4326

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པདྨ་རཱ་ག
Tibetan Definition (ལེགས་སྦྱར) པདྨའི་མདོག་ཅན། རིན་ཆེན་དམར་པོ་ཡང་ཟེར་ཏེ། རིན་ཐང་ཆེ་བའི་རྡོ་རིགས་དམར་པོ་ཞིག སྒྲོལ་བསྟོད་འཕགས་སྒྲོལ་མ་ལས། པདྨ་རཱ་གའི་མདངས་ལྡན་འོད་དཔག་མེད། །མཉམ་གཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །འཆི་མེད་དངོས་གྲུབ་སྩོལ་བས་སྤྱི་བོར་བརྒྱན། །བདག་གི་འཆི་བདག་འཇོམས་པ་ཁྱོད་ལ་འདུད། །ཅེས་གསུངས་པ་ལྟར་རོ། །ཕྱི་རྒྱལ་བས་འདི་ལ་ Ruby རུ་བྷི་ཟེར། འདི་ལ་ལོ་རྒྱུས་སྙན་པོ་ཞིག་མར་ཀོ་པོ་ལོའིMarco Polo ལམ་ཡིག་༢༨༢ནང་གསལ་བ་འདི་ལྟར། ཤྲཱི་ལངྐའི་ Sri Lanka (Ceylon) གླིང་ཕྲན་འདི་ནི་མཛེས་སྡུག་ལྡན་པའི་པདྨ་རཱ་གའི་འབྱུང་ཁུངས་ཤིག་ཡིན་ལ། འཛམ་གླིང་གི་ས་གནས་གང་དུའང་མི་རྙེད་པའི་པདྨ་རཱ་ག་འདི་རུ་རྙེད་ཀྱི་ཡོད། གཞན་ཡང་ཨིནྡྲ་ནཱི་ལ་ Sapphire དང༌། སྤྲིན་རྡོ་ topazes ཞེས་པའི་རིན་པོ་ཆེ་དང༌། སྔོ་དམར་རམ་ལི་ཝང་གི་མདོག་ཅན་གྱི་ཕྱི་གསལ་ནང་གསལ་གྱི་རིན་པོ་ཆེའི་རྡོ་རིགས་ amethysts ཞེས་པ་དང༌། པད་རག་བརྫུས་མ་ garnets ཞེས་པ་སོགས་རིན་པོ་ཆེའི་རྡོ་རིགས་མང་པོ་རྙེད་ཀྱི་ཡོད། ཡུལ་དེའི་རྒྱལ་པོར་སྔོན་སུས་ཀྱང་མཐོང་མ་མྱོང་བའི་ངོ་མཚར་ཅན་གྱི་པདྨ་རཱ་ག་རིན་ཐུང་འདོམ་གང་ཙམ་ལ། སྦོམ་ཚད་མིའི་དཔུང་པ་ཙམ་པ། ཡོན་ཏན་བརྗོད་དུ་མེད་ཅིང༌། སྐྱོན་གྱི་ཆ་སྤུ་ཙམ་ཡང་མེད་པ་ཞིག་ཡོད་ལ། མཚན་མོ་དེ་ལ་མེ་འབར་བའི་མདངས་ཡང་ཡོད་ཅིང༌། འདིའི་རིན་ཐང་དངུལ་ཐོག་རྩ་བ་ནས་དབབ་ཏུ་མེད་པ་ཞིག་ཡོད་པ་རེད། སོག་པོའི་རྒྱལ་པོ་ཀུབ་ལའི་ཁཱན་ Kublai Khan (ཀུབ་ལའི་ཁཱན་ཞེས་པ་རྒྱ་ནག་དབང་སྒྱུར་བྱེད་མཁན་གྱི་སོག་པོའི་རྒྱལ་པོ་ཞིག འགྲོ་མགོན་ཆོས་རྒྱལ་འཕགས་པའི་མཆོད་ཡོན་སྦྱིན་བདག་དང་ཕྱིས་སློབ་མར་གྱུར་ནས་ནང་པར་ཞུགས། བོད་ཀྱི་ལོ་རྒྱུས་རྣམས་སུ་སེ་ཆེན་རྒྱལ་པོ་ཞེས་འབོད་པ་དེའོ) གྱིས་འདིའི་སྙན་པ་ཐོས་ནས་དེ་བདག་གིར་བྱེད་འདོད་ཀྱི་བརྣབ་སེམས་སྐྱེས་ཏེ། ཁོ་རང་གི་སྐུ་ཚབ་ཅིག་བརྫངས་ནས་པདྨ་རཱ་ག་འདི་ང་ལ་བཙོངས་ན་དེའི་རིན་འབབ་ཏུ་ངས་ཁྱེད་ལ་གྲོང་ཁྱེར་ཞིག་སྤྲད་ཆོག་ཅེས་སྤྲིངས་ཡིག་བསྐུར་བའི་ལན་དུ། རྒྱལ་པོས་འཇིག་རྟེན་གྱི་ཁམས་ཀྱི་རིན་པོ་ཆེ་ཡོངས་རྫོགས་ང་ལ་སྟེར་ནའང་ངས་མི་བཙོང༌། འདི་ཕ་མེས་ཀྱི་རྒྱལ་རབས་མང་པོ་ནས་བརྒྱུད་པའི་རིན་པོ་ཆེ་ཞིག་ཡིན་སྟབས་རང་གི་རྒྱལ་ཁབ་ཀྱི་ཕྱི་རོལ་ཏུ་ནམ་ཡང་གཏོང་གི་མ་རེད་ཅེས་ལན་འདེབས་བྱས་ཏེ། པདྨ་རཱ་ག་འདི་ཀུབ་ལའི་ཁཱན་ལ་བདག་གིར་བྱེད་རྒྱུ་མ་བྱུང་བ་རེད་ཅེས་ལོ་རྒྱུས་རྣམས་སུ་གསལ། ཡང Camillus Learardus ཞེས་པའི་བརྗོད་གསལ། འདིས་ནད་རིགས་སེལ། བསམ་ངན་དང་འདོད་རྔམ་ཞི། དུས་མིན་གྱི་འཆི་བ་འགོག་ཅིང༌། མི་མཐུན་པ་འདུམ་པར་བྱེད་པར་བཤད། འདིའི་ཐོག་མའི་ཐོན་སྐྱེད་འབྱུང་ཁུངས་ནི། ཤྲཱི་ལངྐ་ Sri Lanka (Ceylon) ཡིན། འདིའི་གཏེར་ཁ་སྔོག་འདོན་རཏྣ་པ་པཱུ་ར་Ratnapura ཞེས་པའི་ཉེ་འགྲམ་དུ་བདག་ཅག་གི་སྟོན་པ་ཞལ་བཞུགས་དུས་ནས་འགོ་ཚུགས་པའི་ཚོད་དཔག་བྱེད། འཛམ་གླིང་གི་པདྨ་རཱ་ག་སྙན་གྲགས་ཆེ་ཤོས་ནི་བྷར་མའི་Burma རྒྱལ་ཁབ་ཀྱི་གྲོང་ལྗོངས་ Mogok ནས་འཐོན་གྱི་ཡོད་པར་ཡང་བཤད། ཡང་མར་ཀོ་པོ་ལོའིMarco Polo ལམ་ཡིག་༢༩༧ལེའུ་༡༩པའི་ནང་རྡོ་རྗེ་ཕ་ལམ་གྱི་ལོ་རྒྱུས་སྙན་པོ་ཞིག་ཀྱང་ཡོད་པས་གཟིགས་པར་ཞུ།