས་སློབ་མའི་ཁར་བྱིན་ནས་གསང་དབང་བསྐུར་བ་ཤིན་ཏུ་གསང་བའི་གསང་དབང་ངམ་ཤིན་ཏུ་མཆོག་གི་གསང་དབང་དང་གསུམ་ཡོད་དེ། ཞེས་གསུངས། (གོང་གི་གསང་དབང་གསུམ་པ་ནི། དེ་ཉིད་ལས། སློབ་དཔོན་རང་གི་རྡོ་རྗེ་སློབ་མའི་ཁར་བཞག་པ་དེས་དྲངས་ནས་འཐུངས་པ་ལས་བྱང་ཆུབ་སེམས་ཀྱི་བདེ་བ་འཐོབ་པ་ནི་མཆོག་ཏུ་སྟེ། ཞེས་གསུངས་པ་ལྟར་རོ) སྒྲ་བཤད་ནི། ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་གསང་བའི་རྫས་ཀྱིས་བསྐུར་བའི་དབང་ཡིན་པས་ན་གསང་བའི་དབང་ངོ༌། །ཞེས་རྗེའི་སྔགས་རིམ་ཆེན་མོར་གསལ་བ་ལྟར་བཀོད། རྗེ་ཙོང་ཁ་པ་ཆེན་པོའི་གསང་འདུས་སྨོན་ལམ་ལས། གསང་དབང་ཡེ་ཤེས་བདུད་རྩི་མྱངས་པ་ཡིས། །ངག་གནས་རླུང་གིས་སྔགས་སུ་འཆར་བར་ཤོག །ཅེས་གསུངས་པ་ལྟར་རོ། ། (བཀའ་བརྒྱུད) གསང་དབང་ནི། བླ་མ་ཡབ་ཡུམ་གྱི་བྱང་སེམས་མྱངས་པ་ལས་བྱུང་བའི་བདེ་སྟོང་གི་ཏིང་ངེ་འཛིན་ལ་ཟེར། སྒྲ་བཤད་ནི། ཡབ་ཡུམ་གྱི་བྱང་སེམས་གསང་བའི་རྫས་ཀྱིས་བསྐུར་བའི་དབང་ཡིན་པས་དེ་སྐད་ཅེས་བྱའོ། །བྱེད་ལས་ནི། གཙོ་བོར་ངག་གི་དྲི་མ་འཁྲུད་ཅིང་ངག་དག་པར་བྱས་ནས་གསུང་རྡོ་རྗེའི་ལོངས་སྐུ་འགྲུབ་པའི་ནུས་པ་འཇོག་པའོ། །