2646

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེས་བྱས་ཞེ་དྲུག
Tibetan Definition (དབུ་མ) སློབ་དཔོན་ཙནྡྲ་གོ་མིའི་སྡོམ་པ་ཉི་ཤུ་པ་ལས། (སྦྱིན་པ་དང་འགལ་བ་ལ་བདུན་ནི) ༡ དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །༢ འདོད་པའི་སེམས་ཀྱི་རྗེས་སུ་འཇུག ༣ རྒན་པ་རྣམས་ལ་གུས་མི་བྱེད། །༤ དྲིས་པ་ལ་ནི་ལན་མི་འདེབས། །༥ མགྲོན་བོས་བདག་གིར་མི་བྱེད་ཅིང་། །༦གསེར་ལ་སོགས་པ་ལེན་མི་བྱེད། །༧ཆོས་འདོད་པ་ལ་སྦྱིན་མི་བྱེད། ། (ཚུལ་ཁྲིམས་དང་འགལ་བ་ལ་དགུ་ནི) ༨ ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། །༩ ཕ་རོལ་དད་ཕྱིར་སློབ་མི་བྱེད། །༡༠ སེམས་ཅན་དོན་ལ་བྱ་བ་ཆུང་། །༡༡ སྙིང་བརྩེར་བཅས་ན་མི་དགེ་མེད། །༡༢ འཚོ་བ་ལོག་པ་དང་དུ་ལེན། །༡༣ འཕྱར་ནས་རབ་ཏུ་རྒོད་ལ་སོགས། །༡༤ འཁོར་བ་གཅིག་པུར་བགྲོད་པར་སེམས། །༡༥ གྲགས་པ་མ་ཡིན་མི་སྤོང་བ། །༡༦ ཉོན་མོངས་བཅས་ཀྱང་འཆོས་མི་བྱེད། །(བཟོད་པ་དང་འགལ་བ་ལ་བཞི་ནི) ༡༧ གཤེ་ལ་ལན་དུ་གཤེ་ལ་སོགས། །༡༨ ཁྲོས་པ་རྣམས་ནི་ཡལ་བར་འདོར། །༡༩ ཕ་རོལ་ཤད་ཀྱིས་འཆག་པ་སྤོང་། །༢༠ ཁྲོས་པའི་སེམས་ཀྱི་རྗེས་སུ་འཇུག །(བརྩོན་འགྲུས་དང་འགལ་བ་ལ་གསུམ་ནི) ༢༡ བསྙེན་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། །༢༢ ལེ་ལོ་ལ་སོགས་སེལ་མི་བྱེད། །༢༣ ཆགས་པས་བྲེ་མོའི་གཏམ་ལ་སྟེན། །(བསམ་གཏན་དང་འགལ་བ་ལ་གསུམ་ནི) ༢༤ ཏིང་ངེ་འཛིན་གྱི་དོན་མི་འཚོལ། །༢༥ བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །༢༦ བསམ་གཏན་རོ་ལ་ཡོན་ཏན་བལྟ། །(ཤེས་རབ་དང་འགལ་བ་བརྒྱད་ནི) ༢༧ ཉན་ཐོས་ཐེག་པ་སྤོང་བར་བྱེད། །༢༨ རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །༢༩ བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །༣༠ བརྩོན་པར་བྱས་ཀྱང་དེ་ལ་དགའ། །༣༡ ཐེག་པ་ཆེན་པོ་སྤོང་བར་བྱེད། །༣༢ བདག་ལ་བསྟོད་ཅིང་གཞན་ལ་སྨོད། །༣༣ ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །༣༤ དེ་ལ་སྨོད་ཅིང་ཡི་གེར་རྟེན། །(ཕར་ཕྱིན་དྲུག་པོ་སྤྱིའམ་སེམས་དོན་བྱེད་དང་འགལ་བ་བཅུ་གཉིས་ནི) ༣༥ དགོས་པའི་གྲོགས་སུ་འགྲོ་མི་བྱེད། །༣༦ ནད་པའི་རིམ་གྲོ་བྱ་བ་སྤོང་། །༣༧ སྡུག་བསྔལ་སེལ་བར་མི་བྱེད་པ། །༣༨ བག་མེད་པ་ལ་རིགས་མི་སྟོན། །༣༩ བྱས་ལ་ལན་དུ་ཕན་མི་འདོགས། །༤༠ གཞན་གྱི་མྱ་ངན་སེལ་མི་བྱེད། །༤༡ ནོར་འདོད་པ་ལ་སྦྱིན་མི་བྱེད། །༤༢ འཁོར་རྣམས་ཀྱི་ནི་དོན་མི་བྱེད། །༤༣ གཞན་གྱི་བློ་དང་མཐུན་མི་འཇུག །༤༤ ཡོན་ཏན་བསྔགས་པ་སྨྲ་མི་བྱེད།། ༤༥ རྐྱེན་དང་འཚམས་པར་ཚར་མི་གཅོད། །༤༦ རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །སྙིང་བརྩེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །དེ་དག་གི་འགྲེལ་བཤད་ནི། (སྦྱིན་པ་དང་འགལ་བ་ལ་བདུན་ནི) ༡ (ཟང་ཟིང་གི་སྦྱིན་པའི་གཙོ་བོ་ཉམས་པ་ནི) དཀོན་མཆོག་གསུམ་ལ་(ལུས་ངག་ཡིད)གསུམ་(གྱིས)མི་མཆོད(པ)། །༢ (སེར་སྣའི་གཉེན་པོ་ཉམས་པ་ནི) འདོད་པའི་སེམས་(ཏེ་འདོད་པ་ཆེ་བ། ཆོག་མི་ཤེས་པ། རྙེད་བཀུར་ལ་ཆགས་པའི་སེམས)ཀྱི་རྗེས་སུ་འཇུག(པ་སྟེ་རྗེས་སུ་འབྲང་བའམ་དེའི་གཞན་དབང་དུ་སོང་བའོ)། །༣ (མི་འཇིགས་པའི་སྦྱིན་པའི་རྗེས་སུ་མི་མཐུན་པ་ལ་གཉིས་ལས) (ཡུལ་གྱི་ཁྱད་པར་དང་འབྲེལ་བ་ནི) (ཁོང་ཁྲོ་སོགས་ཀྱིས་བྱང་ཆུབ་སེམས་དཔའ་སྡོམ་པའི་སྒོ་ནས་ཆེས)རྒན་པ་རྣམས་ལ་(ལངས་ཤིང་སྟན་མི་སྟོབ་པ་སོགས་ཀྱིས)གུས་མི་བྱེད། །༤ (ཡུལ་གྱི་སྤྱི་དང་འབྲེལ་བ་ནི) (གཞན་གྱིས་རང་སྐུ་གཟུགས་བདེ་པོ་ཡིན་ནམ་ཞེས་ནད)དྲིས་པ་ལ་(སོགས་པ་ལ)ནི་ལན་མི་འདེབས། །༥ (གཞན་གྱི་སྦྱིན་པའི་རྐྱེན་མི་བྱེད་པ་ནི) (མགྲོན་དུ་བོས་པ་ཁས་མི་ལེན་པ་ནི) (གཞན་གྱིས་རང་ཉིད)མགྲོན་(དུ)བོས་(པ་ལ་ང་རྒྱལ་དང་ཁོང་ཁྲོས)བདག་གིར་མི་བྱེད་(པ་སྟེ་མི་འགྲོ་ན་ཉེས་བྱས་ཡིན)ཅིང་། །༦ (ཡོ་བྱད་བསྟབས་པ་མི་ལེན་པ་ནི) (གཞན་གྱིས་རང་ལ)གསེར་ལ་སོགས་པ་(དད་པས་ཕུལ་བ་ན། ཁོང་ཁྲོས)ལེན་(པར)མི་བྱེད(ན་སེམས་ཅན་སྤོང་བའི་ཕྱིར་ཉེས་བྱས་སོ)། །༧ (ཆོས་ཀྱི་སྦྱིན་པ་དང་འགལ་བ་ནི) ཆོས་འདོད་(ཅིང་དོན་དུ་གཉེར)པ་ལ་(ཆོས)སྦྱིན་(པའམ་སྟོན་པར)མི་བྱེད(པའོ)། ། (ཚུལ་ཁྲིམས་དང་འགལ་བ་ལ་དགུ་ནི) ༨ (ལྷག་པར་བརྩེ་བའི་ཡུལ་འདོར་བ་ནི)(ཀུན་ནས་མནར་སེམས་ཀྱིས)ཚུལ་ཁྲིམས་འཆལ་(བ་སྟེ་རྩ་ལྟུང་བྱུང་བ)རྣམས་(ལ་ཁྱད་དུ་གསོད་ཅིང)ཡལ་བར་འདོར (བའོ)། །༩ (བཅས་པ་ཐུན་མོང་བ་ལ་མི་སློབ་པ་ནི) (བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས)ཕ་རོལ་དད་(པ་སྟེ་དགའ་བའམ་ངོ་བསྲུང་བའི)ཕྱིར་(ཆང་འཐུང་བ་དང་ཕྱི་དྲོའི་ཁ་ཟས་ཟ་བ་དང་ས་བརྐོ་བ་སོགས་མི་སྲུང་ཞིང་དེ་དག་གི་བཅས་པ་རྣམས་ལ)སློབ་(པ་སྟེ་བསྲུང་བར)མི་བྱེད(ན་ཉེས་བྱས་སོ)། །༡༠ (ཐུན་མོང་མ་ཡིན་པ་ལ་སློབ་པ་ནི) སེམས་ཅན་དོན་ལ་(ཁོང་ཁྲོ་ལ་སོགས་པའི་རྐྱེན་གྱིས་གཞན་དོན་གྱི)བྱ་བ་ཆུང་(བ་སྟེ་ཉུང་བས་སྤྲོ་བ་མེད་པར་གནས་པར་གྱུར་ན་ཉེས་བྱས་སོ)། །༡༡ (སོ་ཐར་གྱི་རང་བཞིན་གྱི་བཅས་པ་ལ་སློབ་པའི་ཁྱད་པར་ནི) སྙིང་བརྩེར་(སྙིང་བརྩེར་ཏེ་སྙིང་བརྩེ་དང)བཅས་ན་(གཞན་གྱི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། འདོད་པ་ལ་སྤྱོད་པ། བརྫུན་དུ་སྨྲ་བ། མཛའ་བོ་དབྱེ་བ། ཚིག་རྩུབ་པས་གཤེ་བ། ངག་འཁྱལ་སྨྲ་བ་སོགས་བྱེད་ནའང)མི་དགེ་(ཉེས་པ)མེད(དོ)། །(དོགས་གཅོད། ཉེས་བྱས་བཅུ་གཅིག་པ་འདི་ཉེས་བྱས་ཡིན་ནམ་མིན་ཞེ་ན། རྗེའི་ཚུལ་ཁྲིམས་རྣམ་བཤད་བྱང་ཆུབ་གཞུང་ལམ་༨༢བ༤ལས། གཉིས་པ་ནི། སྙིང་བརྩེར་བཅས་ན་མི་དགེ་མེད། །ཅེས་པ་སྟེ་འདིར་གཞུང་དང་སྡོམ་པ་ཉི་ཤུ་པའི་འགྲེལ་པ་རྙིང་མ་དང་ཚུལ་ཁྲིམས་ཀྱི་ལེའུ་འགྲེལ་པ་གཉིས་ལས་སྲོག་གཅོད་སོགས་ལུས་ངག་གི་བདུན་ལ་གནང་བའི་སྐབས་ཡོད་པར་སྟོན་པ་མ་གཏོགས་གཞན་དོན་དུ་དེ་དག་ལ་མ་ཞུགས་ན་ཉེས་བྱས་སུ་གསུངས་པ་མེད་ལ། འགྲེལ་པ་གསར་མ་ལས་ཉེས་བྱས་ཞེ་དྲུག་ཏུ་བཤད་པ་ལྟར་ན་འདི་ཡང་ཉེས་བྱས་གཅིག་ལ་བགྲང་དགོས་ཤིང་། ཡང་འགྲེལ་པ་དེ་ལས་ཕ་རོལ་དད་ཕྱིར་སློབ་མི་བྱེད་ཀྱི་དམིགས་བསལ་དུ་ཡང་འཆད་པར་སྣང་ངོ་། །དེ་ལྟ་ན་ཡང་ཛི་ན་བུ་ཏྲ་དང་ས་མུ་དྲས་བྱང་སེམས་དང་ཉན་ཐོས་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བའི་བཅས་པ་ལ་ཁྱད་པར་ཡོད་པར་སྟོན་པ་ཡིན་པར་འཆད་པ་ལྟར་བཤད་དོ། །ཞེས་གསུངས་སོ) ཡང་དོགས་གཅོད། (སྙིང་བརྩེ་ཡོད་ན་གཞན་གྱི་སྲོག་གཅོད་པ་གནང་ཞེས་པ་ཡང་། དེ་ལྟ་བུའི་སྲོག་གཅོད་ཀྱི་སྦྱོར་བ་ལ་འཇུག་པའི་ཚེ། རྒྱུའི