262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ
Tibetan Definition རིས་མེད་ཀྱི་མཁས་གྲུབ་ཆེན་པོ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ནི། ཕྱི་ལོ་༡༨༡༣ རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱའི་ལོའི་ཟླ་བ་བཅུ་པའི་ཚེས་བཅུ་ལ། མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་དུ་སྐུ་འཁྲུངས། ཞེ་ཆེན་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། དཔལ་སྤུངས་སི་ཏུ་པདྨ་ཉིན་བྱེད་དབང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་རིས་མེད་ཀྱི་སྐྱེ་ཆེན་ལྔ་བཅུ་ཙམ་བླ་མར་བསྟེན་ནས། ཐུན་མོང་བའི་རིག་གནས། སྒྲ་དང་ཚད་མ། བཟོ་དང་གསོ་བ། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐད་རྩིས་བཅས་བོད་མི་རིགས་ཀྱི་རིག་གནས་ཡོད་དོ་ཅོག་དང་། ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་ནང་དོན་རིག་པའི་གནས་མཐའ་དག་ལ་མཁས་པ་དང་གྲུབ་པའི་རྟོགས་པ་མངོན་དུ་མཛད། ཁོང་གིས་རིན་ཆེན་གཏེར་མཛོད་དང་། གདམས་ངག་མཛོད། བཀའ་བརྒྱུད་སྔགས་མཛོད་རྣམས་བསྒྲིགས་པར་མཛད། ཤེས་བྱ་མཛོད་དང་། ཐུན་མིན་གསང་བའི་མཛོད་རྣམས་བརྩམས། མདོར་ན་གཏེར་ནས་བཏོན་པ་དང་བརྩམས་པ་བཅས་ཀྱི་མཛོད་ཆེན་ལྔ་དང་། ཟབ་མོ་ནང་དོན་གྱི་འགྲེལ་པ། བརྟག་གཉིས་ཀྱི་འགྲེལ་པ་ཁག་གཉིས། དེ་དང་རྗེས་སུ་འབྲེལ་བའི་གསུང་རྩོམ་སྨན་རྩིས་ཀྱི་གཞུང་། འབེལ་གཏམ། བསྟོད་ཚོགས་ནས་བསྔོ་སྨོན་ཤིས་བརྗོད་སོགས། རྒྱ་ཆེན་བཀའི་མཛོད་པོ་ཏི་བཅོ་ལྔ་བཅས་ཏེ། མདོར་ན་དམ་པ་འདི་ཉིད་ཀྱི་ཕྱོགས་སྒྲིག་དང་ལྗགས་རྩོམ་གནང་བའི་གསུང་རབ་གླེགས་བམ་དགུ་བཅུ་ཙམ་གྱིས་རྗེས་འཇུག་རྣམས་ལ་བསྟན་རྒྱུན་ལེགས་པར་བཞག གསུང་ལས་སྐྱེས་པའི་སློབ་བུ་ཡང་། བོད་ཀྱི་སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ། ས་སྐྱོང་སྡེ་དགེ་ཡབ་མེས་སྲས་བཅས་སོགས་ཀྱིས་ཀྱང་བླ་མར་བཀུར། ཐུགས་སྲས་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ། འཇམ་དབྱངས་བློ་གཏེར་དབང་པོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ། (འཇུ་མི་ཕམ་རིན་པོ་ཆེན་པོ་དང་ཁོང་རྣམ་པ་གཉིས་ཕན་ཚུན་བླ་སློབ་ཡིན) བྲག་གཡབ་གདོང་སྤྲུལ་ངག་དབང་དམ་ཆོས་རྒྱ་མཚོ་སོགས་དབུས