3823

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་ཉིད་ཞེ་དགུ
Tibetan Definition དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་ཆིངས་དེ་ཉིད་ (དེ་ཉིད་ཅེས་པ་འདིར་གནས་ཚུལ་དང་སྐོར་ཞེས་པའི་དོན་ཡིན) ཞེ་དགུ་ནི། ༡ གང་དུ་བསྒོམ་པ་གནས་ཀྱི་དེ་ཉིད། ༢ རང་མི་བསྐྱོད་རྡོ་རྗེ་ཞེས་སོགས་བརྩེ་བ་སྙིང་རྗེ་ཆེན་པོའི་དེ་ཉིད། ༣ རང་ཉིད་ཞེ་སྡང་རྡོ་རྗེ་ཞེས་སོགས་བསྲུང་འཁོར་གྱི་གཙོ་བོ་བསྐྱེད་པའི་དེ་ཉིད། ༤ གཤིན་རྗེ་གཤེད་ཅེས་སོགས་བསྲུང་འཁོར་གྱི་འཁོར་ལོ་བསྐྱེད་པའི་དེ་ཉིད། ༥ འོག་གི་གནོད་མཛེས་ལ་བལྟས་པས་ཞེས་སོགས་ཕུར་བཏབ་ཀྱི་དེ་ཉིད། ༦ ཊཀྐི་ཧཱུྃ་ཛཿཞེས་སོགས་རྭ་གུར་གྱི་དེ་ཉིད། ༧ དངོས་པོ་མེད་པས་སྒོམ་པ་མེད་ཅེས་སོགས་ཡེ་ཤེས་ཀྱི་ས་བསྐྱེད་པའི་དེ་ཉིད། ༨ སྟོང་པའི་ངང་ལས་སྐད་ཅིག་གིས་ཞེས་སོགས་རྡོ་རྗེའི་ས་ཆ་བསྐྱེད་པའི་དེ་ཉིད། ༩ བྷྲུྃ་དཀར་པོ་ཞེས་སོགས་ལྷག་མོས་ཀྱི་གཞལ་ཡས་ཁང་བསྐྱེད་པའི་དེ་ཉིད། ༡༠ གདན་དེ་རྣམས་ཀྱི་དབུས་སུ་ཞེས་སོགས་ལྷག་མོས་ཀྱི་ལྷའི་འཁོར་ལོ་སྒོམ་པའི་དེ་ཉིད། ༡༡ རང་གི་ཐུགས་ཀའི་ཧཱུྃ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རྣམ་སྣང་ནས་ཞེས་སོགས་ལྷག་མོས་ལུས་ལ་བསྡུ་བའི་དེ་ཉིད། (གོང་གི་དེ་ཉིད་བཅུ་གཅིག་པོ་དེ་རྣམས་ལ་རྣལ་འབྱོར་གྱི་སྔོན་འགྲོའི་དེ་ཉིད་བཅུ་གཅིག་ཟེར། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་༦༣ན༣ན་གསལ་ལོ) ༡༢ གདན་དབུས་མའི་སྟེང་དུ་ཧཱུྃ་ལས་ཞེས་སོགས་ཉི་མ་སོགས་ལ་དམིགས་ཏེ་ལྡང་བའི་དེ་ཉིད། ༡༣ དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཞེས་སོགས་ཟླ་བ་ལས་བྱང་ཆུབ་པའི་དེ་ཉིད། ༡༤ དེ་ལས་འོད་ཟེར་འཕྲོས་སྣོད་བཅུད་ཅེས་སོགས་ཡེ་ཤེས་ཙམ་ལ་སྙོམས་པར་ཞུགས་པའི་དེ་ཉིད། ༡༥ ཟླ་བའི་སྟེང་དུ་ཆུ་ལས་ཞེས་སོགས་ས་བོན་ལས་བྱང་ཆུབ་པའི་དེ་ཉིད། ༡༦ དེ་ལས་འོད་འཕྲོས་རིགས་ལྔ་ཞེས་སོགས་ཕྱག་མཚན་ལས་བྱང་ཆུབ་པའི་དེ་ཉིད། ༡༧ རྡོ་རྗེ་ཡི་གེ་དང་ཞེས་སོགས་སྐུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད། ༡༨ རང་བཞིན་གྱི་གནས་ནས་ཞེས་སོགས་དང་པོའི་མགོན་པོ་སྤྲུལ་སྐུར་བསྒྱུར་བའི་དེ་ཉིད། ༡༩ ལུས་ཀྱི་མདུན་རྒྱབ་ཅེས་སོགས་ལུས་གཞལ་ཡས་ཁང་དུ་བསྒྱུར་བའི་དེ་ཉིད། ༢༠ སྤྱི་གཙུག་ནས་སྐྲ་མཚམས་ཞེས་སོགས་ཕུང་པོ་ལྔ་རིགས་ལྔར་སྒོམ་པའི་དེ་ཉིད། ༢༡ ལྟེ་བར་ཞེས་སོགས་ཁམས་བཞི་ཡུམ་བཞིར་སྒོམ་པའི་དེ་ཉིད། ༢༢ མིག་གཉིས་སུ་ཞེས་སོགས་མིག་སོགས་ས་སྙིང་སོགས་སུ་སྒོམ་པའི་དེ་ཉིད། ༢༣ མིག་གི་སྒོར་ཞེས་སོགས་ཡུལ་ལྔ་རྡོ་རྗེ་མ་ལྔར་སྒོམ་པའི་དེ་ཉིད། ༢༤ ལག་པ་གཡས་ལ་ཞེས་སོགས་ཡན་ལག་ཁྲོ་བོར་སྒོམ་པའི་དེ་ཉིད། ༢༥ རང་གི་སྤྱི་བོར་ༀ་ལས་ཞེས་སོགས་སྐུ་བྱིན་གྱིས་རློབ་པའི་དེ་ཉིད། ༢༦ མགྲིན་པར་ཨཱཿ ལས་ཞེས་སོགས་གསུང་བྱིན་གྱིས་རློབ་པའི་དེ་ཉིད། ༢༧ སྙིང་གར་ཧཱུྃ་ལས་ཞེས་སོགས་ཐུགས་བྱིན་གྱིས་རློབ་པའི་དེ་ཉིད། ༢༨ རང་ཉིད་དེ་བཞིན་གཤེགས་པ་ཞེས་སོགས་སྐུ་གསུང་ཐུགས་ཐུན་མོང་དུ་བྱིན་གྱིས་རློབ་པའི་དེ་ཉིད། ༢༩ རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་སྔོན་པོའི་ཞེས་སོགས་ཡེ་ཤེས་སེམས་དཔའ་ལ་དམིགས་པའི་དེ་ཉིད། ༣༠ དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་ཞེས་སོགས་ཏིང་ངེ་འཛིན་སེམས་དཔའ་ལ་དམིགས་པའི་དེ་ཉིད། ༣༡ རང་གི་ཐུགས་ཀ་ནས་རང་རིགས་ཀྱི་རིག་མ་ཞེས་སོགས་རིག་མ་འདུ་བྱ་བའི་དེ་ཉིད། ༣༢ རང་ཉིད་རིན་འབྱུང་དུ་གྱུར་ཞེས་སོགས་མཆོད་པའི་དེ་ཉིད། (འདི་ཡན་དེ་ཉིད་སོ་གཉིས་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ན) ༣༣ མི་བསྐྱོད་པ་རང་གི་ཐུགས་ཀར་དྲངས་ཞེས་སོགས་གཤེགས་པ་དབྱུང་བའི་དེ་ཉིད། ༣༤ སྤྱན་མ་རང་གི་ཐུགས་ཀར་དྲངས་ཞེས་སོགས་གཤེགས་མ་དབྱུང་བའི་དེ་ཉིད། ༣༥ གཟུགས་རྡོ་རྗེ་མ་ཞེས་སོགས་སེམས་མ་དབྱུང་བའི་དེ་ཉིད། ༣༦ བྱམས་པ་ཞེས་སོགས་སེམས་དཔའ་དབྱུང་བའི་དེ་ཉིད། ༣༧ གཤིན་རྗེ་གཤེད་ཅེས་སོགས་ཁྲོ་བོ་དབྱུང་བའི་དེ་ཉིད། (འདི་ཡན་གྱི་དེ་ཉིད་ལྔ་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ནོ) ༣༨ སྟེང་སྒོར་ཕྱག་མཚན་ཕྲ་མོ་སྒོམ་པའི་དེ་ཉིད། ༣༩ འོག་སྒོར་ཐིག་ལེ་ཕྲ་མོ་སྒོམ་པའི་དེ་ཉིད། ༤༠ ནང་ཡིད་ཀྱི་བཟླས་པའི་དེ་ཉིད། ༤༡ བཛྲ་དྷྲཀ་སོགས་ཕྱིའི་བཟླས་པའི་དེ་ཉིད། ༤༢ ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཞེས་སོགས་གཙོ་བོ་འོད་གསལ་དུ་ཞུགས་པའི་དེ་ཉིད། ༤༣ དེ་ནས་ཚད་མེད་པ་བཞིའི་ཞེས་སོགས་ཞུ་བ་གླུས་བསྐུལ་བའི་དེ་ཉིད། ༤༤ མི་བསྐྱོད་རྡོ་རྗེ་ཞེས་སོགས་མཆོད་བསྟོད་ཀྱི་དེ་ཉིད། ༤༥ རང་གི་ཐུགས་ཀའི་ཧཱུྃ་སྔོན་པོ་ཞེས་སོགས་དཀྱིལ་འཁོར་ཉེ་བར་བསྡུ་བའི་དེ་ཉིད། ༤༦ ཁ་ཟས་ཀྱི་དེ་ཉིད། ༤༧ ལུས་བརྟས་པའི་དེ་ཉིད། ༤༨ དངོས་གྲུབ་ཆུང་ངུ་བསྒྲུབ་པའི་དེ་ཉིད། ༤༩ དངོས་གྲུབ་འབྲིང་བསྒྲུབ་པའི་དེ་ཉིད་དེ་ཞེ་དགུའོ། །(འདི་ཡན་གྱི་དེ་ཉིད་བཅུ་གཉིས་ནི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ནོ)གསང་འདུས་བསྐྱེད་རིམ་རྗེ་ཡི་གསུང་བཞིན་ཟིན་བྲིས་བློ་གསལ་བུང་བའི་རེ་སྐོང་ལས་གསུངས་པ་ལྟར་བཀོད། དེ་ཉིད་ཞེ་དགུའི་རྣམ་གཞག་འདི་རྗེའི་གསུང་བྲིས་ལས་དེ་ལྟར་འབྱུང་ཡང་གསུང་དངོས་ལས་ནི་མི་འབྱུང་ཞེས་མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་སངས་རྒྱས་དཔལ་བའི་དྲིས་ལན་ལས་གསུངས་སོ། །དེ་ཉིད་ཞེ་དགུ་པོ་འདི་རྣམས་རྒྱུད་གང་ལས་བཤད་པ་ཡིན་ཞེ་ན། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་སངས་རྒྱས་དཔལ་བའི་དྲིས་ལན་༦༢ན་༤ལས། དེའི་ཕྱིར་ཐོག་མར་ལུགས་འདི་ལ་ངེས་པར་ཤེས་དགོས་པའི་དོན་འདི་བཤད་པར་བྱ་སྟེ། དེ་ལ་དེ་ཉིད་ཞེ་དགུའི་ཆིངས་འདི་གང་ལས་གསུངས་པའི་རྒྱུད་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ཡིན་ལ། དེ་ལས་ཇི་ལྟར་གསུངས་པ་ནི་རྒྱུད་དེ་ཉིད་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །རྣལ་འབྱོར་དབྱེ་བ་བཅོ་ལྔ་དང་། །བཅུ་བདུན་རྗེས་སུ་རྣལ་འབྱོར་སོགས། །དང་པོ་སྦྱོར་བ་བསྒོམ་པར་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག། རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །དེ་ཉིད་དབྱེ་བ་བཞི་བཅུ་དགུ །བསྐྱེད་པའི་རིམ་པ་བསྡུས་པའོ། །ཞེས་གསུངས་པ་འདི་ཡིན་ནོ། །དེའི་དོན་ནི་དང་པོ་སྦྱོར་བ་ལ་རྣལ་འབྱོར་བཞིར་བྱས་པའི་རྣལ་འབྱོར་ལ་དེ་ཉིད་བཅོ་ལྔ། རྗེས་སུ་རྣལ་འབྱོར་དང་སོགས་ཁོང་ནས་རྣལ་འབྱོར་ཆེན་པོ་སྟེ་གསུམ་ལ་དེ་ཉིད་བཅུ་བདུན། དཀྱིལ་འཁོར་རྒྱལ་མཆོག་གི་རྣལ་འབྱོར་ལ་དེ་ཉིད་ལྔ། ལས་རྒྱལ་མཆོག་གི་རྣལ་འབྱོར་ལ་དེ་ཉིད་བཅུ་གཉིས་ཏེ་རྣལ་འབྱོར་དྲུག་ལ་དེ་ཉིད་ཞེ་དགུར་ཕྱེ་བའོ། །ཞེས་སོགས་གསུངས་སོ།། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་སངས་རྒྱས་དཔལ་བའི་དྲིས་ལན་༦༠བ༦ལས། དེ་ལ་རེ་ཞིག་དང་པོར་ཁྱེད་ཀྱིས། དཔལ་གསང་བ་འདུས་པ་མི་བསྐྱོད་པའི་སྒྲུབ་ཐབས་ཀྱི་ཆིངས་དེ་ཉིད་ཞེ་དགུར་མཛད་པ་ལ། སྒྲུབ་ཐབས་ན་དེ་ཉིད་ཅེས་པའི་ཚིག་དངོས་སུ་སྨོས་པ་ཞེ་དགུ་ལས་ལྷག་འདུག་པའི་ནང་ནས་གང་མ་དག་པ་ཡིན་ཞེས་དཔྱོད་པ་ན། ཁ་ཅིག་གནས་ཀྱི་དེ་ཉིད་མ་ཐེ་བར་སྨྲ་བ་དང་། ཁ་ཅིག་རིག་མ་འདུ་བྱས་རྗེས་ཆགས་བྱས་པའི་མཇུག་མཆོད་པའི་དེ་ཉིད་དོ་ཞེས་པ་མ་དག་པར་སྨྲ་བར་འདུག་ན་འདི་ལ་ཇི་ལྟར་བསམ་པར་བྱ་ཞེས་དྲིས་པའི་ལན་ནི། དེ་ཉིད་ཞེ་དགུའི་རྣམ་གཞག་ནི་རྗེའི་གསུང་རབ་ཏུ་མི་གསལ་ཞིང་ (འདིའི་དོན་ནི་གསུང་དངོས་ལས་མི་འབྱུང་ཞེས་པའི་དོན་གྱི་གསུང་ཟིན་བྲིས་ལས་འབྱུང་བ་ནི་གོང་དུ་བཤད་པ་ལྟར་རོ) རྟོགས་དཀའ་བ་དང་གལ་ཆེ་བར་ཡོད་པས་ཅུང་ཟད་རྒྱས་པར་ཕྱེ་བའི་སྒོ་ནས་བཤད་པར་བྱའོ། །དེ་ཡང་སྒྲུབ་ཐབས་ན་དེ་ཉིད་དོ་ཞེས་དངོས་སུ་སྨོས་པ་རྣམས་ཀྱི་གནས་ཀྱི་དེ་ཉིད་མ་བགྲང་བའམ། ཆོས་པའི་དེ་ཉིད་ཅེས་པ་མ་དག་པར་སྨྲ་བའི་སྒོ་ནས་ལན་འདེབས་པ་གཉིས་ཀའང་བློ་གྲོས་ཤིན་ཏུ་རྩིང་བས་སྒྲུབ་ཐབས་ཀྱི་ཡི་གེ་ཙམ་ཡང་མ་བཀླགས་པར་ཚོད་འཇོག་གི་མུན་སྤྲུལ་བྱུང་རྒྱལ་དུ་སྨྲ་བ་སྟེ། སྒྲུབ་ཐབས་ན་དེ་ཉིད་དོ་ཞེས་དངོས་སུ་སྨོས་པ་ང་གཅིག་ཡོད་པ་ལ་ལྔ་བཅུ་ལས་མེད་པར་བཟུང་ནས་ཞེ་དགུའི་གྲངས་ལས་གཅིག་ལྷག་པ་དེ་ཇི་ལྟར་ཞེས་སྨྲ་བ་འབའ་ཞིག་ཏུ་སྣང་བའི་ཕྱིར་ཏེ། གཞན་དུ་ན་གནས་ཀྱི་དེ་ཉིད་མི་བགྲང་བར་སྨྲ་བ་དག་ལའང་དེ་ཙམ་དུ་མ་ཟད་ད་དུང་དེ་ཉིད་གཅིག་ལྷག་པོར་ཡོད་པ་ཇི་ལྟར་ཡིན་ཞེས་སྨྲ་དགོས་ལ། མཆོད་པའི་དེ་ཉིད་ཅེས་པ་མ་དག་པར་སྨྲ་བ་དག་གིས་ཀྱང་ད་དུང་དེ་ཉིད་ལྷག་པོ་གཅིག་ཡོད་པ་ཇི་ལྟར་ཡིན་སྨྲ་དགོས་པའི་ཕྱིར་རོ། །ཞེས་སོགས་དོགས་གཅོད་རྒྱས་པར་གསུངས་ཡོད་པས་དེར་གཟིགས་པར་ཞུ།