་ཀུན་སློང་ལ་སྙིང་རྗེ་བསམ་པ་ཤུགས་དྲག་པོ་དང་། དུས་ཀྱི་ཀུན་སློང་ལ་དགེ་བ་དང་ལུང་མ་བསྟན་གྱི་སེམས་གང་རུང་ཞིག་དགོས་ཏེ། རྗེའི་བྱང་ཆུབ་སེམས་པའི་རྩ་ལྟུང་གི་རྣམ་བཤད་༨༥ན༡ལས། སེམས་ཅན་འདིས་མཚམས་མེད་བྱས་ན་དམྱལ་བར་འགྲོ་ན་མི་རུང་ངོ་སྙམ་དུ་ཕྱི་མ་ལ་སྙིང་བརྩེ་བའི་སེམས་ཁོ་ན་ཉེ་བར་བཞག་སྟེ་བདག་གཞན་བརྗེ་ཕོད་པའོ། །གསོད་པའི་དུས་ན་རང་གི་སེམས་དགེ་བ་དང་ལུང་མ་བསྟན་གི་སེམས་སུ་གནས་་ཀྱི་ཉོན་མོངས་སོགས་ཡེ་མི་འདྲེ་བར་རིག་པ་དགོས་སོ། །ཞེས་དང་། ཡང་༨༤ནལས། དེ་ཡང་བྱང་སེམས་སྡོམ་པ་བཟུང་ནས་བྱང་སེམས་ཀྱི་བསླབ་པ་ལ་ཚུལ་བཞིན་དུ་སློབ་པས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་སྲོག་གཅོད་པ་སོགས་ལས་གཞན་པའི་ཐབས་མ་རྙེད་པའི་བྱང་སེམས་གཞན་དོན་དུ་འགྱུར་ན་གནང་བ་ཡིན་གྱི་ཐེག་ཆེན་པ་ཐམས་ཅད་གནང་བ་མིན་པས། བྱང་སེམས་ཀྱི་སྡོམ་པ་ཚུལ་བཞིན་དུ་སློབ་པ་ཙམ་ལ་ཡང་མ་གནང་ན་སྡོམ་པ་མི་སྲུང་བའི་ཐེག་པར་ཁས་འཆེ་བ་རྣམས་ལ་ནི་སྙིང་རྗེ་དང་སེམས་བསྐྱེད་ལྟར་སྣང་རེ་ཡོད་ཀྱང་གཏན་བྱར་མི་རུང་སྟེ། དཔེར་ན་སོ་ཐར་ལས་ཕྱི་དྲོའི་ཁ་ཟས་དགེ་སློང་ནད་པས་མ་ཟོས་ན་ནད་ལ་གནོད་ཅིང་ཟོས་ན་ནད་ལ་ཕན་པའི་གྲོགས་སུ་འགྱུར་བ་ལ་གནང་ཡང་དགེ་སློང་གཞན་ཐམས་ཅད་ཀྱིས་སྲུང་དགོས་པ་དང་འདྲའོ། །ཞེས་གསུང) ༡༢ (འཚོ་བ་ཉམས་པ་ནི)(ཚུལ་འཆོས་སོགས་ལོག་འཚོ་ལྔའི)འཚོ་བ་ལོག་པ་དང་དུ་ལེན(པ་སྟེ་དགའ་བཞིན་དུ་སྤྱོད་ན་ཉེས་བྱས་སོ)། །༡༣ (ཆོ་གའམ་སྤྱོད་ལམ་ཉམས་པ་ནི) འཕྱར་(བ་སྟེ་སེམས་ཡེངས)ནས་(འདོད་ཆགས་ཀྱིས)རབ་ཏུ་(མ་ཞི་ཞིང)རྒོད་(པ)ལ་སོགས(པ་དང)། །༡༤ (སྲིད་པའི་རོ་ལ་བརྐམ་པ་ནི)(མདོ་འགའ་ཞིག་གི་ཚིག་ཟིན་ལ་འཁྲུལ་ནས་མྱང་འདས་དང)འཁོར་བ་(གཉིས་ལས་མྱང་འདས་མི་སྒྲུབ་པར་འཁོར་བ)གཅིག་པུར་བགྲོད་པར་(ཏེ་འཁོར་བར་རིགས་སོ་སྙམ་དུ)སེམས(ན་ཉེས་བྱས་སོ)(རྗེའི་བྱང་ཆུབ་གཞུང་ལམ་༨༨ན༢ལས། འཁོར་བ་གཅིག་པུར་བགྲོད་པར་སེམས། །ཞེས་པ་སྟེ་མདོ་མང་པོ་ལས་བྱང་སེམས་འཁོར་བ་ལ་དགའ་བ་ལྟར་མྱ་ངན་ལས་འདས་པ་ལ་དེ་ལྟ་མ་ཡིན་ནོ། །ཞེས་སོགས་གསུངས་པ་ལ་འཁྲུལ་ནས་བྱང་ཆུབ་སེམས་དཔས་ནི་མྱང་འདས་ལ་དགའ་བར་མི་བྱའི་