3575

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱངས་ལྔ
Tibetan Definition ཨི། ཨུ། ཨེ། ཨོ། ཨ་དང་ལྔའོ། །ཐོན་མིས་སུམ་ཅུ་པའི་རྩ་བར་དབྱངས་བཞི་མ་གཏོགས་མ་གསུངས་ཀྱང་། ས་པཎ་སོགས་ཕྱིས་ཀྱི་མཁས་པ་མང་པོས་དབྱངས་ལ་ལྔ་རུ་བཞེད་དེ། དེ་ཡང་ས་པཎ་གྱིས་མཛད་པའི་མཁས་པའི་ཁ་རྒྱན་ལས། བོད་ཀྱི་དབང་དུ་མཛད་དེ་དབྱངས་རྣམས་ནི་ལྔའོ། །གསལ་བྱེད་རྣམས་ནི་ཉི་ཤུ་རྩ་དགུའོ། །ཞེས་དང་། (ཡང་ས་པཎ་གྱི་དག་པར་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ཞེས་པར། དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ཞེས་ཀྱང་གསུངས་པས། རང་ལུགས་གང་ཡིན་མ་ངེས་སོ) དེའི་རྗེས་སུ་འབྲངས་ནས་དཔལ་ཁང་ལོ་ཙཱ་བའི་དག་ཡིག་ངག་སྒྲོན་ལས། དབྱངས་ལྔ་ཡ་ར་ལ་ཝའི་འདོགས། ཞེས་འབྱུང་ཞིང་། ས་སྐྱ་ཨ་མྱེས་ཀྱི་མིག་དབང་རབ་གསལ་རྣམས་སུ་ཡང་། དེ་བཞིན་དུ་འབྱུང་བར། མཁས་དབང་ཚེ་ཏན་ཞབས་དྲུང་གིས་མཛད་པའི་སུམ་རྟགས་འགྲེལ་པ་ཐོན་མིའི་ཞལ་ལུང་ལས་གསུངས། །གཞན་ཡང་། བསྟན་དར་ལྷ་རམས་པའི་སུམ་རྟགས་འགྲེལ་པ་ལས། ཨ་ལ་དབྱངས་འཇུག་མེད་པས་ན། །གསལ་བྱེད་ཡིན་གྱི་ཨ་མ་གཏོགས། །ལྷག་མ་ཉི་ཤུ་རྩ་དགུ་ནི། །ཨ་ཡི་དབྱངས་ཀྱིས་བརྗོད་པའི་ཕྱིར། །ཨ་ཡང་དབྱངས་སུ་འདུ་བར་འདོད། །ཅེས་དང་། གསེར་ཏོག་སུམ་འགྲེལ་༣༢ལས། སྐབས་འདིར་བོད་ཀྱི་གསལ་བྱེད་སྲོག་མེད་དང་དེར་དབྱངས་ཞུགས་པ་ལ་སྲོག་ཏུ་ཞུགས་པའི་ཐ་སྙད་འདོགས་རྒྱུ་མེད་ཀྱང་། གསལ་བྱེད་ཉེར་དགུ་པོ་ལ་ཨ་དང་གུག་གུ་སོགས་གང་རུང་གི་གདངས་སམ་ང་རོ་ཡན་ལག་ཏུ་ངེས་པར་འཇུག་དགོས་པས་ན། དངོས་བསྟན་གྱི་དབྱངས་གུག་གུ་སོས་བཞི་དང་། གསལ་བྱེད་སུམ་ཅུར་ཨ་ཡིག་བཞག་པ་ནི་ཐ་མའི་གསལ་བྱེད་ཡིན་ཏེ། ཨའི་གདངས་ཞུགས་པས་ཀ་སོགས་འགྲུབ་པ་མཚོན་ཕྱིར་དུ་མཛད་པས་བོད་ཀྱི་དབྱངས་ཡིག་ལ་ལྔ་ཡོད་པར་འདོད་དགོས་སོ། །ཞེས་གསུངས་སོ། །འོན་ཀྱང་སུམ་ཅུ་པའི་རྩ་བར། ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པ་འོ། །ཞེས་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གསུངས་སོ། །སི་ཏུ་འགྲེལ་ཆེན་ལས་ཀྱང་། འདི་སྐབས་འགྲེལ་བྱེད་སྔ་མ་ཁ་ཅིག་གིས། ཨ་ཡིག་ཨཱ་ལིར་བགྲངས་པའི་ཨཱ་ལི་ལྔ་དང་ཀཱ་ལི་ཉེར་དགུར་འདོད་པ་བྱུང་མོད་ཀྱི་མཁན་པོའི་དགོངས་པ་མ་རྟོགས་པར་གཟུ་ལུམ་བྱས་པར་སྣང་སྟེ་རྩ་བ་ལས་དངོས་འགལ་དུ་སྨྲས་པའི་ཕྱིར། ཞེས་གསུངས་སོ། །རྩ་བར་དབྱངས་ལ་བཞིར་གསུངས་ལ། ས་པཎ་གྱིས་ལྔ་རུ་བཤད་པས། དེ་རྩ་འགལ་ཡིན་པས། བླུན་རྨོངས་འགས་སུམ་རྟགས་གཉིས་པོ་ས་པཎ་གྱིས་མཛད་ཟེར་བའི་མ་བརྟགས་བབ་ཅོལ་དུ་སྨྲ་བའི་ལོག་བཤད་ཀྱང་རང་ཤུགས་ཀྱིས་ཁེགས་སོ། །