3220

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི
Tibetan Definition (འདུལ་བ) དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་ནི། མི་ཚངས་སྤྱོད་སོགས་ཕམ་པ་བརྒྱད་དང༌། སྨྱན་བྱེད་པ་སོགས་ལྷག་མ་ཉི་ཤུ་དང༌། འཆང་བ་སོགས་སྤང་བའི་ལྟུང་བྱེད་སུམ་ཅུ་རྩ་གསུམ་དང༌། རྫུན་སྨྲ་བ་སོགས་ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ་དང༌། གཞན་གྱི་ཁྱིམ་ནས་འོ་མ་བསླངས་ཏེ་འཐུང་བ་སོགས་སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང༌། ཤམ་ཐབས་ཟླུམ་པོར་མི་བགོ་བ་སོགས་ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ལྟུང་བ་སུམ་བརྒྱ་དང་དྲུག་ཅུ་རྩ་བཞིའོ། །རྗེའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། ཕམ་བརྒྱད་ལྷག་མ་ཉི་ཤུ་དང༌། །སྤང་བའི་ལྟུང་བྱེད་སུམ་ཅུ་གསུམ། །ལྟུང་བྱེད་འབའ་ཞིག་བརྒྱ་བརྒྱད་ཅུ། །སོ་སོར་བཤགས་པ་བཅུ་གཅིག་དང༌། །ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། །སུམ་བརྒྱ་དྲུག་ཅུ་རྩ་བཞི་རྣམས། །སྤོང་བར་བྱེད་པ་དགེ་སློང་མ། ཞེས་གསུངས་པ་ལྟར་རོ། ། (དགེ་སློང་མའི་ཕམ་པ་བརྒྱད་ནི) དགེ་སློང་མའི་སོ་སོར་ཐར་པའི་མདོ་༼ ཏ ༽༣བ༣ལས། སྡོམ་ལ། མི་ཚངས་སྤྱོད་དང་རྐུ་བ་དང་། །མི་གསོད་བརྫུན་དུ་སྨྲ་བ་དང་། །ས་གའི་བུ་དང་སྤོས་འཚོང་ཁྱེའུ། །མཛའ་མོ་དང་ནི་གྲེ་སྐྱེས་པའོ། །ཞེས་གསུངས། (དགེ་སློང་མའི་ལྷག་མ་ཉི་ཤུ་ནི) སྨྱན་བྱེད་པ་དང་གཞི་མེད་དང་། །གསུམ་པ་བག་ཙམ་ཆ་ལས་ལེན། །བཞི་པ་ཅི་ཡང་རུང་བར་བྱ། །ལྔ་པ་ཆགས་པ་མེད་པ་སྟེ། །མཚན་མོ་ཉིན་མོ་ལམ་འགྲོ་དང་། །ཆུ་ཀླུང་ཕ་རོལ་ཡིད་མཐུན་ནོ། །ཤི་བའི་ནོར་རྫས་ལེན་པ་དང་། །དགེ་སློང་མ་ལ་བཟོད་བྱེད་དང་། །སྤོང་དང་འཐབ་ཀྲོལ་བྱེད་པ་དང་། །སྟེན་དང་སྟེན་དུ་འཇུག་པ་དང་། །དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །སུན་འབྱིན་བཀའ་བློ་མི་བདེ་བའོ། ། (དགེ་སློང་མའི་སྤང་ལྟུང་སུམ་ཅུ་རྩ་གསུམ་ནི) འཆང་བ་འབྲལ་བ་འཇོག་པ་དང་། །འཁྲུ་བ་དང་ནི་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །གསེར་དངུལ་མངོན་ཚན་ཉོ་ཚོང་དང་། །ཚོལ་དང་འཐག་པ་བསྐྱེད་པ་དང་། །བྱིན་ཕྲོགས་བསྔོས་དང་གསོག་འཇོག་དང་། །འཆང་དང་བྱིན་གྱིས་མི་རློབ་པའོ། །འབྱིན་དང་མི་འབྱིན་སློང་བ་དང་། །གོས་དང་གོས་རྒྱུ་མལ་ཆ་རྒྱུ། །དབྱར་ཁང་རྒྱུ་དང་སྐྱེ་བོ་དང་། །དགེ་འདུན་བཅིངས་བཀྲོལ་ལྕི་ཡང་ངོ་། །སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་དང་འཆང་དང་རྟ་དང་དགོན། །རས་ཆེན་མ་གཏོགས་ལྷག་མ་ཡིན། ། (ལྟུང་བྱེད་འབའ་ཞིག་བརྒྱ་བརྒྱད་ཅུ་ནི) (བཅུ་ཚན་དང་པོ) བརྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་སྟོན་པ་དང་། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། ། (བཅུ་ཚན་གཉིས་པ) ས་བོན་འཕྱ་བ་བསྒོ་བ་དང་། །ཁྲི་དང་གདིང་དང་ཕྱིས་གནོན་དང་། །འབྱུང་བ་དང་ནི་འདེབས་པ་དང་། །རིམ་པ་གཉིས་སུ་རྩིག་པའོ། ། (བཅུ་ཚན་གསུམ་པ) འདུག་གནས་གཅིག་དང་ཕྱེ་དང་ནི། །བཅའ་བ་དང་ནི་སྟོབས་པ་དང་། །འདུས་པ་དང་ནི་དུས་མིན་དང་། །གསོག་འཇོག་དང་ནི་ཁ་ནས་མིད། ། (བཅུ་ཚན་བཞི་པ) སྲོག་ཆགས་བཅས་དང་གཅེར་བུ་དང་། །དམག་ལ་ལྟ་དང་ཞག་གཉིས་དང་། །བཤམས་པ་འཁྲུག་དང་རྡེག་པ་དང་། །གཟས་པ་དང་ནི་གནས་ངན་ལེན། ། (བཅུ་ཚན་ལྔ་པ) བདེ་དང་མེ་དང་འདུན་པ་དང་། །བསྙེན་པར་མ་རྫོགས་ཆོས་དང་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། ། (བཅུ་ཚན་དྲུག་པ) དུད་འགྲོ་འགྱོད་པ་སོར་མོ་དང་། །རྩེ་དང་ལྷན་ཅིག་སྔངས་བྱེད་དང་། །སྦེད་པ་དང་ནི་གཞི་མེད་དང་། །བུད་མེད་མེད་པར་ལམ་འགྲོ་བའོ། ། (བཅུ་ཚན་བདུན་པ) ཟས་བཅས་སྐྱ་རེངས་ད་གདོད་དང་། །ཁབ་རལ་དང་ནི་ཁྲི་རྐང་དང་། །བདལ་དང་གདིང་དང་གཡན་པ་དང་། །བདེ་བར་གཤེགས་པའི་ཆོས་གོས་སོ། ། (བཅུ་ཚན་བརྒྱད་པ) མ་ལོན་དང་འཁོར་དང་འཁོར་མང་པོ། །བཅུ་གཉིས་ཉི་ཤུ་ཁྱིམ་སོ་གཉིས། །མ་བསླབས་པ་དང་བསླབས་པ་དང་། །ཆོས་འཚོང་སྡེ་ཚན་བསྡུས་པ་ཡིན། ། (བཅུ་ཚན་དགུ་པ) འདྲིད་དང་ལོ་རེ་མ་གནང་དང་། །འཁྲུལ་སྦྲུམ་མྱ་ངན་རྩ་བཀྲོལ་དང་། །ཕན་མི་འདོགས་དང་མི་འདྲེན་དང་། །བསླབ་པ་དག་ལ་མི་སློབ་པའོ། ། (བཅུ་ཚན་བཅུ་པ) ནད་གཡོག་རྒྱ་སྐྱེགས་སོར་མོ་དང་། །ཐལ་མོ་སྤུ་དང་དབེན་གཉིས་དང་། །བླ་གབ་མེད་པ་གཉིས་དང་ནི། །རྣ་བར་བཤུབ་ཅིང་སྨྲ་བའོ། ། (བཅུ་ཚན་བཅུ་གཅིག་པ) ཉན་དང་དགེ་སློང་རྣམ་གཉིས་དང་། །རིག་པ་གཉིས་དང་རྨ་འགྲོལ་དང་། །བུ་དང་ཁྱིམ་དང་མ་བརྟགས་དང་། །མཚན་མོ་གཅིག་པུ་ཉལ་བའོ། ། (བཅུ་ཚན་བཅུ་གཉིས་པ) ཁྲི་གཅིག་ལ་ནི་ཉལ་བ་དང་། །དྲིལ་ཕྱི་བྱེད་པ་རྣམ་ལྔ་དང་། །བཀྲུ་བཤལ་བྱེད་དང་དྲི་ཞིམ་དང་། །འབྲུ་མར་དང་ནི་ཆུ་ཁྲུས་སོ། ། (བཅུ་ཚན་བཅུ་གསུམ་པ) པུ་ཤེལ་ཙི་དང་སོ་མངས་དང་། །སྨིག་ཤད་གསུམ་དང་སྐྲ་བརྙན་དང་། །རྒྱན་དང་བྲོ་རྡུང་གླུ་ལེན་དང་། །རོལ་མོ་བྱེད་དང་གདུགས་ཐོགས་པའོ། ། (བཅུ་ཚན་བཅུ་བཞི་པ) མཆིལ་ལྷམ་ཁྲིའུ་ཕྱིས་གནོན་དང་། །སྟན་དང་སྐུད་པ་ཁྱིམ་ལས་དང་། །རྗེན་པ་འཚོད་དང་གོས་དང་ནི། །ཟས་འཚོང་བ་དང་ལྟོ་འདུན་ནོ། ། (བཅུ་ཚན་བཅོ་ལྔ་པ) སྒོག་སྐྱ་སྨེ་གབ་ཆུ་གོས་དང་། །འཁྲུར་འཇུག་པ་དང་དགེ་སྦྱོང་གོས། །རྗེ་དང་བསྔགས་པ་ཁྱིམ་དང་ནི། །གནས་དང་རྙེད་པའི་སེར་སྣའོ། ། (བཅུ་ཚན་བཅུ་དྲུག་པ) ཆོས་དང་སྐྲོད་པ་རྣམ་གཉིས་དང་། །གླེང་དང་མནའ་འདོར་རྡེག་པ་དང་། །བརྙས་ཐབས་སྤྱོད་དང་ཆུ་འཐོར་དང་། །འཁྲུག་ལོང་ཡལ་བར་འདོར་བའོ། ། (བཅུ་ཚན་བཅུ་བདུན་པ) འདུན་པ་གདམས་ངག་དབྱར་གནས་དང་། །དགག་དབྱེ་གསོ་སྦྱོང་སྲ་བརྐྱང་དང་། །དབྱུང་དང་གོས་འགྱེད་དབྱར་ཁང་དང་། །དབྱར་གྱི་ནང་དུ་ལྗོངས་རྒྱུ་བའོ། ། (བཅུ་ཚན་བཅོ་བརྒྱད་པ) མི་འགྲོ་དོགས་པ་མི་མཐུན་དང་། །འཐབ་ཀྲོལ་བྱེད་དང་འདྲི་བ་དང་། །གཅིག་པུ་སྔོ་དང་མ་བལྟས་པའི། །སྡེ་ཚན་ཐ་མར་བྱས་པ་ཡིན། །བར་སྡོམ་ལ། ཐུན་མོང་མིན་པ་བརྒྱ་རྩ་བརྒྱད། །དགེ་སློང་ཐུན་མོང་བདུན་བཅུ་གཉིས། །བརྒྱ་དང་བརྒྱད་བཅུར་གནས་པ་དག །ལྟུང་བྱེད་འབའ་ཞིག་གྱུར་པ་ཡིན། །སྐྲོད་དང་མ་བསྐོས་ཉི་ནུབ་དང་། །ཟས་དང་ཆོས་གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །སྦྱོར་བཅུག་ཡང་ཡང་བསོད་པ་དང་། །ཉལ་སར་འདུག་དང་འགྲེང་བ་དང་། །གདེང་མེད་ཉི་ཤུ་མ་ལོན་དང་། །རས་ཆེན་ལྟུང་བ་བཅོ་བརྒྱད་པོ། །བཀོལ་བའི་ལྷག་མ་འདིར་འདོད་དོ། ། (སོར་བཤགས་བཅུ་གཅིག་ནི) འོ་མ་ཞོ་དང་མར་དང་ནི། །ཞུན་མར་འབྲུ་མར་སྦྲང་རྩི་དང་། །དབུ་བ་ཉ་ཤ་ཤ་དང་ནི། །ཤ་སྐམ་བསླབ་སྡོམ་བྱིན་པའོ། ། (ཉེས་བྱས་བརྒྱ་དང་བཅུ་གཉིས་ནི) ཉེས་བྱས་ཀྱི་སྡེ་ཚན་ལ་བརྒྱད་ལས་དང་པོ་གོས་བགོ་བ་ལས་གྱུར་པའི་སྡེ་ཚན་གྱི་སྡོམ་ནི། ཤམ་ཐབས་ལ་ནི་རྣམ་བརྒྱད་དང་། །སྟོད་གཡོགས་ལ་ནི་རྣམ་གསུམ་དང༌། །གཉིས་པ་ཁྱིམ་དུ་འགྲོ་བའི་སྡེ་ཚན་གྱི་སྡོམ་ནི། ཤིན་ཏུ་བསྡམས་ལ་སོགས་པ་དྲུག །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོད་ལ་སོགས་པ་རྣམ་པ་ལྔ། །འདུས་ལ་སོགས་པ་རྣམ་པ་ལྔ། །གསུམ་པ་ཁྱིམ་དུ་འདུག་པའི་སྡེ་ཚན་གྱི་སྡོམ་ནི། འདུག་པར་བྱ་བ་བརྒྱད་དག་དང༌། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ལྔ་པ་ཟས་བཟའ་བའི་སྡེ་ཚན་གྱི་སྡོམ་ནི། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་བལྡག་ལ་སོགས་པ་ལྔ། །དྲུག་པ་ལྷུང་བཟེད་དུ་སྤྱད་པའི་སྡེ་ཚན་གྱི་སྡོམ་ནི། འཕྱ་བ་ལ་སོགས་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །བདུན་པ་ཆོས་བསྟན་པའི་སྡེ་ཚན་གྱི་སྡོམ་ནི། འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་བཞོན་པ་ལྔ། །ལག་ན་མཁར་བ་ལ་སོགས་དྲུག །བརྒྱད་པ་སྒྲུབ་པའི་སྡེ་ཚན་གྱི་སྡོམ་ནི། ན་བ་རྣམ་པ་གསུམ་རྣམས་སོ། །མདོར་བསྡུས་ཏེ་བཤད་ན། ཕམ་པ་བརྒྱད། ༨ ལྷག་མ་ཉི་ཤུ། ༢༠ སྤང་ལྟུང་སུམ་ཅུ་རྩ་གསུམ། ༣༣ འབའ་ཞིག་བརྒྱ་དང་བརྒྱད་ཅུ། ༡༨༠ སོར་བཤགས་བཅུ་གཅིག ༡༡ ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ལྟུང་བ་སུམ་བརྒྱ་དང་དྲུག་ཅུ་རྩ་བཞིའོ། །