3173

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བསྙེན
Tibetan Definition (འདུལ་བ) སློབ་དཔོན་མ་མཐར་ཡང་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པ་ཞིག་གི་དྲུང་དུ་སྐྱབས་སུ་འགྲོ་བས། རྩ་བཞི་ཆང་དང་བཅས་པའི་སྤང་བྱ་ལྔ་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་བླངས་པའི་ཁྱིམ་པ་ལ་ཟེར། འདི་གོ་བ་གཙོ་བོར་བྱས་ནས་བཞག་པ་ཡིན། མཚོ་ཊཱིཀ་ལས་འདི་ཡོངས་རྫོགས་དགེ་བསྙེན་གྱི་ངོ་བོར་བཞག་ཡོད། སྤང་བྱ་ལྔ་ནི། སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་པར་གཡེམ་པ། བརྫུན་དུ་སྨྲ་བ། ཆང་འཐུང་བ་དང་ལྔའོ། །མཛོད་རང་འགྲེལ་ལྟར་རོ། །སྒྲ་བཤད་ནི། ལེགས་སྦྱར་དུ་ཨུ་པ་སི་ཀ་ཞེས་པ་སྟེ། ཨུ་པ་ཉེ་བའམ་བསྙེན་པ་ཡིན་ལ། སི་ཀ་ནི་དགེ་བ་ཡིན་པས་དགེ་བསྙེན་ཞེས་བྱ་སྟེ། དགེ་བའི་ཆོས་ལ་བསྙེན་བཀུར་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་མཚོ་ཊཱིཀ་ལས་གསུངས་པ་ལྟར་རོ། །དབྱེ་ན། ༡ སྐྱབས་འགྲོའི་དགེ་བསྙེན། ༢ སྣ་གཅིག་སྤྱོད་པ། ༣ སྣ་འགའ་སྤྱོད་པ། (མཚོ་ཊཱིཀ་ལས་འདི་ལ། ཕྱོགས་གཅིག་སྤྱོད་པའི་དགེ་བསྙེན་ཞེས་ཐ་སྙད་བྱེད་དོ)༤ ཕལ་ཆེར་སྤྱོད་པ། ༥ ཡོངས་རྫོགས་སྤྱོད་པ། (མིང་ཆེན་གྱིས་ཞུས་པའི་མདོ་དང་། མཛོད་འགྲེལ་ལས་ལྔ་གསུངས་སོ) ༦ ཚངས་སྤྱོད་དགེ་བསྙེན་དང་དྲུག་གོ། རྗེའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས་དགེ་བསྙེན་དྲུག་ཏུ་གསུངས་ཏེ། སྣ་གཅིག་སྣ་འགའ་ཕལ་ཆེར་སྤྱོད། །ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་། །སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག ཅེས་གསུངས་པ་ལྟར་རོ། །༧ གོ་མི་དགེ་བསྙེན། མཚོ་ཊཱིཀ་ལས། དེའི་སྟེང་དུ་གོ་མིའི་དགེ་བསྙེན་བསྣན་ཏེ་བདུན་དུ་གསུངས་ཀྱང་། དེ་ནི་བསྙེན་གནས་ཡིན་པས་དགེ་བསྙེན་དུ་བཏགས་པ་ཙམ་ཡིན་པར་གསུངས་སོ། །འོ་ན་དགེ་བསྙེན་བདུན་པོ་དེ་དག་ལས་མཚན་ཉིད་ཇི་ཙམ་ཡོད་ཅེ་ན། མཚོ་ཊཱིཀ་ལྟར་ན། ལྔ་པ་ཡོངས་རྫོགས་དགེ་བསྙེན་དང་། དྲུག་པ་ཚངས་སྤྱོད་དགེ་བསྙེན་གཉིས་དགེ་བསྙེན་མཚན་ཉིད་པ་ཡིན་ཞིང་། གཞན་ལྔ་པོ་རྣམས་དགེ་བསྙེན་བཏགས་པ་བར་གསུངས་ཏེ། མཚོ་ཊཱིཀ་ལས། དེ་ལྟར་ན་ཉན་ཐོས་ཀྱི་གྲུབ་མཐའ་ཙམ་ལ་ལྟོས་ནས་དགེ་བསྙེན་བདུན་ཡིན་ལ། ཁྱད་པར་དུ་ཁ་ཆེ་བྱེ་བྲག་ཏུ་སྨྲ་པའི་ལུགས་ཀྱི་དགེ་བསྙེན་མཚན་ཉིད་པ་ནི་ལྔ་པ་དང་དྲུག་པ་སྟེ། དགེ་བསྙེན་དེ་གཉིས་ཁོ་ན་ཡིན་ལ། ཞེས་གསུངས་སོ། །འོན་ཀྱང་སེར་བྱེས་བྱ་སྡོམ་ལས། ཡོངས་རྫོགས་ཚངས་སྤྱོད་གོ་མི་དགེ་བསྙེན་དངོས། །སྣ་གཅིག་སྤྱོད་སོགས་དགེ་བསྙེན་བཏགས་པ་བ། །ཞེས་གོ་མི་དགེ་བསྙེན་དགེ་བསྙེན་མཚན་ཉིད་པར་གསུངས་པས་དཔྱད་པར་འོས་སོ། །མདོར་བསྡུས་ན། མིང་ཆེན་གྱི་མདོ་དང་། མཛོད་རང་འགྲེལ་ལས་དགེ་བསྙེན་ལྔ། རྗེ་ཙོང་ཁ་པ་ཆེན་པོས་དགེ་བསྙེན་དྲུག