་གཙང་དང་། མདོ་ཁམས་སྟོད་སྨད་བར་གསུམ་གྱི་ས་དགེ་བཀའ་རྙིང་གི་མཁས་གྲུབ་ཤིན་ཏུ་མང་པོ་བྱུང་། དམ་པ་གང་གི་ལེགས་བཤད་ཀྱི་གསུང་རྩོམ་དེ་དག་ནི། ཚིག་གསལ་ལ་དོན་ཟབ་པ། རྩོམ་པ་ལེགས་ལ་ཐག་ཆོད་པ། རིགས་ལམ་དཔང་པོར་བཞག་པའི་དགག་སྒྲུབ་ཙམ་ལས་གྲུབ་མཐའ་གཞན་ལ་དངོས་སུ་སྨོད་པ་དང་ཤུགས་ཀྱིས་ཟུར་ཟ་བའི་རིགས་ཅུང་ཟད་ཀྱང་མི་སྣང་ལ། ས་དགེ་བཀའ་རྙིང་གི་གྲུབ་མཐའ་གང་གིས་བལྟས་ཀྱང་། མཁས་པ་དགའ་བ་བསྐྱེད་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་ཤ་སྟག་ཏུ་སྣང་ངོ་། །སྐྱེས་མཆོག་དེ་ཉིད་ནི་ས་དགེ་བཀའ་རྙིང་གི་གྲུབ་མཐའ་ཐམས་ཅད་ལ་ཐུགས་གཏིང་ནས་མོས་ཤིང་གསན་བསམ་ཡང་རྒྱ་ཆེར་མཛད་པ་ཞིག་སྟེ། དགེ་ལྡན་གྱི་ཕྱོགས་ལའང་། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེ་འབྲིང་སོགས་དང་། སྦས་དོན་ཀུན་གསལ། རྒྱལ་དབང་བསོད་ནམས་རྒྱ་མཚོའི་ལམ་རིམ་གསེར་ཞུན་མ། དེའི་འགྲེལ་པ་ལྟ་བུར་༸རྒྱལ་མཆོག་ལྔ་པ་ཆེན་པོའི་ལམ་རིམ་འཇམ་དཔལ་ཞལ་ལུང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བདེ་ལམ་སོགས་ལ་ཞིབ་ཁྲིད་དང་། གཞན་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་སྙན་བརྒྱུད་ཀྱི་སྐོར་ཡང་མང་དུ་གསན་པ་སྐྱེས་མཆོག་དེ་ཉིད་ཀྱི་རང་རྣམ་ན་གསལ། སྤྱིར་བོད་ལ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ནམ་མཁའི་སྐར་ཚོགས་ལྟ་བུ་ཞིག་བྱུང་དང་འབྱུང་མུས་ལགས་མོད། འོན་ཀྱང་གྲགས་ཆེ་ཤོས་ནི། པཎ་ཆེན་སྐུ་ཕྲེང་དང་པོ་ (པཎ་ཆེ་སྐུ་ཕྲེང་བརྩི་ཚུལ་མི་འདྲ་བ་གཉིས་ཡོད) བློ་བཟང་ཆོས་ཀྱི་རྒྱལ་མཚན། ༸རྒྱལ་མཆོག་ལྔ་པ་ཆེན་པོ། བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ༸རྒྱ་མཆོག་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས་དང་། རྙིང་མའི་གཏེར་སྟོན་ཆེན་པོ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ། ས་སྐྱ་ཁྲི་འཛིན་རིན་པོ་ཆེ་བཅས་ནི། རིས་མེད་ཀྱི་སྐྱེས་བུ་ཆེན་པོར་མཁས་བླུན་ཀུན་ལ་རླུང་ལྟར་གྲགས་སོ། །དགུང་གྲངས་བརྒྱད་ཅུ་གྱ་བདུན་པ་ཕྱི་ལོ་༡༨༩༩ རབ་བྱུང་བཅོ་ལྔ་པའི་ས་མོ་ཕག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་གཟུགས་སྐུའི་བཀོད་པ་ཆོས་སྐུ་ཞི་བའི་དབྱིངས་སུ་བསྡུས་པར་མཛད་དོ། ། (181 3-1899)