3574

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱངས་བཞི
Tibetan Definition ཨི། ཨུ། ཨེ། ཨོ་དང་བཞིའོ། །ཡང་ན། གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུའམ་གནའ་རུ་ད་བཞིའོ། །སུམ་ཅུ་པའི་རྩ་བར། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པ་འོ། །ཞེས་གསུངས་སོ། །༼ གི་གུ ༽ ( ི ) བོད་ཡིག་དབྱངས་བཞིའི་དང་པོ་ཨི་ཡིག་མཚོན་བྱེད་ཡིན། དབྱངས་ཀྱི་གོ་དོན་ནི། ང་རོའི་རྣམ་པ་ཅན་གྱི་ཆ་ནས་བཞག་པའི་ཡི་གེ་དེ། དབྱངས་ཀྱི་མཚན་ཉིད། གསེར་ཏོག་སུམ་འགྲེལ་༢༩ལས། གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲའི་གདངས་ཙམ་དང་ང་རོ་ཙམ་ཤས་ཆེ་བའི་ཆ་ནས་བཞག་པས། ཡི་གེ་གཞན་ལ་མ་ཞུགས་པར་རང་སྟོབས་ཀྱིས་བརྗོད་པ་གསལ་བར་མི་ནུས་པས་ན་འདིར་བསྟན་དབྱངས་རྐྱང་ཞེས་བྱའོ། །ཞེས་གསུངས་སོ། །སྒྲ་བཤད་ནི། དབྱིབས་གུག་གུག་ཡིན་པའི་ཆ་ནས་གི་གུ་ཞེས་བཏགས། འདི་ལ་ “གི་གུ” དང་ “གུ་གུ” “གུག་གུ” ཞེས་ཀྱང་བྲིས་པ་ཡོད། ༼ ཞབས་ཀྱུ ༽ ( ུ ) བོད་ཡིག་གི་དབྱངས་གཉིས་པ་ཨུ་ཡིག་མཚོན་བྱེད། དབྱིབས་ལྕགས་ཀྱུ་ལྟར་གུག་ནས་ཡོད་པའི་ཆ་ནས་ཞབས་ཀྱུ་ཟེར། སྒྲ་བཤད་ནི། ཞབས་ནི་རྐང་པ། ཀྱུ་ནི་ཀྱོག་ཀྱོག་གི་དོན་ནོ། །ཀྱུ་དང་། ཀྱོ། ཀྱོག་ཀྱོག་རྣམས་དོན་གཅིག དཔེར་ན་ལྕགས་ཀྱུའམ། ལྕགས་ཀྱོ་ཞེས་པ་ལྟ་བུའོ། །༼ འགྲེང་བུ ༽ ( ེ ) བོད་ཡིག་གི་དབྱངས་གསུམ་པ་ཨེ་ཡིག་མཚོན་བྱེད། དབྱིབས་འགྲེང་བའམ་ཀེ་རེར་ལངས་ནས་ཡོད་པའི་རྣམ་པར་ཡོད་པས། འགྲེང་བུའམ་འགྲེང་པོ་ཟེར། འགྲེང་པོ་ཞེས་བྲིས་པའང་ཡོད།༼ རྣ་རུ ༽ ( ོ ) བོད་ཡིག་གི་དབྱངས་བཞི་པ་ཨོ་ཡིག་མཚོན་བྱེད། འདི་ལ་ཡོངས་གྲགས་སུ་ “ན་རོ” ཞེས་འབྲི་བར་བྱེད་ཀྱང་ “རྣ་རུ” དང་ “གནའ་རུ” ཞེས་བྲིས་ན་བཟང་ངོ་། །རྣ་རུའམ་གནའ་རུ་ཞེས་པ་ནི། རི་དྭགས་གནའ་བའི་རྭ་ཅོ་དང་དབྱིབས་འདྲ་བས་ན་དེ་སྐད་ཅེས་བཏགས་པའོ། །དེ་ཡང་ “རྣ” ནི་གནའ་ཡི་འབྲི་ཚུལ་གཞན་ཡིན་ལ། “རུ” རྭ་ཅོའི་མིང་ངོ་། །དཔེར་ན་བ་གླང་གི་རྭ་ཅོ་ལ། གླང་རུ་ཞེས་པ་ལྟ་བུའོ། །བསྟན་དར་ལྷ་རམས་པས། དེ་བཞིན་དུ་དབྱངས་བཞིའི་ཐ་མ་ན་རོ་ཞེས་བྲིས་པ་ལས་གནའ་རུའམ་རྣ་རུ་ཞེས་བྲིས་ན་སྒྲ་བཤད་དང་ལྡན་ནོ། །ཞེས་གསུངས་སོ། །དབྱངས་ལ་བཞིར་གྲངས་ངེས་པའི་ཁུངས་ནི། སུམ་ཅུ་པའི་རྩ་བ་ལས། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཞེས་གསུངས་ཤིང་། སི་ཏུ་འགྲེལ་ཆེན་ལས་ཀྱང་། འདི་སྐབས་འགྲེལ་བྱེད་སྔ་མ་ཁ་ཅིག་གིས། ཨ་ཡིག་ཨཱ་ལིར་བགྲངས་པའི་ཨཱ་ལི་ལྔ་དང་ཀཱ་ལི་ཉེར་དགུར་འདོད་པ་བྱུང་མོད་ཀྱི་མཁན་པོའི་དགོངས་པ་མ་རྟོགས་པར་གཟུ་ལུམ་བྱས་པར་སྣང་སྟེ་རྩ་བ་ལས་དངོས་འགལ་དུ་སྨྲས་པའི་ཕྱིར། ཞེས་གསུངས་སོ། །ལེགས་བཤད་ལྗོན་དབང་ལས་ཀྱང་། །དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །ཞེས་གསུངས་པའི་ཕྱིར་རོ། །ས་པཎ་དང་དཔལ་ཁང་ལོ་ཙཱ་བ་སོགས་ཀྱིས་ཨ་ཡིག་བསྣན་ནས་དབྱངས་ལྔ་རུ་བཞེད་པའང་ཡོད་དེ། དེའི་སྐོར་གོང་དུ་དབྱངས་ལྔ་ཞེས་པའི་ཐད་དུ་གཟིགས།