མཚོ་ཊཱིཀ་ལས་བདུན་བཤད་དོ། །དགེ་བསྙེན་བདུན་པོ་སོ་སོའི་མཚན་ཉིད་རང་རང་གི་ཐད་དུ་གཟིགས་པར་བྱའོ། །དོགས་གཅོད། སོ་ཐར་གྱི་སྡོམ་པ་ཐོབ་པ་ལ་ངེས་པ་ལྔ་བྲལ་དགོས་ལ། སྣ་གཅིག་སྤྱོད་པ་ལ་སོགས་པའི་དགེ་བསྙེན་འདི་དག་ནི་ཡན་ལག་ངེས་པ་ཡིན་པས། དེ་ལ་སྐྱོན་སྤོང་ཇི་ལྟར་བྱེད་ཅེ་ན། མཚོ་ཊཱིཀ་ལས། སྣ་གཅིག་སྤྱོད་པ་ལ་སོགས་པ་གསུམ་པོ་དེ་དག་ནི་བྱེ་བྲག་སྨྲ་བ་ལྟར་ན། དང་པོ་ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་སྡོམ་པ་བླངས་ནས་བར་དུ་ཉམས་ཏེ་སྣ་གཅིག་བསྲུང་བའམ་ཕལ་ཆེར་བསྲུང་བ་ཡིན་གྱི་ལེན་པའི་ཚེ་ཉིད་ན་སྣ་གཅིག་བསྲུང་བ་ལ་སོགས་པ་བླངས་ན་ཡན་ལག་ངེས་པའི་ཕྱིར་སྡོམ་པ་མི་སྐྱེ་སྟེ། བར་མའི་དགེ་བ་ཙམ་དུ་འདོད་དོ། །མདོ་སྡེ་པ་ལྟར་ན་ཡན་ལག་ངེས་པ་ལ་ཡང་སྡོམ་པ་སྐྱེ་བར་འདོད་ཅིང། ལེན་པའི་ཚེ་ཉིད་ནས་སྣ་གཅིག་བསྲུང་བ་ལ་སོགས་པ་བླངས་པས་སྣ་གཅིག་བསྲུང་བའམ་ཕལ་ཆེར་བསྲུང་བའི་སྡོམ་པ་ཐོབ་པར་འདོད་དོ། །ཞེས་གསུངས་སོ། ། (དགེ་བསྙེན་གྱི་སྡོམ་པ་འབོག་ཆོག) ནི། འོག་ནས་འབྱུང་བའི་ཀརྨ་ཤ་ཏཾ་གྱི་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་དེ་བཞིན་འདུལ་བ་ལུང་གཞི་གླེགས་བམ་༼ ཀ་པ ༽༤༩ན༣ནའང་ཚིག་རིས་ཇི་བཞིན་འབྱུང་ངོ་། །ཀརྨ་ཤ་ཏཾ་སྡེ་དགེ་བསྟན་འགྱུར་འདུལ་བ་གླེགས་བམ་༼ ཝུ་པ ༽༡༠༡བ༥ལས། གསུམ་ལ་སྐྱབས་སུ་འགྲོ་བ་དང་། དགེ་བསྙེན་ཉིད་དུ་ཁས་བླངས་པས་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་བྱའོ། །འདི་ལྟར་སྦྱིན་པར་བྱ་སྟེ། དང་པོ་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། དེའི་འོག་ཏུ་སློབ་དཔོན་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་དེས་འདི་སྐད་བརྗོད་པར་བྱ་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་སློབ་དཔོན་གྱིས་ཞེས་བརྗོད་པར་བྱའོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་བསྙེན་གི་སྡོམ་པ་སྦྱིན་པའོ། །དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱའོ། །འདི་ལྟར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡང་དག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་ག་རྫོགས་སོ། །ཞེས་གསུངས་སོ། །གོང་གི་ཀརྨ་ཤ་ཏཾ་གྱི་དགེ་བསྙེན་བསྒྲུབ་པའི་ཆོ་གའི་ཚིག་དེ་དག་འདུལ་བ་ལུང་གཞི་ནས་བླངས་པ་ཡིན་ནོ། །