3087

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀྱིལ་འཁོར་བདུན
Tibetan Definition སློབ་མ་གང་དུ་དབང་བསྐུར་སའི་དཀྱིལ་འཁོར་ལ་སྤྱིར་བདུན་ཡོད་དེ། ༡ རྡུལ་ཚོན་གྱི་དཀྱིལ་འཁོར། ༢ རས་བྲིས་ཀྱི་དཀྱིལ་འཁོར། ༣ ལུས་དཀྱིལ། ༤ བསམ་གཏན་གྱི་དཀྱིལ་འཁོར། ༥ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར། ༦ བྷ་གའི་དཀྱིལ་འཁོར། ༧ དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དང་བདུན་ནོ། །རྗེའི་སྔགས་རིམ་ཆེན་མོ་ལས། བྲིས་སྐུ་དང་རྡུལ་ཚོན་དང་ལུས་ཀྱི་དཀྱིལ་འཁོར་གསུམ་གསུངས་སོ། །གདུལ་བྱའི་ཁྱད་པར་འགའ་ཞིག་ལ་བསམ་གཏན་གྱི་དཀྱིལ་འཁོར་ཡང་གསུངས་པས་དཀྱིལ་འཁོར་དུ་གཞུག་པའི་སྐབས་ཀྱི་དཀྱིལ་འཁོར་ལ་སྤྱིར་ནི་བཞི་ཡོད་དོ། །བྱང་ཆུབ་སེམས་ལ་དོན་དམ་དང་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཉིས་དང༌། བྷ་གའི་དཀྱིལ་འཁོར་གསུམ་དུ་དབང་བསྐུར་བ་གསུངས་པ་ནི་དབང་གོང་མ་གསུམ་གྱི་སྐབས་ཡིན་གྱི། ཆུ་ལ་སོགས་པའི་དབང་གི་སྔོན་དུ་དཀྱིལ་འཁོར་དུ་འཇུག་པའི་དཀྱིལ་འཁོར་མིན་ནོ། །དེ་ལ་ལུས་དཀྱིལ་དུ་དབང་བྱེད་པ་ནི་སྔོན་དུ་དབང་མ་ཐོབ་པ་ལ་བསྐུར་དུ་མི་རུང་ལ། བསམ་གཏན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡང་སློབ་དཔོན་དང་སློང་མ་མཚན་ཉིད་ཁྱད་པར་བ་དང་ལྡན་པ་ཞིག་དགོས་པས་སྤྱིའི་དབང་དུ་བྱས་པ་མིན་ཏེ་འཆད་པར་འགྱུར་རོ། །ཞེས་གསུངས་སོ། །