དེ་ལ་རྒྱབ་ཀྱི་ཕྱོགས་པར་བྱའོ། །དེ་དག་ལས་སེམས་ཀྱང་ཤིན་ཏུ་དབེན་པར་མི་བྱ་སྟེ་འདི་ལྟར་བྱང་སེམས་ཀྱིས་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་འཁོར་བ་ན་འཁོར་ཞིང་བྱང་ཆུབ་བསྒྲུབ་པར་བྱ་དགོས་སོ། །ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ཉོན་མོངས་ཅན་གྱི་ཉེས་པའོ། །ཞེས་གསུངས་པ་ལྟར་རོ)། །༡༥ (གསུམ་པ་རང་གཞན་གཉིས་ཆ་མཉམ་པའི་ཚུལ་ཁྲིམས་དང་འགལ་བ་ལ་གཉིས་ལས། རང་གི་བསྔགས་པ་མི་སྲུང་བ་ནི) གྲགས་པ་མ་ཡིན་(ནི་གཏམ་ངན་ཡིན་ལ། དེ་འབྱུང་བའི་གཞི་རང་ལ་ཡོད་པ་དེ)མི་སྤོང་བ(ནི་ཉེས་བྱས་སོ། །དེ་ནི་རང་སྐྱོན་མི་སེལ་བའི་ཉེས་བྱས་ཡིན་ནོ)། །༡༦ (གཉིས་པ་གཞན་དོན་གྱི་སྦྱོར་བ་རྩུབ་མོས་སྐྲག་པ་ནི) (ཕ་རོལ)ཉོན་མོངས་(པ་དང)བཅས་ཀྱང་(རང་གི་གྲགས་པའམ་གཞན་གྱི་སེམས་བསྲུང་བའི་ཕྱིར། འཆོས་ནུས་ཀྱང)འཆོས་(པར)མི་བྱེད(ན་ཉེས་བྱས་སོ)། །(དཔེར་ན་ཁྱིམ་པའམ་གྲྭ་ལོག་གིས་རབ་བྱུང་གི་ན་བཟའ་གྱོན་པ་ལྟ་བུ་བསྟན་པ་དང་སེམས་ཅན་ལ་གནོད་ཀྱང་དེ་ལ་སྐྱོན་བརྗོད་བྱེད་ན་གཞན་གྱིས་རང་ལ་མི་དགའ་བ་བྱེད་འོང་སྙམ་སྟེ་ཇི་མི་སྙམ་པར་བཞག་ན་ཉེས་བྱས་ཡིན་ནོ) (བཟོད་པ་དང་འགལ་བ་ལ་བཞི་ནི) ༡༧ (བཟོད་པའི་རྒྱུ་ལ་མི་གནས་པ་ནི) (ཁྲོས་ནས)གཤེ་(བ་སྟེ་གཤེ་གཤེ་གཏོང་བ)ལ་(དེའི)ལན་དུ་གཤེ་ལ་སོགས(འདིས་ནི་དགེ་སྦྱོང་གི་ཆོས་བཞི་སྟོན་ཏེ། གཤེ་བ་ལ་ཕྱིར་མི་གཤེ་བ། ཁྲོ་བ་ལ་ཕྱིར་མི་ཁྲོ་བ། རྡེག་པ་ལ་ཕྱིར་མི་བརྡེག་པ། མཚང་འབྲུ་བ་ལ་ཕྱིར་མཚང་མི་འབྲུ་བ་སྟེ་དེ་བཞི་དང་འགལ་ན་ཉེས་བྱས་སོ)། །༡༨ (གཉིས་པ་ཁྲོ་བའི་རྒྱུན་མི་འགོག་པ་ལ་གཉིས་ལས) (དང་པོ་རང་གི་ཁྲོ་བའི་རྒྱུན་མི་འགོག་པ་ནི) (རང་གིས་གཞན་ལ་མི་འཚམ་པ་བྱས་ནས་གཞན)ཁྲོས་པ་རྣམས་(ལ)ནི་(བཟོད་གསོལ་མི་བྱེད་པར)ཡལ་བར་འདོར(ན་ཉེས་བྱས་སོ)། །༡༩ (གཉིས་པ་གཞན་གྱི་ཁྲོ་བའི་རྒྱུན་མི་འགོག་པ་ནི) ཕ་རོལ་ཤད་ཀྱིས་འཆགས་པ་(པ་སྟེ་བཤགས་པ)སྤོང་(བ་སྟེ་བཟོད་གསོལ་དང་དུ་མི་ལེན་པའམ་ཤད་སྦྱང་དང་དུ་མི་ལེན་ན་ཉེས་བྱས་སོ)། །༢༠ (གསུམ་པ་གཉེན་པོ་བཟོད་པའི་ཉམས་ལེན་ལ་མི་གནས་པ་ནི) ཁྲོས་པའི་སེམས་ཀྱི་(རྒྱུན་མི་གཏོང་བར་དམ་དུ་འཛིན་པའམ་ཁོན་འཛིན་གྱི)རྗེས་སུ་འཇུག(ན་ཉེས་བྱས་སོ)། (བརྩོན་འགྲུས་དང་འགལ་བ་ལ་གསུམ་ནི) ༢༡ (སྦྱོར་བ་དམན་པ་ནི) བསྙེན་བཀུར་(སྟན་འདིངས་བ་དང་ཁྲུས་བྱེད་པ་ལ་སོགས་པའི་རིམ་གྲོ་དང་རྫས་འབུལ་དུ་རེ་བ་སོགས་ཟང་ཟིང་)འདོད་ཕྱིར་འཁོར་(གདུལ་བྱ)རྣམས་སྡུད(པར་བྱེད་ན། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལས་ཉམས་པའི་ཕྱིར་ཉེས་བྱས་སོ)། །༢༢ (སྦྱོར་བ་མེད་པ་ནི) ལེ་ལོ་ལ་སོགས་(སོགས་ཀྱི་སྒྲས་ནི། སྙོམ་ལས་དང་། གཉིད་ཀྱི་བདེ་བ། ཉལ་བའི་བདེ་བ། གློས་འབེབས་པའི་བདེ་བ་རྣམས)སེལ་མི་བྱེད(ན་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལས་ཉམས་པའི་ཕྱིར་ཉེས་བྱས་སོ)། །༢༣ (བྱ་བ་ངན་པ་ལ་ཆགས་པ་ནི) ཆགས་པས་བྲེ་མོའི་གཏམ་(ནི་འདུ་འཛིའི་གཏམ)ལ་སྟེན(པ་སྟེ་ཉམས་སུ་མྱོང་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལས་ཉམས་པའི་ཕྱིར་ཉེས་བྱས་སོ)།། (བསམ་གཏན་དང་འགལ་བ་ལ་གསུམ་ནི) ༢༤ (སྦྱོར་བའི་ཉེས་པ་ནི) (ང་རྒྱལ་དང་ཁོང་ཁྲོ་སོགས་ཀྱིས་གཞན་ལས)ཏིང་ངེ་འཛིན་གྱི་དོན་མི་འཚོལ(བ་ན་ཉེས་བྱས་སོ)། །༢༥ (དངོས་གཞིའི་ཉེས་པ་ནི) བསམ་གཏན་(གྱི)སྒྲིབ་པ་(༡ རྒོད་འགྱོད་གཉིས། ༢ གཉིད་རྨུགས་གཉིས། ༣ འདོད་ཆགས། ༤ ཁོང་ཁྲོ། ༥ ཐེ་ཚོམ་སྟེ་ལྔ་པོ་རྣམས)སྤོང་མི་བྱེད། །༢༦ (རྗེས་ཀྱི་ཉེས་པ་ནི) བསམ་གཏན་(གྱི་དགའ་བདེ་སོགས་ཀྱི)རོ་ལ་(སྲེད་ཅིང)ཡོན་ཏན་(དུ)བལྟ(ན་ཉེས་བྱས་སོ)། །(ཤེས་རབ་ཀྱི་མི་མཐུན་ཕྱོགས་བརྒྱད་ནི) ༢༧ (ཐེག་དམན་སྤོང་བ་ནི) (ངེད་ཅག་བྱང་ཆུབ་སེམས་དཔའ་ཡིན་པས)ཉན་ཐོས་(ཀྱི)ཐེག་པ་ (ལ་སློབ་པ་ལ་དགོས་པ་མེད་དོ་ཞེས) སྤོང་བར་བྱེད(པའོ)། །(དོགས་གཅོད་ནི། རྗེའི་བྱང་ཆུབ་གཞུང་ལམ་༩༤ན༢ལས། ཉན་ཐོས་ཐེག་པ་སྤོང་བར་བྱེད། །ཅེས་པ་སྟེ། བྱང་སེམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་ཉན་པར་མི་བྱེད་ཚིག་དང་དོན་བསྲུང་བར་མི་བྱ་ནན་ཏན་དུ་བསླབ་པར་མི་བྱ་སྟེ་དེ་དག་བྱས་པ་ལ་དགོས་པ་མེད་དོ་ཞེས་རང་དེ་ལྟ་ལྟ་ཞིང་གཞན་ལ་དེ་སྐད་སྨྲ་ན་ཉོན་མོངས་ཅན་གྱི་ཉེས་པའོ། །འདི་ནི་ཉན་ཐོས་ཀྱི་ཐེག་པ་ཉན་པ་སོགས་ཐེག་དམན་ལ་དགོས་ཀྱང་བྱང་སེམས་ལ་མི་དགོས་སྙམ་དུ་འཛིན་པས་ཉན་ཐོས་ཀྱི་ཐེག་པ་གཏན་སྤོང་བ་ཡིན་ལ་སོ་ཐར་སྤོང་དུ་འཇུག་པའི་རྩ་ལྟུང་དང་ཡང་ཁྱད་པར་ཆེའོ། །དེ་ལྟ་བུ་ལ་ཉེས་པར་འགྱུར་བའི་རྒྱུ་མཚན་ནི། བྱང་སེམས་ཀྱིས་ནི་མུ་སྟེགས་ཀྱི་བསྟན་བཅོས་ལ་ཡང་བརྩོན་པར་བྱ་དགོས་ན་སངས་རྒྱས་ཀྱི་གསུང་རབ་ལ་སྨོས་ཅི་དགོས་པའི་ཕྱིར་རོ། །བཅས་པ་འདི་ནི་ཆོས་རྒྱུས་ཆུང་བ་རྣམས་ཐེག་ཆེན་པ་ལ་སོ་ཐར་གྱི་བཅས་པ་ལ་སློབ་པ་སོགས་མི་དགོས་སོ་ཞེས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གསོག་པའི་གཡང་ས་ཆེན་པོ་འགེགས་པའི་གདམས་པ་མཆོག་གོ།ཞེས་གསུངས) ༢༨ (མཐའ་གཅིག་ཏུ་དེ་ལ་བརྩོན་པའི་ཉེས་དམིགས་ནི) (སྟེ་བྱང་སེམས་ཀྱི་སྡེ་སྣོད་ཀྱི)རང་ཚུལ་ཡོད་བཞིན་ (དུ་དེ་ལ་མི་བརྩོན་པར་ཉན་ཐོས་སྡེ་སྣོད)དེ་ལ་བརྩོན(པར་བྱེད་ན་ཉེས་བྱས་སོ)། །༢༩ (མུ་སྟེགས་ཀྱི་གཞུང་ལ་མཐའ་གཅིག་ཏུ་བརྩོན་པར་བྱེད་པ་ནི) (སངས་རྒྱས་ཀྱི་གསུང་རབ་བརྩོན་བྱར་ཡོད་བཞིན་དུ)བརྩོན་(པར་བྱ་བ)མིན་(པ)ཕྱི་རོལ་བསྟན་བཅོས་བརྩོན(ན་ཉེས་བྱས་སོ)། ། ༣༠ (དགའ་བཞིན་དུ་མུ་སྟེགས་ཀྱི་གཞུང་ལ་བརྩོན་པའི་ཉེས་པ་ནི) བརྩོན་པར་བྱས་ཀྱང་དེ་ལ་དགའ(དེས་ན་མི་འདོད་བཞིན་དུ་དགོས་པའི་དབང་གིས་འཇུག་པ་དགོས་སོ)། །༣༡ (ཡུལ་མཆོག་དང་འབྲེལ་བ་ལ་གསུམ་སྟེ། དང་པོ་ཤེས་རབ་ཀྱི་ཡུལ་སྤོང་བ་ནི) ཐེག་པ་ཆེན་པོ་སྤོང་བར་བྱེད། །༣༢ (འབྲས་བུ་ལ་ལོག་པར་སྒྲུབ་པ་ནི) (ང་རྒྱལ་ལམ་ཁོང་ཁྲོས)བདག་ལ་བསྟོད་ཅིང་གཞན་ལ་སྨོད། །༣༣ (ཤེས་རབ་ཀྱི་རྒྱུ་ལ་བསླབ་པ་གཉིས་ལས) (ཐོས་པ་ལ་མི་འཇུག་པ་ནི) ཆོས་ཀྱི་དོན་དུ་འགྲོ་མི་བྱེད (འདིའི་འགྲེལ་བཤད་ཞིབ་པར་རྗེའི་བྱང་ཆུབ་གཞུང་ལམ་༩༦བ༢ན་གསལ་ལོ)། །༣༤ (ཐོས་པའི་ཡུལ་ལ་ལོག་པར་སྒྲུབ་པ་ནི) (ཆོས་སྨྲ་བ)དེ་ལ་(ཚིག་མི་སྙན་པ་དང་ཚིག་སྦྱོར་མི་ལེགས་པ་སོགས་ཀྱིས། ཆོས་སྟོན་ཚུལ་མི་ལེགས་སོ་ཞེས)སྨོད་ཅིང་(བརྗོད་བྱ་ལ་མི་བལྟ་བར)ཡི་གེར་(ཏེ་ཚིག་ཙམ་ལ)རྟེན(པ་སྟེ་རྟོན་པའོ)། །(ཐ་མ་འདི་ཆོས་སྨྲ་བ་ལ་ཁྱད་དུ་གསོད་པའི་ཉེས་བྱས་ཡིན) (ཕར་ཕྱིན་དྲུག་པོ་སྤྱིའམ་སེམས་དོན་བྱེད་དང་འགལ་བ་བཅུ་གཉིས་ནི) ༣༥ (སེམས་ཅན་དོན་བྱེད་དང་འགལ་བ་ལ) (དོན་མི་སྒྲུབ་པ་ནི) (གཞན་ལ)དགོས་པའི་(དུས་སུ) གྲོགས་སུ་འགྲོ་མི་བྱེད(དེ་མི་འགྲོ་བའམ་དོན་མི་བྱེད་པའོ། །དེས་ན་གཞན་ལ་ཕན་གྲོགས་མི་བྱེད་པའོ)། །༣༦ (སྡུག་བསྔལ་གྱི་བྱེ་བྲག་མི་སེལ་བ་ནི) ནད་པའི་(ནད་གཡོག་ལ་སོགས་པའི)རིམ་གྲོ་(སྟེ་གཡོག)བྱ་བ་སྤོང་(བ་སྟེ་མི་བྱ་བའོ)། །༣༧ (སྡུག་བསྔལ་སྤྱི་མི་སེལ་བ་ནི) སྡུག་བསྔལ་སེལ་བར་མི་བྱེད་པ། །༣༨ (སྡུག་བསྔལ་གྱི་རྒྱུ་མི་སེལ་བ་ནི) (འདི་དང་ཕྱི་མར་གནོད་པའི)བག་མེད་པ་ལ་(ཞུགས་པ་ལ)རིགས་(པ་དང་འཚམ་པའམ་སྐྱོན་མེད་པའི་ཐབས་ཚུལ་ལམ་བསླབ་བྱ)མི་སྟོན(པའོ)། །༣༩ (ཕན་བཏགས་པ་ལ་ལོག་པར་སྒྲུབ་པ་ནི) (གཞན་གྱིས་ཕན་ཐོགས)བྱས་(པ)ལ་ལན་དུ་ཕན་མི་འདོགས། །༤༠ (ཡིད་མི་བདེ་བ་ལ་ལོག་པར་སྒྲུབ་པ་ནི) གཞན་གྱི་མྱ་ངན་(ནམ་སྡུག་བསྔལ་མནར་སེམས་ཀྱིས)སེལ་(བའམ་བསང་བར)མི་བྱེད། །༤༡ (བཀྲེན་པ་ལ་ལོག་པར་སྒྲུབ་པ་ནི) ནོར་འདོད་པ་(སྤྲང་པོ་སོགས)ལ་སྦྱིན་མི་བྱེད། །༤༢ (རང་གི་འཁོར་ལ་ལོག་པར་སྒྲུབ་པ་ནི) འཁོར་རྣམས་ཀྱི་ནི་དོན་མི་བྱེད། །(འདི་ཡན་ཆད་ཆོས་དང་ཟང་ཟིང་གིས་བསྡུ་ཚུལ་རྒྱས་པར་བཤད་ཟིན་ཏོ) ༤༣ (མཐུན་པར་བྱ་བ་ལ་ལོག་པར་སྒྲུབ་པ་ནི)གཞན་གྱི་བློ་(འམ་སེམས)དང་མཐུན་(པར)མི་འཇུག །༤༤ (ཡོན་ཏན་ཅན་ལ་ལོག་པར་སྒྲུབ་པ་ནི) (ཡང་དག་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་ལ་སོགས་པའི)ཡོན་ཏན་(གྱི)བསྔགས་པ་སྨྲ་(བར)མི་བྱེད། །༤༥ (ཆོས་མིན་སྤྱོད་པ་དབང་དུ་མི་བྱ་བ་ནི) རྐྱེན་དང་འཚམས་པར་(རྐྱེན་དང་འཚམ་པ་ཞེས་པ་ནི་སྨ་འབེབས་པར་འོས་པ་རྣམས་ལ་སྨ་འབེབས། ཆད་པས་གཅོད་པར་འོས་པ་རྣམས་ལ་ཆད་པས་གཅོད། གནས་ནས་བསྐྲད་པར་འོས་པ་རྣམས་ལ་གནས་ནས་སྐྲོད་པ་ལ་ཟེར་ལ། དེ་འདྲ་མི་བྱེད་པ་ནི) ཚར་མི་གཅོད(པའོ)། །༤༦ (བསྟན་པ་ལ་འགྲས་པ་སོགས་དབང་དུ་མི་བྱེད་པ་ནི) (རང་ཉིད)རྫུ་འཕྲུལ་(དང་ལྡན་ཞིང་སྐྱེས་བུ་མ་རུངས་པ་བསྡིགས་པར་རིགས་པ་རྣམས་ལ)བསྡིགས་(པ)ལ་སོགས་མི་བྱེད། །(ཉེས་བྱས་བཅུ་གཉིས་པོ་དེ་དག་ནི་སེམས་ཅན་དོན་བྱེད་དང་འགལ་བའི་ཉེས་བྱས་ཡིན) སྙིང་བརྩེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་སོ། །